གཉིས་པ་ལུགས་དེ་འགོག་པའི་ཚུལ་ནི། རྣམ་བཤད་ལས། སྟོང་པ་ཉིད་རྟོགས་པའི་ཤེས་རབ་དང་བྲལ་བ་དང་། རྒྱུ་མཚན་སྔ་མ་གཉིས་གོ་ལྡོག་ནས་སྦྱོར་བ་ནི་གཞུང་འདིའི་དོན་མིན་པར་རྗེ་ཉིད་ཀྱི་གསུང་ལས་འབྱུང་བའོ། །ཞེས་གསུངས། དོན་ནི་ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་པའི་གཞུང་འདིའི་སྒྲུབ་བྱེད་དུ། དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཞེས་པའི་གཞུང་འདི་བྱུང་བ་ཡིན་པས། སངས་རྒྱས་དང་བྱང་སེམས་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཉེ་བར་འདོད་པའི་རྒྱུ་མཚན་དུ་དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་སྟོང་ཉིད་རྟོགས་པའི་བློ་དང་ལྡན་པའི་ཕྱིར་ཞེས་གཞུང་འོག་མའི་སྒྲུབ་བྱེད་དུ་མར་སྦྱོར་རྒྱུ་ཡིན་པས། དེ་ལས་བཟློག་སྟེ་བསྟན་པ་དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་སྟོང་ཉིད་རྟོགས་པའི་བློ་དང་བྲལ་བ་དེ་ཉན་རང་ལ་ཡང་དག་པའི་ཤེར་ཕྱིན་རིང་བའི་རྒྱུ་མཚན་བསྟན་རྒྱུ་ཡིན་པ་ལ་གོ་བཟློག་སྟེ་རྒྱུ་མཚན་སྔ་མའམ་སྔ་མ་དེ་དག་གི་བར་ན་གནས་པའི་རྒྱུ་མཚན་དུ་བསྟན་པ་ནི་རྩ་བའི་གཞུང་འདིའི་དོན་མིན་པ་རྗེ་ཉིད་ཀྱི་གསུང་ལེགས་བཤད་གསེར་ཕྲེང་ལས་འབྱུང་ཞེས་པ་སྟེ། ལེགས་བཤད་གསེར་ཕྲེང་ལས། འདི་ཁ་ཅིག་སྔར་ལྟར་མི་སྦྱོར་བར་དུས་གསུམ་ཞེས་སོགས་སྲིད་ཞི་ལ་མི་གནས་པའི་རྒྱུ་མཚན་དུ་འགོད་པ་ནི་དོན་མིན་ཏེ། དངོས་བསྟན་འདིས་དུས་གསུམ་ཞེས་སོགས་ཉེ་བ་དང་ཤུགས་བསྟན་ཏུ་དེ་ཉན་རང་ལ་ཡུམ་རིང་བའི་རྒྱུ་མཚན་དུ་མ་སྦྱར་ན། འོག་ཏུ་དུས་གསུམ་མཉམ་ཉིད་དུ་རྟོགས་པ་ཡོད་མེད་ཀྱི་རྒྱུ་མཚན་གྱིས་ཐེག་པ་ཆེ་ཆུང་ལ་ཉེ་རིང་དུ་འཇོག་པ་མི་འཐད་ཅེས་རྩོད་པ་ཇི་ལྟར་འབྲེལ་སྨྲ་དགོས་སོ། །ཞེས་གསུངས་པ་འདི་ཡིན་ནོ། །
མདོར་ན། དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཞེས་པའི་གཞུང་འདིས་གཞུང་ཕྱི་མ། ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་པའི་སྒྲུབ་བྱེད་དུ་མར་སྦྱོར་རྒྱུ་ཡིན་པ་ལས་གཞུང་སྔ་མ། དེ་དག་བར་ན་མི་གནས་པ། །ཞེས་པའི་སྒྲུབ་བྱེད་དུ་སྦྱོར་བ་རྩ་བའི་དགོངས་པ་མིན་ཞེས་པ་ལས། སྤྱིར་དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་ཤེས་རབ་དེ་འཁོར་འདས་དེ་དག་གི་བར་ན་དོན་དམ་པར་མི་གནས་པའི་རྒྱུ་མཚན་དུ་སྦྱོར་མི་རིགས་ཞེས་པ་མིན་ཏེ། རྣམ་བཤད་ལས། སྲིད་ཞི་བདེན་སྟོང་དུ་རྟོགས་པས་དེ་དག་གི་བར་ན་ཡང་དོན་དམ་པར་མི་གནས་པས་སོ། །ཞེས་གསུངས་པའི་ཕྱིར། ཡང་ན་རྣམ་བཤད་ཀྱི་གཞུང་དེའི་དོན་འདི་ལྟར་བཤད་དེ། བུ་སྟོན་དང་ཉ་དབོན་གྱིས་རྟོགས་དཀར་གྱི་རྗེས་སུ་འབྲངས་ནས་དངོས་པོ་ཞེས་པ་མྱང་འདས་དང་དངོས་པོ་མེད་པ་ཞེས་པ་འཁོར་བ་ལ་བྱས་ནས་འགྲེལ་བའི་དོན་འཆད་པ་ཡིན་ཏེ། བུ་འགྲེལ་ལས། རྟགས་གྲུབ་སྟེ། མྱང་འདས་རྟག་པ་དང་ཕན་པ་དོན་དམ་པའི་དངོས་པོ་དང་། འཁོར་བ་ནི་མི་རྟག་པ་ལ་སོགས་པའི་ཚུལ་གྱིས་དངོས་པོ་མེད་པར་དམིགས་པའམ་ཞེས་གསུངས། ཉ་ཊཱིཀ་ལས། མྱང་འདས་རྟག་པའི་དངོས་པོ་དང་འཁོར་བ་མི་རྟག་སྡུག་བསྔལ་ལ་སོགས་པའི་ཚུལ་གྱིས་སྤང་བྱ་ཡིན་པས་དངོས་པོ་མེད་པར་རམ་ཞེས་སོགས་གསུངས་པའི་ཕྱིར། དེ་ནི་ལེགས་པར་མ་བརྟག་པ་སྟེ། དེ་འགོག་པ་ལ་རྣམ་བཤད་ལས། སྟོང་པ་ཉིད་རྟོགས་པའི་ཤེས་རབ་དང་བྲལ་བ་དང་། རྒྱུ་མཚན་སྔ་མ་གཉིས་གོ་ལྡོག་ནས་སྦྱོར་བ་ནི་གཞུང་འདིའི་དོན་མིན་པར་རྗེ་ཉིད་ཀྱི་གསུང་ལས་འབྱུང་བའོ། །ཞེས་གསུངས། དོན་ནི་སྟོང་པ་ཉིད་རྟོགས་པའི་ཤེས་རབ་དང་བྲལ་བ་དང་། རྒྱུ་མཚན་སྔ་མ་སྙིང་བརྩེ་བ་དང་བྲལ་བ་གཉིས་གོ་ལྡོག་ནས་སྦྱོར་རྒྱུ་མིན་པར་གོ་ལྡོག་རྒྱུ་དང་སྦྱོར་རྒྱུའི་རྒྱུ་མཚན་སོ་སོར་ཕྱེ་དགོས་ཏེ། མདོར་ན་དངོས་པོ་འཁོར་བ་དང་དངོས་པོ་མེད་པ་མྱང་འདས་ལ་བྱ་དགོས་པ་ལ་གོ་ལྡོག་སྟེ་དངོས་པོ་མྱང་འདས་དང་དངོས་པོ་མེད་པ་འཁོར་བ་ལ་བྱས་ཏེ་དེ་ལ་གནས་པའི་རྒྱུ་མཚན་དུ་སྟོང་པ་ཉིད་རྟོགས་པའི་ཤེས་རབ་དང་བྲལ་བ་དང་། སྙིང་བརྩེ་དང་བྲལ་བ་སྦྱོར་བ་ནི་འགྲེལ་བའི་གཞུང་འདིའི་དོན་མིན་པ་རྗེ་ཉིད་ཀྱི་གསུང་ལེགས་བཤད་གསེར་ཕྲེང་ལས་འབྱུང་བའི་ཕྱིར་ཞེས་པའོ། །དེ་ལྟར་ལེགས་བཤད་གསེར་ཕྲེང་ལས། དེ་ནི་མ་ཡིན་ཏེ། སྔར་འཁོར་འདས་གཉིས་ལ་རྟག་ཆད་དུ་བཤད་པ་དང་། འདིར་ཡང་འོག་ཏུ་འཁོར་བ་དང་ཞེས་སྔོན་ལ་བྱུང་བས་སྙིང་