དེང་དུས་འགའ་ཞིག་གིས། དགག་བྱ་ངོས་ཟིན་པའི་བློ་གྲུབ་མཐའ་འོག་མ་སེམས་ཙམ་པ་དང་རང་རྒྱུད་པ་སོགས་ཀྱི་རྒྱུད་ལ་ཡོད་ཟེར། དེ་ལྟར་ན་དེ་རྣམས་ཀྱིས་རང་གི་མཚན་ཉིད་ཀྱིས་གྲུབ་པ་དགག་བྱར་འདོད་པར་ཐལ། ཐལ་འགྱུར་པའི་ལུགས་ཀྱི་དགག་བྱ་ངོས་ཟིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། དེ་རྣམས་ཀྱིས་ཐལ་འགྱུར་བའི་འདོད་པ་ལྟར་གྱི་རང་མཚན་གྱིས་མེད་ན་ཡོད་པར་འཇོག་མི་ཤེས་པའི་ཕྱིར་ཏེ། གཞི་གྲུབ་ན་ཐལ་འགྱུར་བའི་འདོད་པ་ལྟར་གྱི་ཆོས་ཀྱི་བདག་ཏུ་གྲུབ་པས་ཁྱབ་པར་འདོད་པའི་ཕྱིར། དེས་ན་ཐལ་འགྱུར་བའི་འདོད་པ་ལྟར་གྱི་རང་མཚན་གྱིས་མེད་ན་འཁོར་འདས་ཀྱི་རྣམ་གཞག་གཏན་ནས་མི་འཐད་པར་འདོད་བཞིན་དུ་རང་མཚན་དགག་བྱར་ངོས་ཟིན་པ་ནི་སྔོན་མ་བྱུང་བའི་གཏམ་མོ།
གདགས་གཞི་རང་ངོས་ནས་ཡོད་པ་ལ་ལས་འབྲས་ཀྱི་རྣམ་གཞག་མི་འཐད་པ་དང༌། རང་ངོས་ནས་ཡོད་པར་འཛིན་པ་ཆགས་སོགས་ཉེས་པ་ཀུན་གྱི་རྩ་བ་ཡིན་པར་ཐེ་ཚོམ་ཙམ་ཡང་མེད་པར་གདགས་གཞི་རང་ངོས་ནས་མེད་ན་གཏན་ནས་མེད་པར་འགྱུར་སྙམ་པའི་གང་ཟག་གིས་རང་བཞིན་གྱིས་གྲུབ་པ་དགག་བྱ་ཡིན་པ་བློ་ཁ་ཙམ་ཡང་མ་ཕྱོགས་པས་རང་མཚན་དགག་བྱར་ངོས་ཟིན་པ་མེད་དེ། དཔེར་ན་ནོར་རྐུས་པའི་ལྷས་བྱིན་ལ་ནོར་རྐུས་པ་དོགས་པ་ཙམ་ཡང་མེད་པའི་མིས་ལྷས་བྱིན་རྐུན་མ་རུ་ངོས་ཟིན་པའི་གནས་མེད་པ་བཞིན་ནོ།གཉིས་པ་རང་ལུགས་ལ། རྟོག་པའི་དབང་གིས་བཞག་པ་མིན་པར་རང་གི་ངོ་བོའི་སྒོ་ནས་ཡུལ་གྱི་སྟེང་དུ་གྲུབ་པར་འཛིན་པ་བདེན་འཛིན་དང༌། དེའི་ཞེན་ཡུལ་ལ་བཏགས་པ་མཐའ་གཟུང་གི་དབང་དུ་བྱེད་ན་ཡུལ་གྱི་དགག་བྱ་དང་བདེན་ཚད་ཀྱང་ཡིན་ནོ།། འདི་ངོས་ཟིན་པར་བྱེད་པ་ལ། འདུས་བྱེད་ཀྱི་རྟེན་འབྲེལ་དང༌། ཆ་བཅས་ཀྱི་རྟེན་འབྲེལ་ལེགས་པར་ཁོང་དུ་ཆུད་ནས། རང་རེ་ལ་སྣང་བ་འདི་ཐོག་མ་མེད་པ་ནས་མ་རིག་པས་བསླད་པའི་སྣང་བ་ཙམ་ལས་སྣང་བ་ལྟར་དུ་གྲུབ་ན་གཞུང་ནས་གསུངས་པ་ལྟར་གྱི་གཅིག་དུ་བྲལ་དང་རྟེན་འབྱུང་གི་རིགས་པ་
