Sat 14 Apr 2018

བསྟན་པ་ཕྱི་དར་གྱི་སྐབས་སུ་སྟོད་འདུལ་བྱུང་ཚུལ་ནི།

ཚད་གཞི།:
(3 འོས་བླུགས།)

དར་མའི་སྲས་འོད་སྲུང་གི་གདུང་རྒྱུད་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མེ་སྤྲེལ་༩༩༦ལོར་མངའ་རིས་མཐོ་ལྡིང་གསེར་གྱི་ལྷ་ཁང་བཞེངས། རྒྱ་གར་ནས་པཎྜྀ་ཏ་དྷརྨ་པཱ་ལ་སྤྱན་དྲངས་ནས་དམ་པའི་ཆོས་འདུལ་བ་འཆད་ཉན་བྱས། དེའི་སློབ་མ་སདྷུ་པཱ་ལ། གུ་ཎ་པཱ་ལ། པྲཛྙཱ་པཱ་ལ་བཅས་པཱ་ལ་རྣམ་གསུམ་སྤྱན་དྲངས། དེ་རྣམས་ལས་ཞང་ཞུང་རྒྱལ་བའི་ཤེས་རབ་ཀྱིས་སྡོམ་པ་བླངས།

དེའི་སློབ་མ་དཔལ་འབྱོར་དང་ཞང་མོ་ཆེ་བ་བྱང་ཆུབ་སེང་གེ་ལ་སོགས་པ་ནས་བརྒྱུད་དེ་འདུལ་བའི་བསྟན་པ་སྤེལ་བ་དེ་ལ་སྟོད་འདུལ་ཞེས་གྲགས། ལྷ་བླ་མས་རིན་ཆེན་བཟང་པོ་སོགས་བློ་རྣོ་བའི་ཁྱེའུ་མང་པོ་རྒྱ་གར་དུ་ཆོས་སློབ་པར་བཏང་ལོ་ཆེན་རིན་ཆེན་བཟང་པོས་སློབ་གཉེར་མཐར་ཕྱིན་ཏེ་བོད་དུ་ཕེབས། ལོ་ཆེན་གྱིས་བོད་དུ་མདོ་རྒྱུད་མང་པོ་བསྒྱུར། བསྟན་པ་ཕྱི་དར་སྐབས་རྒྱ་དཔེ་བསྒྱུར་བ་དེ་ནས་འགོ་ཚུགས།

བསྟན་པ་བསྣུབས་པའི་ལྕགས་བྱ་ནས་རྩིས་ན་ལོ་ངོ་བརྒྱ་དང་དགུ། ཧྲིལ་པོ་བརྒྱ་དང་བརྒྱད་སོང་བ་དེར་སྔ་དར་དང་ཕྱི་དར་གཉིས་གྱི་བར་སྟོང་ཡིན་ཞེས་མཁས་དབང་དུང་དཀར་གྱི་གསུང་འབུམ་དུ་གསལ།

ཆོས་འབྱུང་མེ་ཏོག་ཕྲེང་བ་ལས་དེས་ན་དབུས་གཙང་གི་མི་དྲུག་གིས་བླ་ཆེན་པོ་དགོངས་པ་རབ་གསལ་ལ་སྡོམ་པ་བླངས་ཞེས་གཡམ་རྒྱུགས་སུ་འཆད་པ་ནི་ནོར་བ་ཡིན་ནོ་ཞེས་གསུངས་སོ། སྤྱིར་བོད་དུ་དར་བའི་ནང་པའི་གྲུབ་མཐའ་ལ་གསར་རྙིང་གི་རྣམ་གཞག་ནི་གསང་སྔགས་ཀྱི་བསྟན་པ་དར་ཚུལ་གྱི་སྒོ་ནས་བཞག་པ་ལས་མདོ་ཕྱོགས་ལ་གསར་རྙིང་གི་དབྱེ་བ་མེད། པཎྜིཏ་སྨྲི་ཏི་ཛྙ་ན་འམ་མཚན་གཞན་དྲན་པའི་ཡེ་ཤེས་འདི་ཡན་ཆོད་བསྒྱུར་བའི་རྒྱུད་རྣམས་ལ་རྙིང་མ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོ་མན་ཆད་དུ་བསྒྱུར་བ་རྣམས་ལ་གསང་སྔཌ་གསར་མའི་ཐ་སྙད་བྱེད། བྱེ་བྲག་དུ་སྔ་འགྱུར་རྙིང་མ། ཇོ་བོ་བཀའ་གདམས། མཉམ་མེད་བཀའ་བརྒྱུད་པ། ཞི་བྱེད་པ། དཔལ་ལྡན་ས་སྐྱ་པ། ཇོ་ནང་པ། རི་བོ་དགེ་ལུགས་པ་བཅས་གྲུབ་མཐའ་སོ་སོའི་བྱུང་ཚུལ་ཆོས་འབྱུང་གཞན་ཁག་ཏུ་རྒྱས་བསྡུས་ཅི་དགོས་ཡོད་པ་དང༌། འདིར་དུས་དེབ་ཀྱི་ས་ཁྱོན་ལ་ལྟོས་པས་ཡིག་ཚོགས་ལ་འཇིགས་ནས་རྒྱས་པར་མ་སྤྲོས་སོ། སྐབས་སུ་བབས་པ་མདོ་ཁམས་ནགས་ཤོད་སྨན་ལྗོངས་ཕྱུག་མོ་འདིར་དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ཏེ་ཐོག་མར་ནང་ཆོས་དུས་གང་གི་ཚེ་དར་བ་ཡིན་སྙམ་ན། དེ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོས་མཛད་པའི་བཀའ་ཆེམས་ཀ་ཁོལ་མ་ཤོག་གྲངས་ ༡༨༥ ཤཱ་བ་བཟུངས་ནས་རྨོས་བྱས། བླང་གྲུ་དུས་ཐང་དུ་རང་ཐག་ཆུ་བསྐོར་བཅོས། ནགས་ཤོད་དུ་ལམ་ནོར་དུ་བཅུག་པ་སོགས་སྙད་བྱས་ནས་འགོར་རོ། ཞེས་དང༌། ནགས་ཤོད་ན་ཨོང་ཅོང་འཁོར་བཅས་འདུག་པས་དགྱེས་སོ། ཞེས་དང༌། དེའི་དོན་ཡང་རྒྱ་བོད་ཡིག་ཚང་ཆེན་མོ་ལས་བློན་པོ་མགར་རིག་པ་ཆེ་བས་རིགས་རྒྱུད་སྤེལ་བའི་ཕྱིར་དུ་ལོ་གཅིག་སྡོད་དགོས་གསུངས། རྟིང་ལ་སྡད་དགོས་བྱུང་བའི་སྐབས་སུ་ན་རྫུ་བཏབ། རིམ་གྲོ་ལ་སྙད་པའི་གཡོ་ཐབས་སྣ་ཚོགས་བྱས་ནས། རྒྱ་མི་མང་རབ་དང་བཅས་པ་ཁྲིད་ནས་ཡར་གྱོགས་པར་ཡོང་བས། ཀོང་ཇོ་དཔོན་གཡོག་གི་ཕྱི་རྗེས་ཁམས་ཀྱི་ནགས་ཤོད་དུ་ཟིན། ཞེས་དུས་རབས་བདུན་པའི་ལྕགས་གླང་སྤྱི་ལོ་༦༤༡ ལོར་ཆོས་རྒྱལ་སྲོང་བཙན་སྒམ་པོས་བློན་པོ་མགར་སྟོན་བཙན་དང༌། ཐོན་མི་སམ་བྷོ་ཊ། འབྲི་སེ་རུ་གུང་སྟོན་སོགས་གསེར་དངུལ་གྱི་རྟེན་དང་བཅས་མངགས་ནས་གོང་མ་ཐང་ཐའི་ཙུང་གི་སྲས་མོ་ཝུན་ཁྲེན་ཀོང་ཇོ་བཙུན་མོར་བླངས།

