Sat 14 Apr 2018

བརྡ་སྤྲོད་རིག་པའི་གཞུང་ལས་མིང་ཚིག་གི་སྐོར།

ཚད་གཞི།:
(6 འོས་བླུགས།)

འགྲོ་བའི་རྨོངས་ཆེན་སེལ་བའི་ཕྱིར། །མགོན་པོས་མིང་ནི་གདགས་པར་མཛད། །ཅེས་འགྲོ་བའི་མི་ཤེས་པའི་རྨོངས་པ་རྣམས་གསལ་བའི་ཕྱིར་མགོན་པོས་ཆོས་རྣམས་ ཀུན་ལ་སོ་སོར་ངོས་འཛིན་པའི་མིང་གདགས་པར་མཛད་ཅེས་འཇིག་རྟེན་གྱི་ཉེར་སྤྱོད་ ཐམས་ཅད་མིང་གིས་གསལ་བར་བྱེད་དགོས་པར་བསྟན་པ་བཞིན་མིང་གི་སྐོར་ཅུང་ཟད་བཤད་ན།

དེ་ཡང་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལས་མིང་གི་ཚོགས། ཚིག་གི་ཚོགས། ཡི་གེའི་ཚོགས་ཏེ་ཚོགས་གསུམ་བཤད་པ་རྣམས་རྒྱུ་འབྲས་ཀྱི་གོ་རིམ་ལྟར་ན་ཐོག་མར་ ཡི་གེ། དེ་ནས་མིང༌། དེ་ནས་ཚིག་བཅས་གྲུབ་ཀྱི་ཡོད་ཀྱང་བཤད་པའི་གོ་རིམ་ནི་མིང་ཚིག་ཡི་གེ་གསུམ་ཞེས་ མིང་ཐོག་མར་འཆད་ཀྱི་ཡོད་པ་བཞིན་འདིར་མིང་གི་སྐོར་འཆད་པར་འདོད། སྤྱིར་མིང་ཞེས་པ་ནི་ཡི་གེ་གཉིས་ཡན་ཆད་འདུས་ནས་དོན་གྱི་ངོ་བོ་སྟོན་པ་ཞིག་ལ་ ཟེར། གཞུང་རྣམས་ལས་གཞི་གྲུབ་ན་ཁྱོད་ཅེས་པའི་སྒྲ་ཁྱོད་ཀྱི་མིང་ཡིན་དགོས་ཟེར་བའི་ མིང་དེ་ཡིན། འདིའི་མིང་དང་ཚིག་གཉིས་མི་འགལ་ཡང་མིང་ཚིག་ཡི་གེ་གསུམ་དུ་ཕྱེ་བའི་མིང་དང་ ཚིག་གཉིས་ནི་རྣམ་པ་ཐམས་ཅད་དུ་འགལ་བར་ཁས་ལེན་དགོས། འབྲི་རུའི་མཛེས་ཉམས་ཞེས་བརྗོད་པའི་སྒྲ་ལྟ་བུ་མིང་དང་ཚིག་གཉིས་ཀ་ཡིན། ཡི་གེ་གཉིས་ཡན་ཆད་འདུས་ནས་དོན་གྱི་ངོ་བོ་ཙམ་སྟོན་པ་དེ་མིང་ཚིག་ཡི་གེ་གསུམ་ དུ་ཕྱེ་བའི་མིང་གི་དོན་ཡིན། མཚན་གཞི་ནི་བུམ་པ་ཞེས་བརྗོད་པའི་སྒྲ་ལྟ་བུ་འཇོག་ཆོག །འདིའི་སྐབས་སུ་ཡི་གེ་གཉིས་ཡན་ཆད་འདུས་ནས་ཞེས་བརྗོད་པས་འོ་ན་ཕ་དང་མ་དེ་བཞིན་ར་དང་ཤ་སོགས་བརྗོད་པའི་སྒྲ་དེ་མིང་མ་ཡིན་པར་འགྱུར་ཏེ་ཡི་གེ་གཉིས་ཡན་ཆད་མ་འདུས་པའི་ཕྱིར་བསམ་ན་ཡི་གེ་གཉིས་ཡན་ཆད་བརྗོད་པ་ནི་གཉིས་ནས་འགོ་བཙུགས་པའི་དོན་ཡིན་པས་གཉིས་ལས་མང་བ་ཞིག་ངེས་པར་མི་དགོས། གཉིས་ཙམ་ཡང་མེད་པར་བསམ་ན་དེ་ནི་མ་ཡིན་ཏེ་ཕ་སོགས་བཞི་པོ་དེ་དག་རེ་རེ་ལ་འ་མཐའ་ཡོད་པ་བརྡ་སྤྲོད་གཞུང་རྣམས་ནས་གསལ་བར་གསུང་ཡོད། རྩ་བ་ལས། རྗེས་འཇུག་བཅུ་པོ་མ་ཞུགས་ན། །མིང་གཞན་སྦྱོར་བ་ཡོད་མི་སྲིད། །ཅེས་སོགས་ཀྱི་དོན་འཆད་སྐབས་སྐད་གསལ་བྱེད་ཀྱི་སྐབས་བསྡུས་པ་མ་གཏོགས་དོན་ལ་ ངེས་པར་དགོས་པའི་ཚུལ་འཆད་ཡོད། འོན་ཀྱང་འདི་ལ་བསམ་པར་བྱ་བ་འདི་འདྲ་ཞིག་ཡོད་དེ། འ་མཐའ་མེད་པའི་ཕ་དེ་ག་འདྲ་ཞིག་ངོས་འཛིན་དགོས། གསལ་བྱེད་སུམ་ཅུའི་ནང་གི་ཕ་དེ་རེད་ཅེས་ནི་འཆད་དགོས་འོ་ན་དེ་ཉིད་བརྗོད་དུ་ ཡོད་དང་མེད། བརྗོད་དུ་མེད་ན་ནི་ལེགས་སྦྱར་ལྟར་སྲོག་ཡོད་མེད་ཀྱི་ཁྱད་པར་འབྱེད་དགོས་པ་ དང༌། བརྗོད་དུ་ཡོད་ན་གདངས་ག་འདྲ་ཞིག་ཐོན། དེ་བཞིན་གསལ་བྱེད་ཀྱི་ཡི་གེ་རྣམས་རེ་རེ་བཞིན་རྗེས་འཇུག་མ་ཞུགས་པའི་སྐབས་ ཀྱི་གདངས་ག་འདྲ་ཞིག་ཡོད། དེ་དག་ལ་འ་མཐའ་ཞུགས་པའི་སྐབས་ཀྱི་གདངས་དང་རིང་ཆ་ལ་ཅུང་ཟད་ཁྱད་པར་ཡོད་པ་མ་ གཏོགས་གཞན་མི་མཚུངས་པ་ཅི་ལ་ཡོད། དེས་ན་འ་མཐའ་མེད་པའི་ཕ་དེ་རྗོད་ཚེ་སྐྱེ་བྱེད་ཀྱི་ཕ་དེ་གོ་མི་ཐུབ་པའི་རྒྱུ་ མཚན་མེད་པར་སྙམ། གོ་ཐུབ་ན་ནི་འ་མཐའ་ལ་དགོས་པ་མེད་པར་གྱུར་པ་མ་ཚད་དེ་ཉིད་མིང་ཡིན་པ་ལ་ཡང་འགལ་ བ་མེད་ན་མིང་གི་མཚན་ཉིད་ཀྱང་མི་འཐད་པར་འགྱུར་རོ། ད་ནི་དཀྱུས་ཀྱི་དོན་བཤད་ན། མིང་ལ་དབྱེ་ན་དངོས་མིང་དང་བཏགས་མིང་གཉིས། དོན་ དེ་ལ་འདོད་རྒྱལ་མཁན་པོས་ཐོག་མར་བརྡ་སྦྱར་ཞིང་སྦྱར་བ་ལྟར་དོན་དེ་འཁྲུལ་མེད་ དུ་གོ་བའི་སྙན་བྱ་དོན་དེའི་དངོས་མིང་གི་དོན། དངོས་མིང་ལ་དབྱེ་ན་འདོད་རྒྱལ་དང་རྗེས་གྲུབ་གཉིས། བུམ་པ་དང་ཀ་བ་ཞེས་བརྗོད་པའི་སྒྲ་ལྟ་བུ་དང་པོ་དང༌།

