ཡང་ཁག་ཅིག་གིས་དུག་ཐ་འཚོང་མཁན་བྱེད་པ་ཁག་ཅིག་གིས་དུག་ཐ་འཐེན་མཁན་བྱས་ནས་གང་ལྟར་བོད་མི་རིགས་ཀྱི་གསར་སྐྱེས་མི་བུ་དེ་ཚོ། རྣམ་གཡེང་དང་བག་མེད་ལོངས་སྤྱོད་བྱེད་མཁན་མང་དུ་འགྲོ་བཞིན་པ་འདི་དག་བོད་པ་ཚང་གི་འཐུད་ཤོར་དང་། སེམས་ཁྲལ་འཕར་མ་ཞིག་རེད། ཁ་ནས་སྨྲ་རྒྱུ་སྔོན་ཐོན་རྒྱལ་ཁབ་ཀྱི་མི་རིགས་ཚོ་དང་གོམ་པ་མཉམ་དུ་སྤོ་དགོས་ཞེས་ཤོད་མི་གྲངས་རྩིས་རྒྱག་མི་ཐུབ་པ་ཡོད་མོད། ། དེ་ཚོ་ལ་དཔེ་ཞིག་བཞག་ན། ཁ་གཏམ་གཡུ་འབྲུག་སྐད་ལས་ཆེ། ལག་ལེན་ནམ་མཁའི་འཇའ་ལྟར་ཡལ། ཟེར་བ་དེ་རེད། ད་དུང་སློབ་གྲྭ་བ་ཚོ་ལ་ཆ་མཚོན་ན་གཞིས་བྱེས་གཉིས་སུ་ཡོད་པའི་འཛིན་གྲྭ་བཅུ་གཉིས་བར་དུ་ཕྱིན་ཟིན་པའི་སློབ་གྲྭ་ཁ་ཤས་འཛིན་གྲྭ་བཅུ་གཉིས་ཀྱི་ལག་ཁྱེར་རག་པ་མ་གཏོགས་འཛིན་རིམ་བཅུ་གཉིས་ཀྱི་ཤེས་ཚད་ཡོད་མཁན་ཧ་ཅང་ཉུང་ཉུང་ལས་མི་འདུག །ལྷག་པར་ཏུ་ཡིད་སྐྱོ་དགོས་པའི་ཞེན་ཆ་ཞིག་ཡོད་པ་དེ་ནི་མི་རིགས་རང་གི་སྐད་ཡིག་ཤེས་ཚད་མིང་ཙམ་མ་གཏོགས་མེད་པ་དེ་རེད།
དེ་ནི་བོད་ཀྱི་སྐད་ཡིག་ལ་བརྩི་འཇོག་དང་འདུན་པ་དོན་གཉེར་མེད་པའི་སྐྱོན་ལས་མ་འདས། སྤྱིར་བཏང་གཞན་གྱིས་སྐད་ཡིག་སློབ་སྦྱོང་བྱེད་ན་ཡག་པོ་རེད་མོད། ཡིན་ན་ཡང་གཞན་གྱི་སྐད་ཡིག་ལ་སྦྱང་འདོད་དང་དུས་ཚོད་ཡོད་དུས་རང་གི་སྐད་ཡིག་ལ་ཡང་དེ་ལྟར་མེད་པའི་རྒྱུ་མཚན་ཅི། ཀླད་མེད་འགས་བོད་ཡིག་སྦྱང་ན་བེད་སྤྱོད་མེད་རབས་དང་རང་གིི་འཚོ་བ་ལ་དཀའ་ངལ་སེལ་མི་ཐུབ་ཅེས་ཤོད་མཁན་ཡང་ཡོད་མོད། དེ་ཚོ་ནི་དཔལ་འབྱོར་ཁོ་ན་མ་གཏོགས་སོ་སོའི་རིག་གཞུང་དང་སོ་སོའི་མི་རིགས་མི་དགོས་མཁན་ཤ་སྟག་གོ། གལ་སྲིད་ང་ཚོ་ལ་བོད་པ་ཟེར་བ་དེ་གོ་ལ་འདིའི་སྒང་ལ་ཡུན་དུ་གནས་དགོས་ན་ད་གཟོད་ང་ཚོས་རང་སྐད་ལ་བཅེས་སྤྲས་དགོས་པར་སེམས།