གོང་མས་ཀོང་ཇོའི་རྫོངས་སུ་རྩིས་རིག་དང་སྨན་གཞུང་དར་གོས་སོགས་དངོས་རྫས་མང་པོ་དང་བཅས་བོད་དུ་སྐྱེལ་བ་གོང་མ་རང་གི་སྐུ་མཆེད་མངགས། རྒྱ་བཟའི་རྟེན་སྐལ་དུ་བདག་ཅག་གིས་སྟོན་པ་ཞལ་བཞུགས་པའི་སྐབས་སུ་ལྷའི་དབང་པོ་རྒྱ་བྱིན་གྱིས་ལྷ་དང་མིའི་རིན་པོ་ཆེ་སྣ་ཚོགས་སྤུངས་པ། སྤྲུལ་པའི་བཟོ་བོ་བི་ཤྭ་ཀརྨས་བཞེངས་ཤིང་སངས་རྒྱས་རང་ཉིད་ཀྱིས་རབ་གནས་མཛད་པའི་རྟེན་མཆོག་ཁྱད་པར་ཅན་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་ད་སྐབས་རྭ་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་བཞུགས་པའི་ཇོ་བོ་རིན་པོ་ཆེ་གནང་བ་རྒྱ་ནག་ནས་བོད་ཀྱི་རྒྱལ་ས་ལྷ་སར་གདན་འདྲེན་སྐབས་མདོ་ཁམས་སྦས་ཡུལ་ནགས་ཤོད་ནས་ཕེབས། ནགས་ཤོད་ཀྱི་ལ་རི་ལར་རྒྱ་བཟའ་སྐུ་ངལ་གསོས་ཏེ་རྡོ་ལ་ཞབས་རྗེས་བཞག་པ་དང༌། ཕ་ཝང་ནོར་བུའི་བང་མཛོད་ཀོང་ཇོའི་ཕྱག་གིས་རྡོ་སྣ་ཕུག་སྟེ་ཆིབས་དྲེལ་དེར་བཏགས་པའི་ཆིབས་རྗེས་ད་ལྟ་གསལ་བ་ཡོད། དེ་ནས་དབྱངས་རིང་ཁུག་ཏུ་ཕེབས་པ་ན་ཀོང་ཇོས་ཡི་གེ་དྲུག་མའི་དབྱངས་རིང་གསུངས་པ་དང༌། ཕྱག་གིས་རྡོ་ཕ་ཝང་ཐོག་ཏུ་ཡིག་དྲུག་བྲིས་གནང་བ་ད་ལྟ་མཇལ་དུ་ཡོད། དེ་ནས་བཟུང་ས་ཆ་འདིར་དབྱངས་རིང་ཁུག་ཞེས་ཐོག ། གླང་ཆེན་ས་ལ་རབ་བརྟན་གཞོགས་གཡས་སུ་ཕབ་ནས་ཉལ་བའི་ལྟོ་བ་ལྟ་བུའི་ས་དཔྱད་ཕུན་སུམ་ཚོགས་པ་ད་ལྟ་རྟ་སྨོན་ཆོས་འཁོར་གླིང་ཆགས་གནས་འདིར་འབྱོར་སྐབས་བུ་མོ་སྤུན་གསུམ་གྱིས་ཀོང་ཇོའི་ཆིབས་ཁ་འཇུས་ནས་ཁྱེད་ཀྱི་འདིར་དགོན་པ་ཞིག་བཞེངས་ན་ངེད་གསུམ་གྱིས་རོགས་བྱེད་ཅེས་བརྗོད་ནས་རྒྱབ་རིར་ཐིམ། བུ་མོ་སྤུན་གསུམ་ནི་དཔལ་ལྡན་དམག་ཟོར་མ་དང༌། དུང་སྐྱོང་མ། དུས་གསོལ་མ་བཅས་ཡིན་པའི་བཤད་རྒྱུན་ཡོད་པ་བཞིན་དགོན་འདིའི་སྲུང་མ་ཐུན་མོང་མ་ཡིན་པ་བྱེད་ཀྱི་ཡོད། དེས་རྐྱེན་བྱས་ནས་ཀོང་ཇོས་རྟ་སྨོན་ཆོས་འཁོར་གླིང་བཏབ་པ་ཡིན་ཏེ། དེ་ཡང་བོད་སོག་ཆོས་འབྱུང་དུ། རྒྱ་བཟའ་ཀོང་ཇོ་ཡར་བྱོན་དུས་བྱུང་བ་སྟར་སྨོས་ཆོས་འཁོར་གླིང༌། ཞེས་དང༌། སུམ་པ་ཆོས་འབྱུང་ལས་སྟར་མོས་ཆོས་འཁོར་གླིང་ནི་རྒྱ་བཟའ་ཀོང་ཇུ་ཡར་བྱོན་དུས་ནས་བྱུང་ཟེར་ཞིང༌། དེའི་ལག་རབ་བརྟན་གླིང་ནི་ལྷ་རྩེ་བླ་མས་བཏབ་ཞེས་ཕུན་ཚོགས་རབ་བརྟན་ཆོས་གླིང་ཡང་སྐབས་དེ་དུས་བློན་པོ་མགར་གྱིས་དབུ་ཞྭ་ས་ལ་བཞག་ནས་མ་འོངས་པར་གནས་འདིར་དགོན་པ་ཆགས་པ་ཡོང་གསུངས་ཏེ་ལུང་བསྟན་སྨོན་ལམ་མཛད། སྐབས་དེར་རྭ་ཞིག་གིས་ས་ལ་ལག་བྲད་བརྒྱབ་པས་རྡོ་ལ་རྭ་རྗེས་བྱུང་ཡོད་པ་དེར་རྭ་ཡི་ས་འདུལ་བྱས་པའི་ངོ་མཚར་བཞེད། ཕྱིས་སུ་ལྷ་རྩེ་བླ་མས་དངོས་སུ་དགོན་པ་བཏབ་པ་ཞིག་ཡིན། རྟ་སྨོན་ཆོས་འཁོར་གླིང་ཐོག་མར་རྒྱ་བཟས་བཞེངས་པའི་གཙུག་ལག་ཁང་ཀ་བ་བཞི་ཡོད་པ། ཁང་པའི་ཐོག་ཕུབ་ཀ་གདུང་བཅས་བཟོ་དབྱིབས་མི་འདྲ་བའི་ཁྱད་ཆོས་ཡོད་ཅེས་གསུང་སྲོལ་ལ་དཔག་ན་བོད་ཀྱི་གནའ་བོའི་ཁང་པའི་བཟོ་དབྱིབས་དང་མི་འདྲ་བ་རྒྱ་ལུགས་ཀྱི་བཀོད་པ་བྱས་ཡོད་པ་གསལ་ཏེ། ཐོག་མར་རྒྱ་བཟས་ཇོ་བོའི་བཞུགས་ཁང་རྒྱ་སྟག་ར་མོ་ཆེའི་གཙུག་ལག་ཁང་བཟོ་སྐྲུན་མཛད་སྐབས་བཟོ་བཀོད་རྒྱ་ལུགས་ཀྱི་བཟོ་དབྱིབས་སུ་བཞེངས་པ་ལས་ཤེས་ནུས་སོ།