བཟོ་གྲྭ་དང་སློབ་གྲྭ་ཞེས་པའི་སྒྲ་ལྟ་བུ་གཉིས་པ་ཡིན། འདིའི་རྗེས་གྲུབ་ཅེས་པ་ནི་སྔོན་དུ་མིང་གཞན་ཞིག་བཏགས་ནས་དེའི་རྗེས་སུ་གྲུབ་ པའི་མིང་ལ་ཟེར་བ་མིན། འདོད་རྒྱལ་མཁན་གྱིས་ཐོག་མར་མིང་བཏགས་པ་ཡིན་ཀྱང་འདོགས་པའི་རྒྱུ་མཚན་བཤད་དུ་ ཡོད་པས་དེ་ལྟར་བརྗོད་པ་ཡིན།དེ་བཞིན་བཏགས་མིང་ལ་ཡང་འདོད་རྒྱལ་དང་རྗེས་གྲུབ་ གཉིས། འདོད་རྒྱལ་དཔེར་ན་སྒྲོལ་མ་མཚོ་མོ་ལ་དབྱངས་ཅན་ལྷ་མོ་ཞེས་བརྗོད་པའི་སྒྲ་ལྟ་ བུ་དང༌། རྗེས་གྲུབ་ལ་འདྲ་བ་རྒྱུ་མཚན་དུ་བྱས་པ་དང་འབྲེལ་བ་རྒྱུ་མཚན་དུ་བྱས་པ་གཉིས། དང་པོ་ནི་སྣ་གུག་ཅིང་སྐྲ་སེར་བའི་བོད་པ་བསམ་པའི་དོན་གྲུབ་ལ་ཨིན་ཇི་ཞེས་ བཏགས་པ་ལྟ་བུ། གཉིས་པ་ཉི་མའི་འོད་ཟེར་ལ་ཉི་མ་ཞེས་བཏགས་པ་ལྟ་བུ་ཡིན། དེ་མིན་ཁྱད་གཞི་ཁྱད་ཆོས། རྟེན་བརྟེན་པ་སོགས་ཀྱི་འབྲེལ་བའི་སྒོ་ནས་བཏགས་པ་ཡང་ཡོད། བསྡུས་གཞུང་རྣམས་སུ་མིང་ལ་དངོས་མིང་དང་བཏགས་མིང་གཉིས། བཏགས་མིང་ལ་འདྲ་བ་རྒྱུ་མཚན་དུ་བྱས་པ་དང༌། འབྲེལ་བ་རྒྱུ་མཚན་དུ་བྱས་པ་གཉིས་ཞེས་དབྱེ་བ་མདོར་བསྡུས་ཏེ་འཆད། ད་ནི་ངོ་བོ་དང་དབྱེ་བ་དེ་ཙམ་གྱིས་ཆོག་པར་བྱས་ནསམཐའ་དཔྱད་པའི་དབང་དུ་བྱས་ན། མིང་འདོགས་པའི་ཚུལ། མིང་གིས་དོན་གོ་ཚུལ། ཞར་བྱུང་བརྡ་ཡི་རྣམ་གཞག་བཤད་པ་དང་གསུམ། མིང་འདོགས་པའི་ཚུལ་འདི་ལ་བྱ་ཚིག་གི་སྒོ་ནས་བཏགས་པ། བྱེད་ཚིག་གི་སྒོ་ནས་བཏགས་པ། འདས་ཚིག་གི་སྒོ་ནས་བཏགས་པ། སྐུལ་ཚིག་གི་སྒོ་ནས་བཏགས་པ་སོགས་མང་པོ་ཞིག་ཡོད་པ་དེ་དག་འགྲེལ་བྱེད་སྔོན་མ་ རྣམས་ཀྱིས་བཀོད་པ་འགའ་ཞིག་འདིར་དྲངས་ན་ཀློག་པ་པོ་རྣམས་ལ་ཕན་ཐོག་ཡོང་བར་བསམ། དེ་དག་ལས་སྒྲུབ་པར་བྱེད་པའི་ཐབས་ལ་སྒྲུབ་ཐབས། སྲུང་བར་བྱེད་པའི་དམག་ལ་སྲུང་དམག་ཞེས་བརྗོད་པ་ལྟ་བུ་རྣམས་ནི་བྱེད་ཚིག་གི་ སྒོ་ནས་བཏགས་པ་ཡིན། བསླབ་པར་བྱ་བ་ལ་བསླབ་བྱ། བཏུང་བར་བྱ་བ་ལ་བཏུང་བྱ་ཞེས་བརྗོད་པ་ལྟ་བུ་རྣམས་ནི་བྱ་ཚིག་གི་སྒོ་ནས་བཏགས་ པ་ཡིན། དགྲ་བཅོམ་ཟིན་པའི་གང་ཟག་ལ་དགྲ་བཅོམ། སྒྲོ་བཏགས་ཟིན་པ་ལ་སྒྲོ་བཏགས་ཞེས་བརྗོད་པ་ལྟ་བུ་རྣམས་ནི་འདས་ཚིག་གི་སྒོ་ནས་ བཏགས་པ་ཡིན། འཆིང་བའི་སྐུལ་ཚིག་ཆིངས་ཤིག་གི་ཟླས་དྲངས་པའི་མགུལ་ཆིངས། ལྟ་བའི་སྐུལ་ཚིག་ལྟོས་ཤིག་གི་ཟླས་དྲངས་པའི་མིག་ལྟོས་ཞེས་བརྗོད་པ་ལྟ་བུ་ རྣམས་ནི་སྐུལ་ཚིག་གི་སྒོ་ནས་བཏགས་པ་ཡིན། བསྡུས་གཞུང་ལྟར་ན་ཆོས་དེ་ལ་དངོས་མིང་དུ་འཇུག་པ་དང༌། ཆོས་དེའི་དངོས་མིང་གཉིས་ལ་མུ་བཞི་འཇོག་པ་ཡིན་པས་གང་ཟག་ཅེས་པའི་སྒྲ་དེ་ཞི་ མི་ལ་དངོས་མིང་དུ་འཇུག་ཀྱང་དེ་ཞི་མིའི་དངོས་མིང་མ་ཡིན་པ་དང༌། ཞི་མི་སྒྲ་དེའི་འཇུག་ཡུལ་མ་ཡིན་པ་ཡང་ཤེས་དགོས། སྐབས་འདིར་བསམ་པར་བྱ་བ་འདི་འདྲ་ཞིག་ཡོད་དེ། ཁང་པ་གཅིག་གི་ནང་དུ་བཀྲ་ཤིས་ཞེས་པའི་མི་གཉིས་ཡོད་ན་དོན་ལ་ཆེ་ཆུང་སོགས་ཀྱི་ ཁྱད་པར་ཡོད་ཆོག་ཀྱང༌། མིང་རྗོད་པའི་སྐབས་བཀྲ་ཤིས་ཆེ་བ་དང་ཆུང་བ། དེ་བཞིན་དཀར་པོ་དང་ནག་པོ་ལྟ་བུ་དབྱིབས་དང་ཁ་དོག་སོགས་གང་གིས་ཁྱད་པར་མ་བྱས་ པར་བཀྲ་ཤིས་ཞེས་པའི་སྒྲ་རེ་རེ་ནས་རྗོད་ན་སྒྲ་དེ་གཉིས་ལ་མི་འདྲ་བའི་ཁྱད་པར་ ག་རེ་ཡོད། དེ་གཉིས་བཟློས་པ་ཡིན་དང་མི་བཟློས་པ་ཡིན། སྒྲ་གཉིས་པོ་དེ་རེ་རེ་ནས་གང་ཟག་གཉིས་པོ་དེའི་དངོས་མིང་ཡིན་པ་དང༌། གང་ཟག་དེ་གཉིས་ཐ་དད་ཡིན་པའི་རྒྱུ་མཚན་གྱིས་མིང་དེ་གཉིས་ཀྱང་སོ་སོ་ཡིན་དགོས་ པ་ནི་དངོས་མིང་སོ་སོའི་གོ་བྱ་ཐ་དད་ཀྱི་དོན་འཇོག་དགོས་པས་ཡིན། མིང་དེ་གཉིས་སོ་སོ་ཡིན་ན་བཀྲ་ཤིས་ཞེས་པའི་སྒྲ་བཀྲ་ཤིས་ཞེས་པའི་སྒྲ་དང་སོ་སོ་བ་ཡིན་པར་འགྲེལ་དགོས་པས་ག་ལ་འཐད།  འདི་དག་དུས་རྒྱུན་ཁྱད་པར་གཞན་ཞིག་སྦྱར་བ་གཞི་ལ་བཞག་ནས་བཤད་ཀྱི་ཡོད་པས་དོགས་ བླངས་ཅུང་ཟད་བྱས་པ་ཡིན། གཉིས་པ་མིང་གིས་དོན་གོ་ཚུལ། མིང་གང་ཞིག་གིས་དོན་གོ་ཚུལ་ནི་དངོས་པོ་དེའི་མིང་ནས་སྨོས་པས་གང་ཟག་ཕ་རོལ་པོ་ དེས་དངོས་པོ་དེའི་བྱེད་ལས་དང་ཁྱད་ཆོས་སོགས་བློ་ཡུལ་དུ་ཤར་བ་ཞིག་དགོས་པ་ལས་ སྒྲ་དེ་ཉིད་རྣ་བར་སོང་བ་ཙམ་གྱིས་མི་ཆོག །དེས་ན་མིང་ལ་བརྟེན་ནས་དོན་གོ་བའི་གང་ཟག་དེས་ནི་དངོས་པོ་དེའི་མིང་དོན་གྱི་ འབྲེལ་བ་ངེས་པར་ཤེས་དགོས། འདིའི་སྐབས་ཀྱི་མིང་དོན་གྱི་འབྲེལ་བ་ནི་མཚན་ཉིད་དང་མཚོན་བྱ་ལྟ་བུ་ལ་ངེས་པར་ གོ་མི་དགོས། དངོས་པོ་དེའི་མིང་དང་མིང་དེའི་གདགས་བྱར་གྱུར་བའི་དངོས་པོ་དེའི་བྱེད་ལས་དང་ ཁྱད་ཆོས་སོགས་ཀྱི་འབྲེལ་བ་ངེས་པ་ཙམ་གྱིས་ཆོག །འདིར་མིང་དོན་གྱི་འབྲེལ་བ་ངེས་པའི་གོ་རིམ་རྣམ་གསལ་གྱི་འགྲེལ་བཤད་ཅུང་ཟད་ ཞུ་ན།