བརྩེ་བ་དང་བྲལ་བ་སྔོན་ལ་བྱུང་ཡང་སྡེབ་སྦྱོར་གྱི་ངོར་ཡིན་པས་ཤེར་སྒྲོན་ལྟར་ཤེས་རབ་དང་བྲལ་བ་དང་པོར་གདོན་ནོ། །ཞེས་གསུངས་པ་ཡིན་ནོ། །འདི་ལྟར་འཁྲུལ་བའི་རྒྱུ་ནི་རྒྱན་སྣང་དང་འགྲེལ་པ་འདི་གཉིས་ཀར་སྙིང་བརྩེ་བ་དང་བྲལ་བ་དང་པོར་བྱུང་ལ་དེ་དང་མྱང་འདས་ནི་སྦྱར་དགོས་ཏེ། རྩ་བར། སྙིང་རྗེས་ཞི་ལ་མི་གནས་དང་། །ཞེས་གསུངས་པ་གང་ཞིག་འགྲེལ་བར་དངོས་པོར་དམིགས་པ་སྔོན་ལ་བྱུང་བས་སོ་སྙམ་པའོ། །དེ་ནི་སྔར་མདོར་བསྟན་གྱི་སྐབས་སུ་འཁོར་བ་ལ་རྟག་མཐའ་དང་མྱང་འདས་ལ་ཆད་མཐར་གསུངས་པ་དང་མ་ཟད་འགྲེལ་ངག་འདིའི་མཐར་འཁོར་བ་དང་མྱ་ངན་ལས་འདས་པ་ལ་གནས་པ་ཡིན་པར་ཤེས་པར་བྱའོ་ཞེས་འཁོར་བ་སྔོན་ལ་གསུངས་པ་དག་དང་འགལ་བར་འགྱུར་རོ་ཞེས་པའོ། །དེས་ན་སློབ་དཔོན་གྱི་འགྲེལ་པ་གཉིས་ཀར་སྙིང་བརྩེ་བ་དང་བྲལ་བ་དང་པོར་བཏོན་པ་སྡེབ་སྦྱོར་གྱི་དབང་དུ་བྱས་པ་ཡིན་གྱི་དོན་ལ་ནི་ཤེར་སྒྲོན་ལྟར་ཤེས་རབ་དང་བྲལ་བ་དང་པོར་གདོན་བར་བྱ་ཞེས་པའོ། །
གསུམ་པ་རང་གི་ལུགས་ལ་དོགས་པ་འགོད་པ་ནི། ལེགས་བཤད་གསེར་ཕྲེང་ལས་རང་ལུགས་ནི་ཤེར་སྒྲོན་ལྟར་གདོན་དགོས་ཤིང་འགྲེལ་བར་སྙིང་བརྩེ་བ་དང་བྲལ་བ་དང་པོར་བཏོན་པ་སྡེབ་སྦྱོར་གྱི་ངོར་ཡིན་པར་གསུངས་པ་ནི་རྒྱ་དཔེ་ལ་ཡིན་པས། ཤེས་རབ་དང་བྲལ་བ་དང་པོར་བཏོན་ན་སྡེབ་སྦྱོར་ཉམས་ཚུལ་བཤད་དགོས་སོ། །ཡང་རྣམ་བཤད་ལྟར་ན་སྙིང་བརྩེ་བ་དང་ཤེས་རབ་དང་བྲལ་བའི་ཕྱིར་ཞེས་པའི་ཤེས་རབ་ནི། ཤེས་པས་སྲིད་ལ་མི་གནས་ཤིང་། །ཞེས་པའི་སྐབས་ནས་བསྟན་པའི་ཤེས་རབ་ལ་མི་བཞེད་དེ། རྣམ་བཤད་རང་ལས། དེར་ཐལ། སྲིད་པར་སྐྱེ་བ་ཆད་པར་འདོད་ཅིང་། ལས་ཉོན་གྱིས་སྐྱེ་བ་བཀག་ཀྱང་། སྲིད་པར་སྐྱེ་བ་བླངས་པ་ལ་བརྟེན་ནས་མྱང་འདས་སྒྲུབ་པའི་ཐབས་ཤེས་པའི་ཤེས་རབ་དང་བྲལ་བའི་ཕྱིར། ཞེས་གསུངས་པའི་ཕྱིར། འོ་ན་ཤེས་རབ་དང་བྲལ་ཞེས་པའི་བྲལ་བྱའི་ཤེས་རབ་དེ་ཤེས་རབ་ཀྱིས་ཚུ་རོལ་གྱི་མཐའ་འཁོར་བ་དང་ཞེས་པའི་སྐབས་ནས་བསྟན་པའི་ཤེས་རབ་ལ་བཞེད་དགོས་སམ་མི་དགོས། དགོས་ན་མི་རྟག་སོགས་བདེན་པའི་རྣམ་པ་བཅུ་དྲུག་པོ་རྟོགས་པའི་བློ་ལ་བཞེད་དགོས་པ་རྣམ་བཤད་རང་ན་གསལ་བས་གོང་གི་རྣམ་བཤད་ཀྱི་གཞུང་དང་འགལ་ལོ། །མི་དགོས་ན་ཤུགས་བསྟན་ཉན་རང་གི་གཞི་ཤེས་དངོས་བསྟན་བྱང་སེམས་ཀྱི་གཞི་ཤེས་ལས་ལྡོག་སྟེ་བསྟན་པ་ཡིན་པར་རྒྱན་སྣང་གི་གཞུང་གིས་བསྒྲུབས་པའི་ཚུལ་བཤད་དཀའ་བར་སྣང་ངོ། །