རྟ་སྨོན་ཆོས་འཁོར་གླིང་གི་གཙུག་ལག་ཁང་གི་ནང་རྟེན། དཔལ་དུས་ཀྱི་འཁོར་ལོ་དང༌། གསུང་རྟེན་ལག་སྒྲིལ་ཆོས་འཁོར་བང་རིམ་ལྔ་བརྩེགས་ཅན། ཐུགས་རྟེན་ཤེལ་གྱི་མཆོད་རྟེན་ཁྲུ་གང་ཡོད་པ་བཅས་རྒྱ་ནག་ནས་རྒྱ་བཟས་བསྣམས་ཡོང་བ་འདིར་བཞག་པ་དང༌། རྒྱབ་རི་ནས་གཏེར་དུ་བཞེས་པའི་སྒྲོལ་མ་གསུང་བྱོན་མ་དང༌། སྤྱན་རས་གཟིགས་ཁ་སར་པཱ་ཎི། གཏེར་དུང་ཆ་གཅིག་བཅས་བཞུགས་པའི་གཙུག་ལག་ཁང་འདི་བྱུང་ནས་མདོ་ཁམས་སྦས་ཡུལ་ནགས་ཤོད་ཀྱི་ཡུལ་འདིར་ནང་བསྟན་དར་བའི་འགོ་ཚུགས་པ་ངོས་འཛིན་བྱེད་ཆོག་པ་མ་ཟད། བོད་གངས་ཅན་ཀྱི་ལྗོངས་སུ་ནང་པ་སངས་རྒྱས་པའི་གཙུག་ལག་ཁང་བཞེངས་པ་ཐོག་མ་ཡིན་ཞེས་བརྗོད་ན་སྐྱོན་ཅི་ཡང་མེད་དོ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཻ་སེར་ལས། མཁར་ནག་ཆོས་འབྱུང་སོཌ་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་རྒྱ་བཟའ་ཀོང་ཇོ་མདོ་ཁམས་བརྒྱུད་བྱོན་པའི་ཡར་ལམ་བཏབ་པར་བཞེད་ཀྱང༌། ཆོས་རྒྱལ་དུས་ཕ་བོང་ཁ་དང་ཡེར་བ་གོས་དཀར་ལྕང་ལོའི་ཕྲེང་བ་ཅན་གྱི་སྒོམ་གྲྭ་ཚུགས་ཞེས་ལོ་རྒྱུས་རེ་གཉིས་སུ་མཆིས་ནའང་གཞན་འདུས་སྡེ་ལ་སོགས་པ་བྱུང་བ་མ་བཤད་པས་ཐེ་ཚོམ་གྱི་གཞི་ཆེ། འོན་ཀྱང་རྒྱ་བཟས་ཇོ་བོ་ཞག་ཤས་ཙམ་བཞུགས་པའི་བསྟི་གནས་གཙུག་ལག་ཁང་ཆུང་ངུ་བཏབ་པར་ཕྱིས་རིམ་གྱིས་དགོན་པ་ཆགས་སམ་སྙམ་མོ།

ཞེས་གསུངས་པ་ནི་ལོ་རྒྱུས་ལ་ཞིབ་དཔྱད་གནང་བའི་གཏམ་འབའ་ཞིག་སྣང་སྟེ། དེ་ལྟར་བཞེད་ན་ལོ་རྒྱུས་ཀྱི་བྱུང་རིམ་དང་མཐུན་ལ། རིག་པས་དཔྱད་ན་གནོད་བྱེད་ཀྱང་མི་འབྱུང་བའི་ཕྱིར་རོ། བྱུང་རབས་ཀྱི་ཡིག་ཆ་དང་མཐུན་པ་མི་ལོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་རིག་རྫས་ཀྱི་དངོས་པོ་ཕ་མེས་ཡང་མེས་མི་ཐོག་རིམ་པར་བརྒྱུད་དེ། དུས་ཀྱི་འགྱུར་བ་དང་བསྟན་པའི་འཕེལ་འགྲིབ་ལྷག་པར་དམངས་གཙོ་བཅོས་བསྒྱུར་དང༌།

རིག་གནས་གསར་བརྗེ། རྙིང་བཞི་རྩ་གཏོར་སོགས་དུས་འགྱུར་ཅི་འདྲ་ཞིག་བྱུང་ཡང་སྲོག་དང་བསྡོས་ཏེ་གཅེས་ཉར་སྲུང་སྐྱོབ་བྱས་པའི་གནའ་རྫས་ཀྱི་དངོས་པོ་དཔལ་དུས་ཀྱི་འཁོར་ལོ་དང༌། སྒྲོལ་མ་གསུང་བྱོན་མ་དང༌།

