Print this page
Tue 09 Sep 2014

ཁྱེད་ཀྱི་བཀའ་དྲིན་ནམ་ཡང་དྲན།

ཚད་གཞི།:
(7 འོས་བླུགས།)

ལམ་བཟང་པོས།

རྨོངས་མུན་སྟུག་པོའི་ཁྲོད་དུ་འཐོམས་པའི་དུས།།
གསལ་བའི་ཤེས་རབ་འོད་ཀྱི་ཟེགས་མ་ཡིས།། 
མདུན་གྱི་འཕྲང་ལམ་འགག་སྒོ་སྒྲོལ་མཛད་པའི།། 
དགེ་རྒན་ཁྱེད་ཀྱི་བཀའ་དྲིན་ནམ་ཡང་དྲན།།

དཔེ་དེབ་མཐུག་ཀྱང་མགོ་མཐའ་མི་ཤེས་ཤིང་།།
ཡི་གེ་གསལ་ཡང་སྦྱོར་ཀློག་མི་ནུས་སྐབས།།
མཛུབ་མོོས་རི་སྟོན་ངལ་བ་སྤོང་བྱེད་པའི།།
དགེ་རྒན་ཁྱེད་ཀྱི་བཀའ་དྲིན་ནམ་ཡང་དྲན།།

བཅོས་མིན་བྱམས་བརྩེའི་མདངས་ཀྱིས་དུས་ཀུན་སྐྱོང་།།
འདི་བདེར་ཕྱི་མ་སྐྱིད་པའི་ལམ་ཞིག་བསྟན།།
ལེགས་ཉེས་རྣམ་པར་འབྱེད་པའི་བློ་གྲོས་བསྩལ།།
དགེ་རྒན་ཁྱེད་ཀྱི་བཀའ་དྲིན་ནམ་ཡང་དྲན།།

སྨྲ་ལ་དིག་པ་མེད་པའི་ལྕེ་ཞིག་སྦྱར།།
འབྲི་ལ་འཁུམ་པ་མེད་པའི་མཛུབ་མོ་བཙུགས།།
ལྟ་ལ་མཐོང་རྒྱ་ཡངས་པའི་མིག་ཅིག་སྤྲད།།
དགེ་རྒན་ཁྱེད་ཀྱི་བཀའ་དྲིན་ནམ་ཡང་དྲན།།

ནགས་ཀྱི་ཀློང་ནས་སྐྱེས་པ་མ་ཡིན་ཡང་།།
ནགས་ཀྱི་སེམས་ཅན་ཚུགས་ཀར་འཆང་བའི་ང་།།
ནགས་ཀྱི་སྤྱོད་པ་བརྟུལ་ཏེ་མི་གྲས་བཅུག ། 
དགེ་རྒན་ཁྱེད་ཀྱི་བཀའ་དྲིན་ནམ་ཡང་དྲན།།

མཁས་སྙན་གོ་འཕང་ཐོབ་པ་མིན་ན་ཡང་།།
ཞུམ་མེད་མགོ་བོ་འདེགས་པའི་སྤོབས་པ་གནང་།།
ངལ་བ་གདོང་དུ་ལེན་པའི་གསོན་ཤུགས་བྱིན།།
དགེ་རྒན་དམ་པའི་བཀའ་དྲིན་ནམ་ཡང་དྲན།།

དམ་པའི་ཆོས་ཀྱི་གནས་ལུགས་རྟོགས་པ་དང་།།
འཇིག་རྟེན་འཁོར་བའི་གཤིས་ཀ་རིག་པར་བྱས།།
འཇོན་ན་རང་གིས་ནུས་པའི་རྐང་པ་བསླངས།།
དགེ་རྒན་ཁྱེད་ཀྱི་བཀའ་དྲིན་ནམ་ཡང་དྲན།།

མདུན་གྱི་ལམ་བུར་སྐྱོད་པའི་ལམ་ཡིག་དང་།།
ལེ་ལོའི་ཆོམ་ཀུན་འཇོམས་པའི་ཐོ་ཆེན་བཅས།།
མི་ཚེའི་འགྲུལ་བཞུད་རིང་མོའི་བགྲོད་ཐབས་ཡིན།།
དགེ་རྒན་ཁྱེད་ཀྱི་བཀའ་དྲིན་ནམ་ཡང་དྲན།།

དགེ་རྒན་མེད་ན་རྨོངས་པའི་འདམ་དུ་བྱིངས།།
དགེ་རྒན་མེད་ན་སེམས་ཀྱི་གནས་རིམ་དམའ།
དགེ་རྒན་མེད་ན་ནམ་ཡང་དུད་འགྲོ་ཡིན།།
དགེ་རྒན་ཁྱེད་ཀྱི་བཀའ་དྲིན་ནམ་ཡང་དྲན།།

ང་ཡི་སེམས་ཀྱི་ཉི་མ་དགེ་རྒན་ཡིན།།
ང་ཡི་སེམས་ཀྱི་བླ་མ་དགེ་རྒན་ཡིན།།
ང་ཡི་སེམས་ཀྱི་ཕ་མ་དགེ་རྒན་ཡིན།།
དགེ་རྒན་ཁྱེད་ནི་ང་ཡི་ཡོད་ཚད་ཡིན།།

བདག་ལ་ཤེེས་རབ་ཀྱི་མིག་སྩོལ་མཁན། བློ་གྲོས་ཀྱི་སྒོ་འབྱེད་མཁན། བཀའ་དྲིན་གཞལ་དུ་མེད་པའི་འདས་དང་ད་ལྟའི་དགེ་རྒན་ཡོངས་ལ་བཀའ་དྲིན་རྗེས་སུ་དྲན་པ་མཚོན་ཕྱིར་དགེ་རྒན་གྱི་དུས་ཆེན་ཉིན་མོར་བཀྲ་ཤིས་ལྷ་དར་དཀར་པོ་ཞིག་གི་ཚབ་ཏུ་ཕུལ།

ཤོག་ངོས་འདི་ཐེངས་ 1829 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

གསར་ཤོས་དག :   ནགས་ལྷ་དྲ་མཛོད།