མཁྱེན་པ་ནམ་མཁའ་ལྟར་ཡངས་པ།།
ཐུགས་རྒྱུད་བལ་ལོ་ལྟར་འཇམ་པ།།
བརྩེ་བ་མཐོ་དམན་ཀུན་སྙོམ་པ།།
གྲུབ་དབང་བླ་མ་ཁྱེད་དྲན་སོང་།།
དགྲ་ལ་འཁོན་ལན་གྱིས་མི་རྒོལ།།
གཉེན་ལ་ཆགས་ཞེན་གྱིས་མི་སྐྱོང་།།
འགྲོ་ཀུན་བུ་ཕྲུག་བཞིན་གཅེས་པའི།།
གྲུབ་དབང་བླ་མ་ཁྱེད་དྲན་སོང་།།
བསླབ་པ་མིག་འབྲས་བཞིན་སྲུང་བ།།
ཉམས་ལེན་ཆུ་རྒྱུན་བཞིན་བརྩོན་པ།།
སྒོ་གསུམ་གསེར་དངུལ་བཞིན་རྟོག་པ།།
གྲུབ་དབང་བླ་མ་ཁྱེད་དྲན་སོང་།།
རྟོགས་པ་མཁའ་དབྱིངས་ལས་འཕགས་ཀྱང་།།
སྤྱོད་པ་ཞི་དུལ་གྱི་དགེ་སྦྱོང་།།
བཤད་སྒྲུབ་ཆོ་ག་ཡི་བྱེད་པོ།།
གྲུབ་དབང་བླ་མ་ཁྱེད་དྲན་སོང་།།
རྟག་འཛིན་གདུལ་བྱ་ཡི་མིག་ངོར།།
རྨི་རྟག་སྒྱུ་མ་རུ་སྟོན་ཕྱིར།།
ཞལ་ཁ་ཆོས་དབྱིངས་སུ་བསྒྱུར་བའི།།
གྲུབ་དབང་བླ་མ་ཁྱེད་དྲན་སོང་།།
དུག་ལྔའི་བརྙས་བཅོས་ཀྱིས་མནར་ཞིང་།།
བླ་མར་སྐྱོ་གདུང་གིས་འབོད་པ།།
ཉམ་ཐག་སྐལ་དམན་ཚོར་གཟིགས་པའི།།
གྲུབ་དབང་བླ་མ་ཁྱེད་དྲན་སོང་།།
ཕྱག་གིས་བྱིལ་བྱིལ་རེ་གནང་གིན།།
གསུང་གིས་སྙན་སྙན་རེ་གསུང་གིན།།
ཐུགས་ཀྱིས་གཅེས་གཅེས་བྱས་སྙལ་བའི།།
གྲུབ་དབང་བླ་མ་ཁྱེད་དྲན་སོང་།།
སངས་རྒྱས་གདོད་མ་ནས་མི་འབོད།།
རྒྱལ་སྲས་ཐག་རིང་ནས་མི་འཚོལ།།
མཛད་པ་གཅིག་མཐུན་གྱི་བདག་ཉིད།།
གྲུབ་དབང་བླ་མ་ཁྱེད་དྲན་སོང་།།
རྒྱལ་བསྟན་གསེར་འོད་ལྟར་འཕྲོ་ཞིང་།།
བསྟན་འཛིན་དབྱར་མཚོ་བཞིན་ལུད་པ།།
གང་གི་ཐུགས་བསྐྱེད་ཀྱིས་བསྐྲུན་པའི།།
ཆོས་ཀྱི་གྲོང་ཁྱེར་དེ་དྲན་སོང་།།
གང་གི་མཛད་པ་རེ་བརྗོད་ན།།
སོ་སྐྱེས་ལྕེ་རྩེ་ཡང་དིག་འགྲོ།།
འཕྲིན་ལས་ཆ་ཤས་རེ་བགྲངས་ན།།
ལག་གི་སོར་འདབ་ཀྱིས་མི་འདང་།།
གང་གི་ཡང་སྤྲུལ་གྱི་ཉི་གཞོན།།
ཤར་གྱི་ལྷུན་པོ་ནས་འགོད་དུས།།
སྐལ་ལྡན་གདུལ་བྱ་ཡི་པད་ཚལ།།
དགའ་བའིི་འདབ་ལོ་དེ་གྲོལ་སོང་།།
སྐུ་ཚེ་རྡོ་རྗེ་ཡི་ངོ་བོ།།
མི་ཞིག་བསྐལ་པའི་མཐར་བསྲིངས་ཏེ།།
མཛད་པ་རྟ་བདུན་གྱི་དབང་པོས།།
གོ་ལ་ཧྲིལ་པོ་རུ་ཁྱབ་ཤོག།།
༧སྐྱབས་རྗེ་གྲུབ་དབང་ཡིད་བཞིན་ནོར་བུ་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བ་ལྡན་མྱོང་བའི་ས་མཐའི་འཁྱམ་པོ་འབྲི་རུ་བ་ལམ་བཟང་འབོད་པས་དྲན་གདུང་དབྱངས་སུ་གྱེར་བའོ།།