སྤྱན་རས་གཟིགས་ཁ་སར་པཱ་ཎི། གཏེར་དུང་བཅས་ད་ལྟའང་དངོས་སུ་གནས་ཡོད་པ་ནི་ནགས་ཤོད་པའི་རིན་ཐང་གཞལ་དུ་མེད་པའི་ནོར་བུ་ཞིག་ཡིན་ཞེས་བརྗོད་ཆོག་པ་ཡིན། རྟ་སྨོན་ཆོས་འཁོར་གླིང་གི་ཁྲོམ་བསྒྲགས་ཚོགས་གཏམ་དུ། གྲགས་སྔ་བ་གཡུ་འབྲུག་སྔོན་མོ། ཆགས་སྔ་བ་རྟ་སྨོན་ཆོས་འཁོར་གླིང༌། ཕྱོགས་བཞི་མི་འགྱུར་ཙན་དན་གྱི་ཀ་བ་བཞི། ཕྱི་མི་འགྱུར་ཟངས་དམར་གྱི་ལྕགས་རི། ནང་མི་འགྱུར་དཔལ་ལྡན་དུས་ཀྱི་འཁོར་ལོ་བཞུགས། དབུས་ལྷ་སའི་ར་མོ་ཆེའི་གཙུག་ལག་ཁང་ལས་ལོ་བཅུ་གསུམ་གྱི་ཆགས་སྔ་བ་ཡོད། ཞེས་ཞལ་ནས་ཞལ་བརྒྱུད་སྙན་ནས་སྙན་བརྒྱུད་དེ་ངོམ་སྟོན་བྱེད་ཀྱི་ཡོད་པ་ནི་ངོམ་རིན་ཡོད་པ་ཞིག་ལོས་ཡིན། ར་མོ་ཆེའི་གཙུག་ལག་ཁང་ལས་ལོ་བཅུ་གསུམ་གྱི་ཆགས་སྔ་བ་ཡོད་གསུང་སྲོལ་ཡོད་པ་ནི། འདི་ནས་རྩིས་པའི་ལོ་བཅུ་གསུམ་སྟེ་ལྕགས་ཕག་སྤྱི་ལོ་༦༥༡ལོར་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས་ཞེས་དཔལ་སྤྲུལ་གྱི་བཞེད་པ་

 

འདིས་འཁྲུལ་གཞི་བྱས་པ་མིན་ནམ་སྙམ།

སྤྱིར་ར་མོ་ཆེའི་གཙུག་ལག་ཁང་དུས་གང་གི་ཚེ་ཕྱག་བཏབ་མིན་ལོ་རྒྱུས་རྣམས་མི་མཐུན་པ་མང་དུ་ཡོད་ཀྱང་ཡོངས་གྲགས་ཆེ་བ་ལྟར་རྒྱལ་དབང་ལྔ་པ་ཆེན་པོ། བཻ་དཀར། སུམ་པའི་མ་རྩིས། ཧོར་ཆོས་འབྱུང་རྣམས་སུ་ལྕགས་གླང་སྤྱི་ལོ་༦༤༡ལོར་ཀོང་ཇོ་བོད་དུ་ཕེབས་པ་བཞེད་པས་ལོ་དེར་ར་མོ་ཆེ་བཏབ་པ་རྩིས་ན་ར་མོ་ཆེའི་གཙུག་ལག་ཁང་ལས་ལོ་གསུམ་གྱི་སྔ་བ་རྩོད་མེད་ཡིན། ཞར་བྱུང་དུ་རྟ་སྨོན་དགོན་གྱི་མིང་ལ་དཔྱད་པ། ངག་རྒྱུན་ལ་རྟར་སྨོན་སྟག་མོའི་ལྟག་པར་(གཉའ་བར་)ཆགས། སྟག་ལྷས་སྟག་མོའི་མཁལ་ཁུང་ཆགས། ཞེས་ས་དཔྱད་ཤོད་སྟངས་གཞན་ཞིག་ལ། སྟག་མོ་ཞོག་གཡས་ས་ལ་ཕབ་ནས་ཉལ་བ་ལྟ་བུའི་གཉའ་བར་ཆགས་པ་ཤོད་ཀྱི་ཡོད་པ་གཞིག་ན། སྐྱེས་བུས་འདོད་རྒྱལ་དུ་བརྡ་བྱས་པ་མ་ཡིན་པ་རྒྱུ་མཚན་ལ་ལྟོས་པའི་ཐ་སྙད་ཞིག་ཡིན་ཏེ། དགོན་པ་ཆགས་གནས་ས་དབྱིབས་ལས་དྲངས་པ་དགོན་མིང་དུ་སོང་བ་སྟག་མོའི་ལྟག་པར་ཆགས་པའི་དགོན་པ་ཞེས་པ་ཚིག་སྣ་བསྡུས་ན། སྟག་མོའི་དགོན་ཞེས་པ་འདི་འབྱུང་བས། སྟག་མོའི་དགོན་ཞེས་ཐོག་པ་མིན་ནམ་སྙམ། དཔེར་ན་སྤྱི་ལོ་༡༠༧༣ལོར་འཁོན་དཀོན་མཆོག་རྒྱལ་པོས་ས་སྐྱ་བོ་ཡོད་སར་དགོན་པ་བཏབ་པས་སའི་ཁ་དོག་ལ་གཞིགས་ནས་ས་སྐྱ་དགོན་ཞེས་བཏཌ་པ་དང༌། སྤྱི་ལོ་༡༤༡༩ལོར་བྱམས་ཆེན་ཆོས་རྗེས་སེ་རྭ་དགོན་ཐོག་མར་ཕྱག་འདེབས་སྐབས་དགོན་པ་ཆགས་གནས་ཤིང་སེ་བའི་སྡོང་པོ་རྭ་བ་བསྐོར་བ་ལྟར་ཡོད་པས་སེ་རྭ་ཞེས་བརྗོད་པ་འདིས་མཚོན་བགྲངས་བ་ལས་འདས་པ་ཡོད། དགོན་པ་འདིའི་མིང་དག་ཆ་འབྲི་སྟངས་མི་མཐུན་པ་མང་པོ་ཞིག་འདུག་པ། བོད་སོག་ཆོས་འབྱུང་དུ་སྟར་སྨོས་ཞེས་དང༌། བཻ་སེར་ནང་རྟ་སྨོས་ཆོས་འཁོར་གླིང་ཞེས་དང༌། ༧གོང་ས་སྐྱབས་མགོན་བདུན་པ་ཆེན་པོས་བསྩལ་བའི་དགོན་འདིའི་བཅའ་ཡིག་ནང་རྟར་སྨོས་ཆོས་འཁོར་གླིང་ཞེས་དང༌། རྟ་སྨོན་ཆོས་འཁོར་བྱམས་པ་གླིང་གི་ལོ་རྒྱུས་ནང་རྟ་སྨོན་ཞེས་མི་མཐུན་པ་མང་དུ་ཡོད་པ་ནི་མི་ཐོག་རིམ་བརྒྱུད་ཁ་སྐད་ཟུར་ཆག་པ། མ་བརྟགས་མ་དཔྱད་པར་ངག་རྒྱུན་ཡིག་ཐོག་བཀོད་པ་ད་ལྟའི་འབྲི་སྲོལ་མི་མཐུན་པ་འདི་བྱུང་ཡོད། ས་དཔྱད་གླང་ཆེན་ཉལ་བ་དང༌། སྟག་མོ་ཉལ་བ་ཤོད་སྟངས་གཉིས་ཡོད་པས་རྒྱུས་མེད་རྣམས་ཀྱིས་དེ་གཉིས་འདྲ་མཚུངས་ཡོང་མི་སྲིད་པས་འགྲེལ་བཤད་གཉིས་མི་ཡོང་སྙམ་ཡང༌། ས་དཔྱད་དངོས་སུ་མཐོང་ན་ཡ་མཚན་ཆེ་བའི་དངོས་ར་འཕྲོད་རྒྱུ་ཡོད། འདི་ནི་ཞོར་འཕྲོས་སོ། ད་ནི་དཀྱུས་ལ་འཇུག་པ་བྱ་སྟེ། སངས་རྒྱས་ཀྱི་བསྟན་པའི་གནས་གཞི་དགེ་འདུན་གྱི་སྡེ་བྱུང་ཚུལ་རགས་ཙམ་བརྗོད་ན། སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་ལས། ལྷ་ལུང་རབ་འབྱོར་དབྱངས་(མལ་གྲོ་བ། རོང་སྟོན་སེང་གེ་གྲཌ་གཉིས་ཀྱིས་ཡེར་བ་ནས་འདུལ་མངོན་གཉིས་ཀའི་དཔེ་མང་དུ་ཁྱེར་ཏེ་ནགས་ཤོད་ལ་བྲོས་ནས། ལྷ་ལུང་གིས་ཟླ་ཤོད་ཚལ་གྱི་དགོན་པ་བཟུང༌། རོང་སྟོན་གྱིས་བྱང་ཚ་བྱེ་རོང་གི་དགོན་པ་བཟུང༌། ཞེས་གསལ་བས་དར་མས་བསྟན་པ་བསྣུབས་པའི་སྐབས་སུའང་ནགས་ཤོད་དུ་དགེ་འདུན་གྱི་སྡེ་ཡོད་ངེས་སོ།

