Print this page
Thu 03 Aug 2017

ཞོགས་པའི་མཛེས་སྡུག

ཚད་གཞི།:
(0 འོས་བླུགས།)

ནགས་ཀྱི་ཤིང་ལོ་ནས།

བེ་ཏའི་ལྗོན་ཤིང་རྩེ་མོ་གནམ་དུ་བསྙེགས།།
ལོ་མའི་གསེང་ནས་རྟ་བདུན་འོད་ཟེར་འཕྲོས།།
ནོར་འཛིན་པང་ན་བན་བུན་སྨུག་པས་འཁྱུད།།
དཔེ་སྐྱོར་བ་ཞིག་ཞོགས་པའི་ཉི་ཟེར་གཡེང་།།

བྱང་རླུང་སེབ་སེབ་བྱང་ནས་ལྷོ་རུ་ལྡང་།།
རླུང་བུའི་སྣེ་ནས་ལྗོན་པའི་དྲི་ཞིམ་བྲོ།།
ལྕུག་ཕྲན་ཡལ་ག་རླུང་གིས་སྒུལ་དང་ལྷན།།
བྱིའུའི་ཚོགས་རྣམས་ཞོགས་པའི་ཉི་འོད་སྒུག །

ཉི་མས་མ་ཚིག་ཁ་དོག་དམར་མདངས་རྒྱས།།
རླུང་བུས་མ་ཁུར་ལོ་མ་ལྗང་མདོག་སྣུམ།།
སྦྲང་མས་མ་འཇིབ་ཟེའུ་འབྲུ་རུམ་དུ་ཉར།།
ཁང་ཟུར་མེ་ཏོག་ཞོགས་པའི་ཉི་ཟེར་སྒུག །

གྲོག་མས་མ་ཟས་རྩ་བ་སུ་རུ་འཁྱིལ།།
ཙི་ཙིས་མ་བཏོགས་འབྲས་བུས་རང་ལུས་འཁྱུད།།
སད་ཀྱིས་མ་གདུང་ཡལ་གར་ཟིལ་བ་འཁྲིགས།།
ཁང་རྒྱབ་ཨཱམ་སྡོང་ཞོགས་པའི་ཉི་ཟེར་སྒུག །

དཀར་དཀར་འོ་མའི་རྒྱ་མཚོ་རུམ་དུ་བླུགས།།
ཁྲ་ཁྲ་གོ་ལའི་ས་ཁྲ་གོས་སུ་གྱོན།།
རོག་རོག་སྣ་ལུང་ཅན་གྱི་བ་ཕྱུགས་ཚོགས།།
རྩྭ་ཆུ་རོལ་བཞིན་ཞོགས་པའི་ཉི་ཟེར་སྒུག །

ཞོགས་པའི་སྨུག་པ་ལྗོན་པའི་ནགས་ནས་འཁྲིགས།།
ཞོགས་པའི་ཉི་ཟེར་འཛིན་མའི་པང་དུ་འཁྱིལ།།
ཞོགས་པའི་རིག་པ་དཔེ་དེབ་ཁྲོད་དུ་གསལ།།
ཞོགས་པའི་ཚོར་བ་སྨྱུ་གུའི་སོ་རུ་ཡོད།།

༢༠༡༧–༢–༢༡

ཤོག་ངོས་འདི་ཐེངས་ 1093 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

གསར་ཤོས་དག :   ནགས་ལྷ་དྲ་མཛོད།