ད་དུང་ངོ་གདོང་དེར་མཛེས་པའི་དཔེ་ཁང་དག་ནི། གནའ་དེང་གི་རིག་ཚུལ་གྱིས་གང་ཞིང་བདེ་བླག་ཏུ་བཙལ་འཚོལ་ཐུབ་པའི་སྟབས་བདེའི་མ་ལག་སྣ་ཚོགས་ཀྱི་ནུས་ཤུགས་ལྡན། དུས་ཚོད་ཐུང་ཐུང་ནང་བཀའ་བསྟན་རྣམས་ཚེགས་མེད་དུ་ལྟ་ཀློག་དང་རྟོག་དཔྱོད་ཐུབ་པ་ནི་ཧ་ཅང་གི་དགེ་མཚན་ཆེ་འདུག །བྲག་རིའི་གཏོས་དང་མཉམ་པའི་བཀའ་བསྟན་དང་། རིག་གཞུང་གི་རང་བཞིན་དུ་གྱུར་པའི་གནའ་དེང་གི་རྩོམ་རིག་ཁག་རིན་མེད་དུ་ཕབ་ལེན་དང་། གང་དུའང་མཉམ་འཁྱེར་ཐུབ་པའི་འཕྲུལ་ཆས་སུ་གསར་འཇུག་ཐུབ་པའི་ཐོན་གསར་ཇི་སྙེད་ཅིག་དར་ཁྱབ་ཡོད་པའི་མ་ལག་ནང། བོད་ཀྱི་སྐད་ཡིག་གིས་མཚོན་པའི་བཀའ་བསྟན་རྣམས་བཀོལ་སྤྱོད་ཐུབ་པ་ནི་རིག་གཞུང་གི་ཚེ་སྲོག་ལ་སྣོན་པ་གསར་པ་དང་། དགོས་མཁོ་དང་ལྡན་པའི་འཕྲུལ་ཆས་འདི་དག་ནི། དུས་རབས་གསར་པའི་མཚོན་རྟགས་ཤིག་ཅིས་མ་ཡིན། རང་ཉིད་འཛུལ་ཞུགས་ཀྱིས་ཕབ་ལེན་དང་ལྟ་ཀློག་ཐུབ་ན་བཀའ་བསྟན་གྱི་མཛད་འཕྲིན་ནི། སྔར་ལྷག་གི་དར་རྒྱས་ཡོད་པའི་དུས་རབས་ཤིག་ཤར་འདུག །དྲ་ངོས་ཀྱི་དཔེ་མཛོད་འདི་དག་གིས་ནམ་ཡང་དཔེ་འཁྱུད་མི་བྱེད་ལ་དུས་ཚོད་ལའང་ཚད་འཛིན་ཅི་ཡང་མེད་སྟབས། དུས་ཁོམ་ནམ་བྱུང་ལ་རང་ཉིད་ཀྱིས་དམ་འཛིན་དང་བརྩོན་པ་བྱེད་ན། ཤར་ནུབ་ཀྱི་མཁས་པའི་གསུང་རྩོམ་ཁག་ནི་རྟག་ཏུ་བློ་འབྱེད་རང་བཞིན་ཀྱི་ནུས་པས་ཁེངས་ནས་བཞུགས་ཡོད། བློ་འབྱེད་ཀྱི་ནུས་པ་ནི་ནམ་མཁའ་ལྟར་མཐའ་དང་མུ་མེད་པ་མ་ཟད། ས་གཞི་བཞིན་ཀུན་སྙོམས་ཀྱི་འདུ་ཤེས་ཀྱིས་ཟིན་ཡོད། དེང་རབས་ཀྱི་འཕྲུལ་རིགས་སུ་བོད་ཀྱི་རིག་གཞུང་གིས་གོ་ས་ཞིག་ཐོབ་པ་ནི། མདུན་སྐྱོད་ཀྱི་གསོན་ཉམས་དང་གྲུང་ཤ་དོད་པའི་ཡར་རྒྱས་ཀྱི་རྣམ་པར་བཤད་ཆོག །དེང་རབས་ཀྱི་ཡིད་སེམས་དང་མཉམ་འཇུག་ཐུབ་པའི་རྣམ་འགྱུར་དང་མཛེས་ཉམས་ནི་དུས་རབས་ཀྱི་གལ་གནད་དངོས་དང་འབྲེལ་བས། ང་ཚོས་སྐད་ཡིག་དང་རིག་གཞུང་ཞེས་རྟག་ཏུ་འབོད་སྒྲོག་ཁོ་ན་མ་ཡིན་པར། དེང་རབས་ཀྱི་སྡིངས་ཆར་སྤྱི་མཚུངས་སུ་བེད་སྤྱོད་ཐུབ་ཐབས་སུ་དོ་སྣང་དང་འབད་བརྩོན་གནང་དགོས་པ་མ་ཡིན་ནམ།
༢༠༡༦/༡༠/༢༨