རྣལ་འབྱོར་དབང་ཕྱུག་དཔལ་ལྡན་དགོངས་པ་པའི་བུ་ཆེན་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཆེན་པོ་སྣེའུ་ཟུར་པ་ཡེ་ཤེས་འབར་༡༠༤༢ནས་་༡༡༡༨ ཁོང་གིས་ནགས་ཤོད་བ་ལག་དགོན་ཕྱག་བཏབ་པ་རིམ་པས་དར་རྒྱས་སོང་ནས་དབུས་ཀྱི་གདན་ས་ཆེན་པོ་སེ་རྭ་ཐེག་ཆེན་གླིང་གི་རྒྱ་ཁྱོན་དང་མཉམ་པ་བྱུང་བ་དང༌། ནགས་ཤོད་ཀོ་སྣ་གྲོང་དུ་བཀའ་གདམས་པའི་དགོན་ཆེན་ཞིག་ཆགས་མྱོང་ཡོད་པ་དང༌། རབ་བྱུང་གཉིས་པའི་མེ་ལུག་༡༡༢༧ ལོར་ཕག་གྲུ་བཀའ་བརྒྱུད་ཀྱི་གྲུབ་མཐའི་སྲོལ་བཏོད་པ་པོ་ཕག་གྲུ་རྡོ་རྗེ་རྒྱལ་པོས། ནགས་ཤོད་ཤུག་གདོང་དགོན་རྣམ་རྒྱལ་ལྷ་རྩེ་གླིང་ཕྱག་བཏབ་ནས་ཕག་གྲུ་དགུང་ལོ་བཅོ་བརྒྱད་ཀྱི་སྨད་ནས་ཉེར་གཅིག་བར་བཞུཌ་པ་སོགས་ཇོ་བོ་བཀའ་གདམས་པའི་བསྟན་པ་ཆེས་ཆེར་དར། དེའི་རྗེས་ཀརྨ་པ་དུས་གསུམ་མཁྱེན་པ་ནགས་ཤོད་ཤུག་གདོང་དགོན་དུ་ཕེབས་ནས་བཀའ་བརྒྱུད་པའི་གྲུབ་མཐའ་བཟུང༌། དེའི་རྗེས་སུ་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ་ཕེབས་ནས་གཙང་དགོན་དུ་བསྒྱུར་ནས་རབ་བྱུང་བརྒྱད་པའི་མེ་ཡོས་སྤྱི་ལོ་༡༤༤༧ལོར་འཇམ་མགོན་རྒྱལ་བའི་དངོས་སློབ་རྒྱ་སྟོན་བློ་བཟང་གྲགས་པས་དགེ་ལུགས་སུ་མ་བསྒྱུར་བར་བཀའ་བརྒྱུད་པའི་གྲུབ་མཐའ་བཟུང༌། དེ་བཞིན་ཕག་མོ་དགོན་དང༌། གནས་ཤོད་དག་པོ་ལྕགས་ལུང་དགོན། སྐྱི་རི་སྟག་ལུང་དགོན། ས་དམར་རི་ལུང་དགོན། ཀ་མཆོག་ཐར་པ་གླིང༌། འཕགས་ལུང་དགོན་སོགས་ད་ལྟ་དགོན་མིང་དང་དགོན་ཤུལ་ཡོད་པ་རྣམས་དུས་གང་གི་ཚེ་བྱུང་བ་དང་གྲུབ་མཐའ་གང་གིས་བཟུང་བ་བཤད་ཚོད་དཀའ་ཡང༌། ཀརྨ་པ་དུས་གསུམ་མཁྱེན་པ་དང་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ་སོཌ་བཀའ་བརྒྱུད་བསྟན་པའི་སྒྲོན་མེ་ཆེན་པོ་རྣམས་ནགས་ཤོད་དུ་ཕེབས་ནས་བཀའ་བརྒྱུད་པའི་བསྟན་པ་དར་རྒྱས་ཆེན་པོ་བྱུང་འདུག་པས་ཕལ་ཆེ་བ་མཉམ་མེད་བཀའ་བརྒྱུད་པ་ཡིན་པ་སེམས། དེ་བཞིན་འབྲོང་སྣ་བདེ་ཆེན་དཔལ་འབར་གླིང་ཡང་ཕག་གྲུ་རྡོ་རྗེ་རྒྱལ་པོ་དང་ཀརྨ་དུས་གསུམ་མཁྱེན་པའི་དུས་སམ་དེའི་རྗེས་ཙམ་བྱུང་ངམ། གང་ལྟར་སྔོན་དུས་སུ་བཀའ་བརྒྱུད་པའི་དགོན་ཆེན་ཞིག་ཕྱིས་སུ་རབ་བྱུང་བདུན་པའི་ཤིང་འབྲུག་སྤྱི་ལོ་ ༡༤༢༤ ལོར་འདུལ་འཛིན་གྲགས་པ་དཔལ་ལྡན་གྱིས་རི་བོ་དགེ་ལྡན་གྱི་ལུགས་བཟུང༌། བོམ་ཕན་ལ་ཡང་སྟོད་ཤོག་སྨད་ཤོག་ལྕི་བ་ཤོག་ཁ་གསུམ་ལ། ཉི་དགོན། གཞུང་དགོན། གཞུང་དགོན་ད་ལྟ་ཤུག་གདོང་དགོན་ཡིན་གློ་དགོན་བཅས་དགོན་པ་གསུམ་བྱུང་བ་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་ཆོས་བརྒྱུད་ཡིན་པ་བཤད།