སོགས་ཀྱིས་གནོད་པ་ཡོད་ལུགས་ཡིད་དཔྱོད་ཙམ་གྱིས་ངེས་ཤིང༌། སྣང་བ་ལྟར་དུ་མེད་པ་ཡིད་དཔྱོད་ཙམ་གྱིས་ངེས་པ་ན། དགག་བྱ་ངོས་ཟིན་པ་ཡིན་ལ། རང་རྒྱུད་པ་མན་ཆད་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་མ་གྲུབ་ན་མེད་པར་འདོད་པའི་ལོག་རྟོག་ཀུན་བཏགས་མ་དོར་བར་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་དགག་བྱར་ངོས་གཟུང་བ་མེད་དོ།
རང་གི་མཚན་ཉིད་ཀྱིས་གྲུབ་པ་དགག་བྱར་ངོས་མ་ཟིན་ཡང་ཐལ་འགྱུར་བའི་ལུགས་ཀྱི་དགག་བྱ་ངོས་ཟིན་པར་འདོད་པ་ནི་གྱི་ནའོ། གསུམ་པ་རྩོད་པ་སྤོང་བ་ནི། ཁ་ཅིག་ན་རེ། སྟོང་ཉིད་རྟོགས་པ་ལ་དགག་བྱ་ངོས་ཟིན་པ་སྔོན་དུ་འགྲོ་དགོས་པ་མི་འཐད་པར་ཐལ། ལམ་རིམ་ཆེན་མོ་ལས། དེ་ལ་རང་བཞིན་མེད་པའི་ལྟ་བ་མ་རྙེད་གོང་དུ་གང་ཟག་དེ་དག་གི་ཡོད་པ་ཙམ་དང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཡོད་པ་གཉིས་སོ་སོར་ཕྱེད་པ་མི་སྲིད་དེ། ཞེས་དང༌། ཡང་དེ་ཉིད་ལས། གང་གི་ཚེ་དངོས་པོ་འགའ་ཞིག་རང་གི་ངོ་བོས་གྲུབ་པ་མེད་པར་ཚད་མས་རྟོགས་པ་ནས་དངོས་པོར་སྨྲ་བའི་གྲུབ་མཐའ་བཏང་བ་ཡིན་ནོ། ཞེས་ལུང་སྔ་མས་རང་བཞིན་མེད་པ་མ་ངེས་བར་དུ་ཡོད་པ་དང་རང་བཞིན་གྱིས་ཡོད་པའི་ཁྱད་པར་མི་ཕྱེ་བ་དང༌། ལུང་ཕྱི་མས་སྟོང་ཉིད་རྟོགས་པ་ནས་དངོས་སྨྲ་བའི་གྲུབ་མཐའ་བཏང་བར་གསུངས་པས། སྟོང་ཉིད་རྟོགས་པ་ལ་མངོན་དུ་ཕྱོགས་པའི་དངོས་སྨྲ་བས་དགག་བྱ་ངོས་ཟིན་པར་ཐལ་བ་སོགས་ཀྱིས་གནོད་དོ་ཞེས་ཟེར། ལུང་སྔ་མས་སྟོང་ཉིད་མ་རྟོགས་བར་དུ་དེ་གཉིས་ཀྱི་ཁྱད་པར་ཚད་མས་མི་ཕྱེ་ཞེས་པའི་དོན་དང༌། ཕྱི་མས་ཐ་སྙད་རགས་པའི་དབང་དུ་བྱས་ཏེ་དངོས་སྨྲ་བ་དེས་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་མེད་པར་ཡིད་དཔྱོད་ཙམ་གྱིས་ཤེས་པ་ནས་དངོས་པོར་སྨྲ་བའི་གྲུབ་མཐའ་བཏང་བ་ཡིན་ཞེས་པའི་དོན་ཡིན་ནམ་སྙམ་མོ།