བརྡ་ དུས་ཀྱི་མིང་དང་ཐ་སྙད་དུས་ཀྱི་དོན་ངོས་འཛིན་ཚུལ་ནི་ཐོག་མར་ལྟོ་ལྡིར་ཞབས་ ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཞེས་པའི་སྒྲ་དེ་ལ་བརྡ་དུས་ཀྱི་མིང་ཞེས་ ཟེར། དེ་ལ་བུམ་པ་ཞེས་བརྗོད་པ་དེའི་ཚེ་ཐ་སྙད་སྦྱར་བ་ཡིན། འདིར་བརྡ་དུས་ཀྱི་མིང་ཞེས་པའི་བརྡ་ནི་གོ་བརྡ་འཕྲོད་མ་འཕྲོད་རྩི་བའི་བརྡ་དེ་ ཡིན། སྤྱིར་བརྡ་ཞེས་པ་དེ་ལ་གོ་རྒྱུ་མང་པོ་ཞིག་ཡོད། དཔེར་ན་ལྟོ་ལྡིར་བ་ལ་བུམ་པ་ཞེས་པའི་བརྡ་མ་སྦྱར་བའི་སྔ་རོལ་ཏུ་ཞེས་པའི་བརྡ་ དེ་ནི་ཐ་སྙད་ལ་གོ་དགོས། དྲང་ངེས་ལེགས་བཤད་སྙིང་པོ་ལས་མིང་དང་བརྡ་ལ་ལྟོས་ནས་བཞག་མ་བཞག་ཡིན་ལ་ཞེས་ པའི་བརྡ་ནི་ འདོགས་བྱེད་ཀྱི་རྟོག་པ་ལ་གོ་དགོས། དེ་མིན་འཇིག་རྟེན་ཉེར་སྤྱོད་ཀྱི་ནང་དུ་ཕོ་མོའི་བརྩེ་དུང་མཚོན་བྱེད་མིག་བརྡ། གཞན་ལ་བསྐུལ་བར་མཚོན་བྱེད་ལག་བརྡ་སོགས་ལུས་ཀྱི་རྣམ་འགྱུར་ལ་བརྟེན་པའི་བརྡ་ མང་པོ་ཞིག་ཡོད། གོང་དུ་བཤད་པའི་གོ་བརྡ་འཕྲོད་མ་འཕྲོད་ཅེས་པ་ནི་དཔེར་ན་གང་ཟག་གཞན་ཞིག་ལ་ ཁྱོད་ཀྱིས་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་དེ་ཁྱེར་ནས་ཤོག་ ཅེས་བཤད་ན་གང་ཟག་གཞན་དེས་ཀ་བ་དང་ཕོར་པ་སོགས་དང་མ་འདྲེས་པར་ལྟོ་ལྡིར་ཞབས་ ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ནི་འདི་ཡིན་སྙམ་པའི་བློ་དོན་མཐུན་སྐྱེས་ ཐུབ་ན་དེ་ནི་གོ་བརྡ་འཕྲོད་པ་ཡིན།གཞན་དེ་ལྟར་དབྱེ་བ་འབྱེད་མི་ཐུབ་པ་ནི་གོ་བརྡ་མ་འཕྲོད་པ་ཡིན། དེ་ལྟར་གོ་བརྡ་འཕྲོད་ནས་ཐ་སྙད་མ་སྦྱར་བའི་དུས་དེར་བརྡ་དུས་ཞེས་བརྗོད། བརྡ་དུས་ཀྱི་མིང་དེ་ཉིད་ཀྱིས་ཐ་སྙད་ཀྱི་དུས་སུ་དོན་གོ་ཚུལ་ནི་ལྟོ་ལྡིར་ཞབས་ ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ལ་བུམ་པ་ཞེས་པའི་ཐ་སྙད་སྦྱར་ཞིང་མིང་དོན་ གྱི་འབྲེལ་བ་ངེས་པའི་ཕ་རོལ་པོ་དེ་ལ་བུམ་པ་ཞེས་བརྗོད་ཚེ་ཕ་རོལ་པོ་དེས་བརྡ་ དུས་ཀྱི་མིང་དེ་ཉིད་རྒྱུ་མཚན་དུ་བྱས་ནས་བུམ་པ་ཞེས་པ་ནི་ལྟོ་ལྡིར་ཞབས་ཞུམ་ ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཞིག་ཡིན་སྙམ་པའི་བློ་སྐྱེས་ཐུབ་པ་དེ་ལ་ཟེར། རིགས་པ་དེ་ཉིད་གཞན་ལ་ཡང་སྦྱར་དགོས། གསུམ་པ་བྱར་བྱུང་བརྡ་ཡི་སྐོར་བཤད་པ་ནི། དེ་ཡང་ཚད་མའི་གཞུང་ལས། སྒྲ་རྣམས་ཀྱིས་ནི་བརྡར་བཏགས་སྟོན། །