བ་ལག་དགོན་ཕྱིས་སུ་བཀའ་བརྒྱུད་པས་བཟུང་ནས་རབ་བྱུང་བཅུ་པའི་ནང་ད་ལྟ་དགོན་པ་ཆགས་གནས་ཁྱུང་རིའི་ཀླད་དུ་སྤོས་ནས་རྒྱལ་བ་འབྲི་གུང་པའི་གདན་ས་གཉིས་པ་འགོམ་དགོན་ཆོས་འཁོར་བྱམས་པ་གླིང་ཞེས་པ་ད་ལྟ་མཇལ་དུ་ཡོད། ད་ཡོད་བཀའ་བརྒྱུད་པའི་གྲུབ་མཐའ་འཛིན་པའི་འདུས་སྡེ། འགོམ་དགོན། འབྲོང་ངུར་དགོན། གླང་དིལ་དགོན། མར་འགྱེད་དགོན་བཅས་དགོན་པ་བཞི་ཡོད། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་སློབ་མ་ཡང་སློབ་རྣམས་ཀྱིས་མདོ་དབུས་ཁམས་གསུམ། རྒྱ་སོག་མཐའ་དབུས་ཀྱི་ཡུལ་ཁམས་ཐམས་ཅད་དུ་དགེ་ལྡན་རིང་ལུགས་འཛིན་པའི་བཤད་སྒྲུབ་ཀྱི་སྡེ་མང་དུ་སྤེལ་བ་མཛད་པ་ལས། མདོ་ཁམས་སུ་དགེ་བསྟན་ཐོག་མར་སྤེལ་བ་པོ་རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་འཇིག་རྟེན་མགོན་པོ་མཐོང་མཐིང་རལ་པའི་ལན་བུ་དོར་ཏེ་ངུར་སྨྲིག་གི་རྒྱལ་མཚན་འཛིན་པ་ཁྲི་སྟེང་མཛེས་པའི་བླ་ཆེན་བཞིའི་ཡ་གྱལ་སྟག་ཕུ་གུ་ཤྲཱི་དཔལ་ལྡན་དོན་འགྲུབ་རབ་བྱུང་བདུན་པའི་ཆུ་རྟ་སྤྱི་ལོ་༡༤༠༢ ལོར་མདོ་ཁམས་ནགས་ཤོད་དུ་ཕེབས་(༡༤༠༢ དང་༡༤༠༤ བཞེད་པ་གཉིས་འདུག་)སྟེ་གདན་ས་སྟག་ལྡོང་རི་བོ་དཔལ་འབར་གླིང་(ཆོས་སྡེ་དགོན་རི་བོ་དཔལ་འབར་གླིང་)ཕྱག་བཏབ་ནས་རྗེ་བླ་མའི་མདོ་སྔཌ་ཀྱི་རིང་ལུགས་འཆད་ཉན་གྱིས་དར་བར་མཛད་པའི་ཆོས་གྲྭ་ཆེན་པོ་འདི་ལྗོངས་འདིར་དགེ་ལྡན་རིང་ལུགས་ཐོག་མར་དར་བའི་གནས་ཡིན་པ་མ་ཟད། མདོ་ཁམས་སུ་རྗེ་བླ་མའི་བསྟན་པ་ཐོག་མར་དར་བའི་གནས་ཀྱང་ཡིན་ཞེས་བརྗོད་ལ་སྤྲོ།