སྐབས་འདིའི་ཀུན་རྫོབ་ལ་ལྟོས་པའི་སྲིད་ཞིའི་མཐའ་དང་དོན་དམ་པ་ལྟོས་པའི་མཐའ་དང་མཐའ་དེ་དག་ལ་གནས་པའི་ཚུལ་སོགས་ནི་སྐབས་གསུམ་པའི་སྤྱི་དོན་ན་ཤིན་ཏུ་གསལ་བས་དེར་བལྟ་བར་བྱའོ། །མི་རྟག་པ་དང་སྡུག་བསྔལ་བ་སོགས་རྟོགས་པའི་བློ་དེ་གཞི་ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་འགོག་བྱེད་ཡིན་དང་མིན། སྙིང་རྗེ་ཆེན་པོ་ཀུན་རྫོབ་ལ་ལྟོས་པའི་ཞི་མཐའ་འགོག་བྱེད་ཡིན་དང་མིན་ཞེ་ན། མི་རྟག་པ་དང་སྡུག་བསྔལ་བ་སོགས་རྟོགས་པའི་བློ་རྣམས་གྲོགས་བདག་མེད་རྟོགས་པའི་མཁྱེན་པ་མེད་ན་སྲིད་མཐའ་འགོག་མི་ནུས་ཤིང་སྙིང་རྗེ་ཡང་གྲོགས་སེམས་བསྐྱེད་པ་ཁྱད་པར་ཅན་མེད་ན་ཞི་མཐའ་འགོག་མི་ནུས་ཏེ། གསེར་ཕྲེང་ལས། དང་པོ་དུས་གསུམ་མཉམ་ཉིད་དུ་རྟོགས་པའི་ཤེས་པས་སྲིད་པ་ལ་མི་གནས་པ་ནི། རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱིས་སྲིད་པའི་རྒུད་པ་ཟློག་པའི་མཁྱེན་པའོ། །གཉིས་པ་སྙིང་རྗེས་ཞི་བ་མྱང་འདས་ལ་མི་གནས་པ་ནི། སེམས་བསྐྱེད་ཁྱད་ཅན་གྱི་སྟོབས་ཀྱིས་ཞི་བའི་རྒུད་པ་ཟློག་པའི་མཁྱེན་པའོ། །ཞེས་གསུངས་ཤིང་། ལྷག་མཐོང་ཆེན་མོ་ལས། སངས་རྒྱས་ཀྱི་ཡོན་ཏན་ལ་དད་པ་སྦྱངས་པའི་སྒོ་ནས་སངས་རྒྱས་ལ་ཐོབ་འདོད་མེད་ན། རང་གི་དོན་འགྲུབ་པ་ལ་ཞི་བ་རྐྱང་པས་ཆོག་པར་འཛིན་པའི་བློ་མི་ལྡོག་སྟེ། བྱམས་པ་དང་སྙིང་རྗེ་སྦྱངས་པའི་སྒོ་ནས་གཞན་དོན་ལ་དགོས་པར་མཐོང་ནས་སངས་རྒྱས་ཐོབ་པར་འདོད་པས་ནི། གཞན་དོན་འགྲུབ་པ་ལ་ཞི་བ་རྐྱང་པས་ཆོག་པར་འཛིན་པ་ལྡོག་ནུས་ཀྱི། ཆོག་འཛིན་སྔ་མ་བཟློག་མི་ནུས་པའི་ཕྱིར་དང་། དེ་འགོག་བྱེད་གཞན་ཡང་མེད་པའི་ཕྱིར་རོ། །ཞེས་ཀྱང་གསུངས་སོ།། །།
རྒྱན་དང་འགྲེལ་པ་གཉིས་ཀྱི་གཞུང་གི་དོན།།
གསེར་ཕྲེང་རྣམ་བཤད་གཉིས་ཀྱིས་འགྲེལ་ཚུལ་ལ།།
རང་གིས་ཚིག་དོན་གཉིས་ལ་གོ་ཚོད་ཀྱིས།།
བཤད་པས་བདེན་པ་གཉིས་ཀྱི་དོན་རྟོགས་ཤོག།།
༢༠༡༩-༡༡-༢༠།