དེ་ ནི་ཐ་སྙད་ཆེད་དུ་བྱས། །དེ་ཚེ་རང་གི་མཚན་ཉིད་མེད། །དེས་ན་དེ་ལ་བརྡར་མ་ཡིན། །ཞེས་སོགས་ཀྱི་དོན་ནི་དཔེར་ན་མེ་ལ་སོགས་པའི་སྒྲ་རྣམས་ཀྱིས་ནི་དོན་ཚ་སྲེག་ སོགས་ལ་གོ་བྱེད་ཀྱི་བརྡར་བཏགས་ནས་བརྗོད་བྱ་དེ་སྟོན་པའམ་གོ་བར་བྱེད་པ་ཡིན་ལ། བརྡ་དེ་ནི་དོན་དེ་ལ་ཤེས་བརྗོད་འཇུག་གསུམ་གྱི་ཐ་སྙད་བྱ་བའི་ཆེད་དུ་བཏགས་པར་ བྱས་པ་ནི་དེའི་དགོས་པ་ཡིན་པར་གསུངས་པ་བཞིན་བརྡ་དུས་ཀྱི་མིང་གི་དགོས་པ་ནི་ཚ་ ཞིང་སྲེག་པའི་བྱ་བ་དེ་ཉིད་ཤེས་པའི་ཆེད་དུ་བརྡ་སྦྱར་བ་ཡིན་པས་དངོས་པོ་འདིས་ བྱ་བ་འདི་འདྲ་ཞིག་བྱེད་ཅེས་གོ་བརྡ་སྤྲད་ནས་དེ་ལ་མིང་གདགས། ཕྱིས་སུ་ཏེ་ཐ་སྙད་ཀྱི་དུས་མིང་ཅན་གྱི་དངོས་པོ་དེའི་མིང་བརྗོད་ཚེ་དངོས་པོ་ དེའི་བྱེད་ལས་སོགས་བརྡ་དུས་སུ་གང་གོ་བརྡ་སྤྲད་པ་དེ་ཉིད་གོ་ཐུབ་ཆེད་ཡིན་པས་ ན་འདིའི་བརྡ་ནི་གོ་བརྡ་འཕྲོད་མ་འཕྲོད་ཀྱི་བརྡ་དེ་ཡིན་པར་འགྲེལ་ཆོག་སྙམ། ཐར་ལམ་གསལ་བྱེད་ལས་བརྡ་སྦྱོར་བའི་གཞི་དཀར་ཟལ་ལྟ་བུ་ཡིན་ལ་ཆོས་ནི་ནོག་སོགས་ འདུས་པའི་གོང་བུ་ཙམ་མོ། ཞེས་པའི་གསུང་སྟངས་ལ་དཔགས་ན་གོ་བརྡ་སྤྲོད་སའི་གཞི་ནི་གང་ཡང་རུང་བའི་བ་གླང་ ཞིག །གོ་བརྡ་སྤྲོད་རྒྱུ་ནི་བ་གླང་དེ་ལ་ཡོད་པའི་ནོག་དང་ལྐོག་སོགས་ཀྱི་ཁྱད་ཆོས་ དེ་དག་ཡིན་པ་དང༌། ཁྱད་ཆོས་དེ་དག་ཇི་བཞིན་གོ་བརྡ་འཕྲོད་པའི་རྗེས་ལ་དེ་ལས་གཞན་པའི་བ་གླང་གཞན་ དག་མཐོང་བ་ན་སྔོན་གོ་བརྡ་སྤྲད་པའི་ནོག་དང་ལྐོག་སོགས་དྲན་ནས་འདི་ལ་ཡང་ཁྱད་ ཆོས་དེ་དག་ཡོངས་སུ་ཚང་བས་འདི་ཡང་བ་གླང་ཡིན་པར་ངེས་སྙམ་པའི་བློ་སྐྱེ་ཐུབ་ པའི་དོན་འཆད་པ་འདྲ། བརྡ་སྦྱོར་བའི་གཞི་ནི་འདིར་དཔྱད་པའི་ལས་སུ་མི་ཆེ། ཚད་མ་རིགས་རྒྱན་ལས་ནི་བ་གླང་ཞེས་པའི་བརྡ་ཞེས་གསུང་ཚུལ་ལ་བསམ་ན་ཐ་སྙད་དེ་རང་ ལ་གཞི་བཞགས་པ་ཡིན་པ་འདྲ། སྤྱིར་བརྡ་དུས་དང་ཐ་སྙད་ཀྱི་དུས་ཞེས་པ་འདི་བརྡ་སྤྲོད་གཞུང་ལྟར་ན་དངོས་པོ་ དེ་ལ་མིང་ཐོག་མར་འདོགས་པའི་དུས་སུ་བརྡ་དུས་དང༌། མིང་གྲུབ་ཟིན་ནས་ཐ་སྙད་དུས་ཞེས་འཆད་ཀྱི་ཡོད། དེ་ནི་ལྟོ་ལྡིར་བ་ལ་བུམ་པ་ཞེས་པའི་བརྡ་སྦྱར་བ་ལྟ་བུ་དངོས་པོ་དེ་ལ་མིང་བཏགས་ པའི་དོན་ཡིན་པས་གང་ཟག་དང་པོ་བྱ་བའི་ཆ་ནས་འཆད་དགོས། འདིར་ནི་གང་ཟག་གཞན་ལ་བརྡ་སྦྱོར་བ་ཡིན་པས་གང་ཟག་གཉིས་པའི་བྱ་བའི་ཆ་ནས་འཆད་ དགོས་པས་གོ་དོན་གྱི་ཆ་ནས་མི་འདྲ། མདོར་ན་གང་ཟག་དང་པོའི་བྱ་བའི་ཆ་ནས་འཆད་དགོས་པའི་བརྡ་སྦྱོར་ཚུལ་ནི་མིང་ འདོགས་ཚུལ་དང༌། གང་ཟག་གཉིས་པའི་བྱ་བའི་ཆ་ནས་འཆད་དགོས་པའི་བརྡ་སྦྱོར་ཚུལ་ནི་གོ་བརྡ་སྤྲོད་ ཚུལ་ཡིན་ཞེས་འཆད་ན་སྐྱོན་དུ་མི་འགྱུར་སྙམ། དེ་མིན་ཕོ་མོའི་བརྩེ་དུང་མཚོན་བྱེད་མིག་བརྡ། གཞན་ལ་སྐུལ་བར་མཚོན་བྱེད་ལག་བརྡ། གསང་བ་ཞིག་ཡོད་པར་མཚོན་བྱེད་མཆུ་བརྡ། ང་འདིར་ཡོད་ཅེས་པ་མཚོན་བྱེད་ཀི་བརྡ། དགྲ་ཡོང་གི་ཡོད་པར་སྟོན་བྱེད་དུ་བ་གནམ་དུ་བཏང་བའི་བརྡ། གཞན་གནའ་མི་རྒན་པོའི་ངག་རྒྱུན་དུ་དངོས་པོ་ཕན་ཚུན་ལག་རྟགས་སྤྲོད་རེས་བྱེད་ སྐབས་མདོགས་དང་དབྱིབས་སོགས་ལ་བརྟེན་ནས་བསམ་ཚུལ་དང་བྱ་བ་གང་སྒྲུབ་ཀྱི་བརྡ་ སྟོན་པ། བོད་ཀྱི་རྒྱལ་རབས་ནང་དུ་མྱང་ཙིང་ཀུ་དང་དབས་དབྱི་ཚབ་གཉིས་ཀྱིས་གླུ་ངག་ལ་ བརྟེན་ནས་བརྡ་སྤྲོད་རེས་བྱས་པ་སོགས་བརྡ་འདི་ལ་མི་འདྲ་བ་མང་དུ་ཡོད་པར་སྣང༌།།