འོན་ཀྱང་འདི་ནི་ཕྱོགས་ལྷུང་རབ་རིབ་སྐྱོན་གྱིས་མ་གོས་ཤིང་གཟུར་གནས་རྣམ་དཔྱོད་ཀྱི་སྤྱན་དཀྱུས་ཡངས་པ། དྲེཌ་ལྡན་མཁས་པའི་སྤྱི་བོར་བྱུང་རབས་ནོར་བུའི་ཅོད་པན་འགོད་མཁས་ཐུའུ་བཀྭན་ཆོས་ཀྱི་ཉི་མའི་གྲུབ་མཐར་རྗེ་བླ་མའི་རིང་ལུགས་དྲི་མ་མེད་པ་བསྟན་འཛིན་རྣམས་ཀྱིས་རྒྱས་པར་མཛད་ཚུལ་གྱི་ས་བཅད་ལས་འཕྲོས་པ། མདོ་ཁམས་སུ་རྗེ་བླ་མའི་བསྟན་པ་ཐོག་མར་དར་བར་བྱེད་པ་པོ་ནི་སྨད་ཤེས་རབ་བཟང་པོ་ཡིན་ཞེས་གསུངས་པ་ནི། བྱུང་རབས་ལ་དབུ་བསྐོར་མིན་ནའང༌། གཞུང་ལུགས་རྣམས་སུ་གྲཌ་པའི་པཎྜི་ཏ་ཐུགས་མཉམ་པར་མ་བཞག་པའི་གསུང་ཚིག་ཞིག་ཡིན་པ་ལོ་ཚིཌ་ཀྱིས་ར་སྤྲད་ཡོད། རྗེ་བླ་མའི་བསྟན་པ་མདོ་ཁམས་སུ་ཐོག་མར་དར་ནས་ལོ་༦༠༩ཡི་རྗེས་ཏེ་ད་ལྟར་དགེ་བསྟན་མདོ་ཁམས་སུ་ཐོག་མར་དར་བར་བྱེད་པ་པོ་སྟག་ཕུ་གུ་ཤྲཱི་དཔལ་ལྡན་དོན་འགྲུབ་ཡིན་ཞེས་ཁོ་བོའི་ངག་གི་འདབ་མའི་མཐེབ་ཀྱིས་མ་ནོན་པ་བདེན་པའི་གཏམ་གྱི་མདའ་མོ་སྨྲ་སྒོའི་གནམ་རུ་ལས་ཤོར་ཐལ་བ་དོན་དངོས་འབེན་གྱི་གནད་ཕིགས་པ་ནི་སྔོན་བྱོན་དམ་པ་རྣམས་ཀྱིས་བཏང་སྙོམས་སུ་བཞག་པ་ཁོ་བོའི་བགོ་སྐལ་ཡིན་པ་སྤྲོ་བ་བརྟས། རྭ་ཁྱིམ་དགོན་དགའ་ལྡན་དར་རྒྱས་གླིང་ཕྱག་འདེབས་པ་པོ་འདུལ་འཛིན་གྲགས་པ་རྒྱལ་མཚན་ཡིན་ཟེར་བ་དང་ནགས་ཤོད་ལྷ་རྩེ་བ་བཀའ་བཞི་གྲགས་པ་རྒྱ་མཚོས་བཏབ་ཞེས་བཞེད་ཚུལ་གཉིས་ལས་དང་པོའི་དབང་དུ་བྱས་ན་རྗེ་ཙོང་ཁ་པ་ཆེན་པོའི་སྲས་ཀྱི་ཐུ་བོ་གཉིས་ཀྱི་ནང་ཚན། བྱང་ཆུབ་སེམས་པ་ཆེན་པོ་འབྲི་གུང་བ་འདུལ་འཛིན་གྲགས་པ་རྒྱལ་མཚན། རྣམ་དཔྱོད་ཕུལ་དུ་བྱུང་བའི་མཁས་པ་གཉིས་ཀྱི་ནང་ཚན་ཡུལ་གངས་ལྗོངས་ཀྱི་སྙན་ངག་པ་ཆེན་པོ་ཞང་ཞུང་པ་ཆོས་དབང་གྲགས་པ། གྲགས་པ་ཡ་བཞིའི་ནང་ཚན་རྒྱ་སྟོང་བློ་བཟང་གྲགས་པ། འདུལ་འཛིན་གྲགས་པ་དཔལ་ལྡན་སོགས་དམ་པའི་ཆོས་འཛིན་པའི་སྨོན་ལམ་གྱི་མཐུ་གྲུབ་པ་མང་དུ་བྱོན་པ་རྣམས་ཀྱིས་རིམ་པས་དགེ་འདུན་གྱི་སྡེ་བཙུགས་ནས་རྗེ་བླ་མའི་མདོ་སྔགས་ཀྱི་རིང་ལུགས་དྲི་མ་མེད་པ་ལྗོངས་འདིར་ནམ་མཁའི་དབྱིངས་སུ་སྐར་ཚོགས་བཀྲ་བ་དང༌། ནོར་འཛིན་པང་དུ་རྩི་ཐོག་རྒྱས་པ་བཞིན་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་སྤེལ་བ་མཛད་ནས་བསྟན་པ་དར་བ་གྱུར་ཏོ། ད་ཡོད་ནགས་ཤོད་ཚོ་དགུའི་ཁོངས་ཀྱི་དགེ་ལུགས་གྲུབ་མཐའ་འཛིན་པའི་དགོན་པ། ཤུག་གདོང་དགོན། གཡག་འཁྲབ་དགོན། ཆོས་སྡེ་དགོན། འབྲི་རུ་དགོན། ཆོས་གླིང་དགོན། སྒྲུབ་སྡེ་དགོན། འབྲོང་སྣ་དགོན། རྭ་ཁྱིམ་དགོན། རབ་བརྟན་དགོན། རྟ་སྨོན་དགོན། བྱ་སྣ་དགོན་བཅས་སོ།