འོན་ཀྱང་དོགས་པ་འདི་ལྟར། རང་མཚན་དགག་བྱར་ངོས་ཟིན་པའི་ཚད་མ་དེ་ཉིད་ཀྱིས་རང་བཞིན་མེད་པ་རྟོགས་སམ་མ་རྟོཌ། རྟོགས་ན་དགག་བྱ་ངོས་འཛིན་གྱི་ཚད་མ་དང་གནས་ལུགས་རྟོགས་པའི་བློ་གཉིས་སོ་སོ་ནས་མེད་པར་འགྱུར་ལ། མ་རྟོགས་ན་རང་བཞིན་མེད་པར་ངེས་པའི་རིགས་ཤེས་རྗེས་དཔག་གིས་དགག་བྱ་ངོས་
མ་ཟིན་པར་ཐལ། རང་མཚན་དགག་བྱ་ཡིན་པར་མ་ངེས་པའི་ཕྱིར། འདོད་ན། དགག་བྱ་བཀག་པ་མ་ངེས་པར་ཐལ། དགག་བྱ་གང་ཡིན་མ་ཤེས་པའི་ཕྱིར་ཞེས་པ་ལ། འགའ་ཞིག་གིས་སྟོང་ཉིད་རྟོགས་པའི་གང་ཟག་གིས་ངེས་དགོས་ཀྱི། རང་བཞིན་མེད་རྟོགས་ཀྱི་བློས་དགག་བྱ་གང་ཡིན་ཤེས་མི་དགོས་ཞེས་སྨྲ་མོད་ཀྱང༌། སྟོང་ཉིད་རྟོགས་པའི་གང་ཟག་གི་རྒྱུད་ལ་དགག་བྱ་ངོས་ཟིན་པའི་ཚད་མ་ཡོད་མེད་དང༌། དེས་སྟོང་ཉིད་རྟོགས་མིན་སོགས་ལ་དཔྱད་ན། དགག་བྱ་ངོས་ཟིན་པའི་ཚད་མ་དང་སྟོང་ཉིད་ངེས་པའི་རིགས་ཤེས་གཉིས་རྫས་ཐ་དད་པའི་བློ་སོ་སོ་བ་བཞག་པར་དཀའ་སྟེ། དགག་བྱ་ངོས་ཟིན་པའི་ཚད་མ་དེ་ཉིད་ཀྱིས་སྟོང་ཉིད་རྟོགས་པའི་ཕྱིར། དེ་འདྲའི་ཚད་མས་སྟོང་ཉིད་མ་རྟོགས་ན་རང་མཚན་དགག་བྱ་ཡིན་པར་མ་རྟོགས་པར་འགྱུར་རོ་སྙམ། བློ་རྫས་ཐ་དད་པ་སོ་སོ་ནས་མེད་ན་སྟོང་ཉིད་རྟོགས་པ་ལ་དགག་བྱ་ངོས་ཟིན་པ་སྔོན་དུ་འགྲོ་དགོས་པ་ཇི་ལྟར་འཐད། དེས་ན་སྟོང་ཉིད་རྟོགས་པ་ལ་དགག་བྱ་ངོས་ཟིན་པ་སྔོན་དུ་འགྲོ་དགོས་ཞེས་པ་དང༌། བརྗོད་བྱ་དོན་གྱི་དྲང་ངེས་འབྱེད་པ་ལ་རྗོད་བྱེད་ཚིག་གི་དྲང་ངེས་ཕྱེ་བ་ལ་རག་ལས་ཞེས་པ་རྣམས་སྟོང་ཉིད་ངེས་པའི་བསམ་བྱུང་གི་ངེས་ཤེས་སྐྱེ་བ་ལ་དེ་ངེས་པའི་ཐོས་བྱུང་ཡིད་དཔྱོད་སྔོན་དུ་འགྲོ་དགོས་པའི་དོན་ཡིན་ནམ་སྙམ། རང་མཚན་དགག་བྱར་ངེས་པའི་བློས་རང་བཞིན་མེད་པ་ངེས་དགོས་པ་དང༌། རང་བཞིན་མེད་པར་ངེས་པའི་བློས་རང་མཚན་དགག་བྱར་ངེས་དགོས་པ་ནི། རྣམ་འགྲེལ་ལས། གཅིག་རྟོགས་ཞེས་བྱའི་ཤེས་པ་ནི།། གཅིག་ལ་གནས་པའི་རྟོགས་པ་པོས།། དེ་དང་དེ་མིན་རྒྱུ་དོན་རྣམས།། བདག་ཉིད་རྣམ་པར་འབྱེད་པར་བྱེད།། ཅེས་པས་ཤིང་དང་ཤིང་མ་ཡིན་གཉིས་རྟོག་པ་ཕན་ཚུན་བརྟེན་པར་ཐལ་བའི་རྩོད་ལན་འདིས། ཤིང་རྟོགས་པའི་བློ་དེ་ཉིད་ཀྱིས་ཤིང་མ་ཡིན་རྟོགས་པའི་སྐྱོན་མེད་ཀྱི་ལན་མཛད་དགོས་པ་དང་གནད་གཅིག་གོ།
དེ་ལས་གཞན་ཤིང་དང་ཤིང་མིན་རྟོགས་པའི་བློ་རྫས་ཐ་དད་པ་གཉིས་གང་ཟག་གཅིག་གི་རྒྱུད་ལ་དུས་མཉམ་དུ་སྐྱེ་བ་ཁས་ལེན་ན། མི་རྟག་པ་རྟོགས་མ་ཐག་པའི་གང་ཟག་གི་རྒྱུད་ཀྱི་མི་རྟག་པ་རྟོགས་པའི་བློ་དེ་རྗེས་དཔག་ཡིན་ལ། དེ་འདྲའི་གང་ཟག་དེས་རྟག་པ་ངེས་པ་ཁས་ལེན་དགོས་ཤིང༌། སྔར་གྱི་བློ་དེས་མ་ངེས་ན་ངེས་བྱེད་ཀྱི་ཚད་མ་གཞན་ཞིག་འདོད་དགོས་ལ། དེ་རྗེས་དཔག་ལས་འོས་མེད་པས། གཞི་སྒྲ་ཡི་སྟེང་དུ་མི་རྟག་པ་སྒྲུབ་པའི་རྟགས་ལ་བརྟེན་ནས་གཞི་ནམ་མཁའ་ལྟ་བུའི་སྟེང་དུ་རྟག་པ་རྟོགས་པའི་རྗེས་དཔག་སྐྱེ་བར་ཐལ་བའི་སྐྱོན་དུ་འགྱུར་ལ། དེ་གཉིས་རྫས་ཐ་དད་དུ་མེད་པ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ་ཡིན་ན། རྟ་མ་ཡིན་པ་དང༌། བུམ་པ་མ་ཡིན་པ་རྟོགས་པའི་བློས་རྟ་དང་བུམ་པ་སོགས་རྟོགས་པར་འདོད་དགོས་ན། དེ་དག་མེད་དགག་ཏུ་འཐད་མིན་དང༌། མེད་དགག་འཇལ་བའི་བློས་ཆོས་གཞན་སྒྲུབ་པ་ཤུགས་ལ་འཇལ་ན་མེད་དགག་ཇི་ལྟར་འཐད་སྙམ་དུ་དོགས་སོ།།གནས་ལུགས་ཟབ་མོའི་དོན་ལ་སྐྲག་གྱུར་ནས། །བློས་བྱས་ཉི་ཚེའི་སྟོང་པ་མཆོག་འཛིན་པའི།།ལོག་པའི་ལྟ་ངན་མཐའ་དག་རབ་སྤངས་ཏེ། །ཆོས་ཀུན་གདོད་ནས་སྟོང་པར་རྟོགས་པར་ཤོག།
རྩོམ་ཡིག་འདི་ཐེངས་ 3359 བཀླགས་འདུག