དགའ་ལྷོ་འབྲི་སྐལ་བཟང༌།

 

 

 

རྩོམ་ཡིག་འདི་ཐེངས་ 4567 བཀླགས་འདུག

 

ཤོག་ངོས་འདི་ཐེངས་ 4353 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་ « དགོས་ཆེད་ལ་རགས་ཙམ་དཔྱད་པ།

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

 གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།

རིག་གནས་གསར་ཤོས།

སྐད་ཡིག་ནི་ཚེ་སྲོག་དང་འབྲེལ།

སྡེ་ཚན། སྐད་ཡིག | ཟླ་ཚེས་ 14-04-2018 | ཀློག་གྲངས། 2895

སྐད་ཡིག་ནི་ཚེ་སྲོག་དང་འབྲེལ། མེས་པོའི་ཚེ་སྲོག་ལས་གྲུབ་པའི་བོད་ཀྱི་སྐད་ཡིག  །སྦྲ་ནག་གྲུ་བཞ... བཀླགས་འཕྲོ...

ཤན་སྐད་དྭངས་གསལ་གྱི་ལམ་སྟེགས།

སྡེ་ཚན། སྐད་ཡིག | ཟླ་ཚེས་ 14-04-2018 | ཀློག་གྲངས། 2818

བོད་མི་རིགས་ལ་དུང་ཞེན་ཆེ་ཞིང་གནའ་དེང་གི་རིག་གཞུང་ལ་སྦྱངས་མཐར་ཕྱིན་པའི་ཁ་བ་ཅན་པའི་མཁས་མིང་འ... བཀླགས་འཕྲོ...

བརྡ་སྤྲོད་རིག་པའི་གཞུང་ལས་མིང་…

སྡེ་ཚན། བརྡ་སྤྲོད། | ཟླ་ཚེས་ 14-04-2018 | ཀློག་གྲངས། 4354

འགྲོ་བའི་རྨོངས་ཆེན་སེལ་བའི་ཕྱིར། །མགོན་པོས་མིང་ནི་གདགས་པར་མཛད། །ཅེས་འགྲོ་བའི་མི་ཤེས་པའི་རྨ... བཀླགས་འཕྲོ...

མཆན་མང་ཤོས།