གསང་སྔགས་རྙིང་མ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་ཉི་མ་གྲགས་པས་ཐོག་མར་སེར་བཀྲ་ཤིས་སྟེང་དུ་སྒྲུབ་པའི་སྡེ་རྟེན་དང་བརྟེན་པར་བཅས་བཞེངས་པ་དེ་ལ་གདན་ས་དང་པོའང་ཟེར། དེ་མིན་ཀ་འོག་སྔགས་དགོན། ཆ་འོག་སྔགས་དགོན་སོགས་དང༌། གྲོང་ཚོ་རེར་ཚེས་བཅུ་ལྷ་ཁང་རེ་བཞེངས༌།ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་དང༌། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གཉིས་ཀྱིས་ཞབས་ཀྱིས་བཅགས་ཤིང་བཀའ་བརྒྱད་ཀྱི་དཀྱིལ་འཁོར་བཞེངས་ནས་ཡེ་ཤེས་ལྷ་ཡི་ཕོ་བྲང་དུ་བྱིན་གྱིས་བརླབས། འཁོན་ཀླུ་ཡི་དབང་པོའི་སྐྱེ་བ་ཁམས་ཉི་མ་གྲགས་པ་ཞེས་འབྱོན་པར་ལུང་བསྟན། བྲག་ལ་ཕྱག་ཞབས་དང༌། སྐུ་རྗེས་སོགས་ཀྱིས་བརྒྱན་ཅིང༌། གཏེར་ཁ་དང་རྒྱུད་སྡེ་དུ་མ་ནས་ལུང་བསྟན་པའི་གནས། གཏེར་ལུང་ལས། གནམ་ས་ཟླ་ཚེས་འདྲ་བའི་ལུང་ཿ །རི་བོ་རྒྱལ་བློན་ཚོགས་འདྲའི་མདུན་ཿ །སྐུ་གསུང་ཐུགས་ཀྱི་ལྷ་ཁང་དང་ཿ །སྒྲུབ་པའི་གང་ཟག་འདུས་སྡེ་ཚུགས་ཿ། ཞེས་གཏེར་ལུང་དང་མཐུན་པ། ཨོ་རྒྱན་སློབ་དཔོན་ཆེན་པོའི་རྡོ་རྗེའི་ལུང་གིས་ཟབ་མོའི་གཏེར་གྱི་འཁོར་ལོས་བསྒྱུར་བ་དབང་བསྐུར་བ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གར་དབང་འགྲོ་འདུལ་གླིང་པའམ། རིག་འཛིན་ཉི་མ་གྲཌ་པས་ལྗོངས་འདིར་སྔ་འགྱུར་ཆེ་བ་དྲུག་ལྡན་གྱི་འདུས་སྡེ་ཆེན་པོ་དྲུག་གི་ཡ་གྱལ་གནས་དགོན་ཟུང་དུ་འབྲེལ་བའི་འདུས་སྡེ་རབ་བྱུང་བཅུ་གཉིས་པའི་ཆུ་ལུག་སྤྱི་ལོ་ ༡༧༠༣ ལོར་ཕྱག་བཏབ། རིག་འཛིན་ཚངས་དབྱངས་རྒྱ་ མཚོས་སྲིང་རྫོང་འོད་གསལ་སྒྲུབ་སྡེ་ཨོ་རྒྱན་དམ་ཆོས་གླིང་ཞེས་པའི་མཚན་གསོལ་གནང༌། དགོན་འདིར་རིག་འཛིན་ཉི་མ་གྲགས་པས་སྤྱན་དྲངས་པའི་ཤར་གཏེར་སྨིན་པ་འབྲས་བུ་ལྟ་བུའི་ཆོས་སྐོར་༢༡ གཙོས་སྔ་འགྱུར་བཀའ་གཏེར་གྱི་དབང་ལུང་ཁྲིད་གསུམ་གྱི་བརྒྱུད་པ་བར་མ་ཆད་པར། མཛོད་བདུན། ངལ་གསོ་སྐོར་གསུམ། སྙིང་ཐིག་ཡ་བཞི་སོགས་ལ་ཐོས་བསམ་མཛད་པ་བཅས་གསང་སྔགས་སྔ་འགྱུར་བ་ཞེས་ཡོངས་སུ་གྲགས་པའི་བསྟན་པ་དར་ཞིང་རྒྱས་པ་མཛད་དོ། ད་ཡོད་སྔ་འགྱུར་རྙིང་མའི་དགོན་པ། ཆགས་རི་དགོན། སེར་བཀྲ་ཤིས་དགོན། རྒོད་ལུང་བཙུུན་དགོན་བཅས་དགོན་པ་གསུམ་ཡོད། རིག་གནས་གསར་རྗེའི་འདྲེ་རླུང་མཁའ་རུ་འཕྱུར་ཞིང༌། རྙིང་བཞི་རྩ་གཏོར་གྱི་འབྲུག་སྟོང་དུས་གཅིག་ལྡིར་བའི་ལས་འགུལ་གྱི་དྲག་ཆར་རླུང་འཚུབ་ནག་པོའི་ལོ་ཟླའི་ཁྲོད། ཕྱི་ནང་སྣོད་བཅུད་ལ་བཟོད་ཐབས་མེད་པའི་ཚབ་ཆེའི་གཏོར་སྐྱོན་ཕོག་སྟེ་འདུས་སྡེ་ཕལ་ཆེ་བ་དམིགས་མེད་ཆོས་ཀྱི་དབྱིངས་སུ་ཐིམ། ལྷག་ལུས་འགའ་ཞིག་ཡོད་པ་ནི་གྱང་རོ་འབའ་ཞིག་ལས་མེད་པ་གསལ་བཤད་ཞུ་དགོས་མེད། འོན་ཀྱང་༧གོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོའི་གསང་གསུམ་འཕྲིན་ལས་ཀྱི་གཟི་འོད་ཉི་ཤར་སྦར་མོས་མ་ཁེབས་པར་སྒོ་གང་ས་ནས་འོད་སྟོང་འཕྲོ་བ་དང༌། ཆོས་བྱེད་དད་ལྡན་མི་མང་གི་རྒྱབ་སྐྱོར་ཁོ་ནས་གོང་གསལ་གྱི་དགོན་པ་རྣམས་ཉམས་གསོ་གང་ལེགས་ཐོབ་ཀྱང་སྔོན་ཚད་ལ་ལྟོས་ན་བོད་ཁྱོན་ཡོངས་བཞིན་དགོན་པའི་མིང་མ་སྟོང་ཙམ་དུ་གནས་པ་ཤ་སྟག་ཡིན་ནོ། །སྨྲས་པ། ཁུངས་ལྡན་རྒྱལ་རབས་ཆོས་འབྱུང་རྒྱ་མཚོ་ཆེ། །སྲུབ་ལས་སྐྱེས་པའི་ལྗོངས་འདིར་དམ་པའི་ཆོས། །བྱུང་རབས་བསྟར་ལ་བརྒྱུས་པའི་ནོར་བུའི་ཕྲེང༌། །སྦས་ཡུལ་འབྲི་ལྗོངས་མཛེས་པའི་རྒྱན་དུ་སྤེལ། །འོན་ཀྱང་བདག་ནི་ཐོས་པའི་ལུས་སྟོབས་ཆུང༌། །ཕྱོགས་ལྷུང་རབ་རིབ་སྐྱོན་གྱིས་མ་བསླད་ཀྱང༌། །བྱུང་རབས་འཚོལ་བའི་ཤེས་རབ་མིག་བྲལ་བས། །མི་ཤེས་ནོངས་པའི་ཚོགས་རྣམས་བཟོད་པར་སོལ། །ལྷག་བསམ་གྱིས་འབད་དགེ་བའི་དངོས་པོ་གང༌། །ཅུང་ཟད་མཆིས་ན་འཛམ་གླིང་ཡངས་པའི་ཁྱོན། །འཚེ་མེད་ཞི་བའི་ལམ་སྟོན་ཐུབ་པའི་བསྟན། །དར་རྒྱས་ཡུན་དུ་གནས་པའི་ཆེད་དུ་བསྔོ།།

འབྲི་རུ་སྐལ་བཟང་རྒྱལ་མཚན།

 

 

རྩོམ་ཡིག་འདི་ཐེངས་ 2377 བཀླགས་འདུག


 

ཤོག་ངོས་འདི་ཐེངས་ 1601 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་ « ཆོས་འབྱུང་རིན་ཆེན་ཕྲེང་བ།

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

 གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།

ལོ་རྒྱུས་གསར་ཤོས།

ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་…

སྡེ་ཚན ལུང་ཚན་བྱེ་བྲག | ཟླ་ཚེས་ 14-04-2018 | ཀློག་གྲངས། 8627

ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན། ནགས་ཤོད་ཚོ་དགུ་ནི། འབྲི་རུ།སྟག་དྲུག །བོམ་ཕན། ཁྲ་རིང... བཀླགས་འཕྲོ...

ནགས་ཤོད་པའི་རིག་གནས་སྒྱུ་རྩལ།

སྡེ་ཚན ལུང་ཚན་བྱེ་བྲག | ཟླ་ཚེས་ 14-04-2018 | ཀློག་གྲངས། 3152

གནའ་དུས་ནས་དམངས་ཁྲོད་དུ་དར་རྒྱས་ཡོད་པའི་རོལ་དབྱངས། གླུ། སྒྲུང་གཏམ། གཏམ་དཔེ། གཞས། ཞབས་བྲོ། ... བཀླགས་འཕྲོ...

འགྲིམ་འགྲུལ་སྐྱེལ་འདྲེན།

སྡེ་ཚན ལུང་ཚན་བྱེ་བྲག | ཟླ་ཚེས་ 14-04-2018 | ཀློག་གྲངས། 3100

བོད་སྤྱི་མཚུངས་བཞིན་རྟ་དྲེལ་མཛོ་གཡག་ལ་བརྟེན་ནས་ཡུལ་འབྲོག་བར་དང༌། ཚོང་འགྲུལ། ཚྭ་ལེན། དབྱར་ད... བཀླགས་འཕྲོ...

མཆན་མང་ཤོས།