ངག་སྙན་མོའི་དབྱངས་རྟ་ཁུ་བྱུག་གི་དྲུག་འགྱུར། །
སྒྲ་རིག་པའི་ལྗོན་ཤིང་ནགས་ཀློང་དུ་འཐེན་དུས། །
བློ་རིག་པ་དབྱར་གྱི་དཔལ་ཡོན་ལ་རྩེན་པ། །
ཡིད་མཆོག་ཏུ་དགའ་བའི་ལང་ཚོ་དེ་འབར་འདོད། །
ཐུགས་མཁྱེན་རབ་ཀློང་དེ་ལམ་ལམ་དུ་བརྡོལ་ནས། །
ལྷོ་འཛམ་གླིང་གྲགས་པའི་བ་དན་དེ་གཡོ་བ། །
མ་ཁྱོད་ཀྱི་ཐུགས་སྲས་ནག་མོ་ཁོལ་ཇི་བཞིན། །
ངག་མགྲིན་པའི་རྩ་མདུད་ལྷུག་ལྷུག་ཏུ་དགྲོལ་ཅིག །
ཡིད་དང་གཙང་མོས་པའི་འོ་མཚོ་རུ་ལྷུང་བ། །
སྐུ་སྟོན་ཟླ་རྩེག་པའི་ལྷུན་པོ་ལྟར་བརྗིད་པ། །
ལྷ་ཚངས་སྲས་མ་ཀྱེ་སྐུ་ཁྲུས་ལ་ཞུགས་ནས། །
སྐུ་དག་པའི་བྱིན་ཆེན་འཛད་མེད་དུ་ཕོབ་ཅིག །
ངག་སྙན་པ་མགྲིན་པའི་གུར་ཁང་ནས་བཞེངས་པ། །
མ་ཚངས་སྲས་བསྙེན་པར་སྒྲ་དབྱངས་ཀྱིས་མཆོད་ན། །
ཐུགས་བརྩེ་ཆེན་སྙིང་རྗེས་བདག་ཉིད་ལ་ཆགས་པའི། །
ཞལ་མངོན་སུམ་གཟིགས་བའི་སྐལ་བཟང་དེ་ནམ་ཡིན། །
༢༠༡༧/༡/༧