སྒེའུ་ཁུང་ཕྱི་ནས་ཏ་ལེར་གསལ་བ་གང་།།
ལྗོན་ཤིང་ལོ་མ་ཐ་ཐོར་ས་རུ་ལྷུང་།།
ནགས་ཀྱི་གསེང་ནས་ད་རུང་རླུང་བུ་ལྡང་།།
དྭངས་རྒྱུ་མེད་པའི་ན་བུན་ལང་ལོང་འཁྲིགས།།
རེ་བའི་འཆར་སྣང་པ་ཏྲའི་རིས་ལྟར་མཛེས།།
ཚོར་བའི་ཁ་དོག་ཕ་རོལ་རླུང་དང་འདྲེས།།
དཀར་ཞིང་དྭངས་བའི་བ་མོའི་འོ་མའི་རོ།།
ལྕེ་ཡི་རྣམ་ཤེས་མ་གཏོགས་སུ་ཡིས་ཚོར།།
རི་མོར་བྲིས་པའི་ཙ་རིའི་རླུང་བུ་དེས།།
ལུས་སུ་འཐིམ་པའི་ཚ་བ་སེལ་དུ་རེ།།
གཤིས་སུ་ཞུགས་པའི་ཛ་ལང་རྣམ་རྟོག་དེས།།
དྲང་པོའི་གནས་ལུགས་ཝ་བཞིན་བྲོས་སུ་བཅུག །
མཐོན་པོའི་རྐང་པར་ཞ་ཞའི་སྒྱིད་པ་འདར།།
དམའ་བོའི་གདོང་ལ་ཟ་བྱེད་འཇིགས་རུང་ཚུལ།།
གཞན་གྱི་རྗེས་སུ་འ་འུར་ལད་མོ་འཁྲབ།།
ས་སྟེང་འདི་ན་ཡ་མཚན་ལུང་པ་གང་།།
ཚོར་བའི་སྣེ་མོ་ར་བཟིའི་རྗེས་སུ་འབྲང་།།
སྣང་བའི་ཆག་རོ་ལ་ལུང་གང་སར་འཐོར།།
ཡུལ་ཤོར་ར་མདའི་ཤ་ཁོན་མ་ལོན་གོང་།།
ཚེ་སྲོག་དམར་པོ་ས་མཐར་འཐོར་དུ་ཉེ།།
རྗོད་བྱེད་རྒྱན་གྱིས་ཧ་ཅང་མ་རྒྱན་ཡང་།།
བརྗོད་བྱ་དོན་གྱིས་ཧ་ཅང་དབུལ་ན་ཡང་།།
གོམས་ཕྱིར་ཀ་ནས་ཨ་བར་ཡང་ཡང་འབྲི།།
ནམ་ཞིག་ཚེ་ན་ཨ་ཀི་དང་པོར་བསྙེག །