ནགས་ཤོད་འདི་བཞིན། བོད་དང་བོད་ཆེན་པོ་གཉིས་སུ་དབྱེ་བས་བོད་ཆེན་པོའི་ཁོངས་སུ་གཏོགས། ས་ཚིགས་དང་ཆོས་ཚིགས་གཉིས་སུ་ཕྱེ་བའི་ཕྱི་མ་དབུས་འགྱུར་ཆོས་འཁོར་ལྷ་སའི་ཤར་ཕྱོགས་སུ་གནས་ཡོད། ཆོལ་ཁ་གསུམ་དུ་ཕྱེས་པའི་བར་པ་མདོ་ཁམས་སྟོད་ཀྱི་ཁོངས་སུ་གཏོགས། མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཀྱི་ཡང་རྩེར་རྩ་དབུ་མ་དང༌། རྐྱང་མ། རོ་མ་གསུམ་གྱིས་རྣམ་པར་མཚོན་པའི་སྦས་ཡུལ་ལུང་གསུམ་སྨན་ལྗོངས་ཀྱི་ནང་ཚན་ནགས་ཤོད་སྦས་ཡུལ་ལྗོངས་འདི། སོག་ཤོད་དང༌། རྒྱལ་ཤོད་གཉིས་ཀྱི་བར་ན་རྩ་དབུ་མའི་ཚུལ་དུ་གནས་ཡོད། འདིའི་ཤར་དུ་ཁམས་ཀྱི་སྲིང་མོ་རྫོང་གསུམ་ཡོད། ལྷོར་སང་ཕུ་མགོན་ལྷ་དཀར་པོ། ། ནུབ་ཏུ་གཉན་སྲས་ནགས་ལྷ་ཛམ་བྷ། བྱང་དུ་མེ་མོ་བྲག་དཀརབཅས་བརྗིད་ཅིང་ལྷུན་ཆགས་པར་གནས། ནགས་ཤོད་ས་ཆའི་ཆགས་དབྱིབས་ནི་ཕུ་ཐམས་ཅད་འབབ་ཆུ་དང་ལུང་ལག་ཕན་ཚུན་འབྲེལ་བས་དཔག་བསམ་ཤིང་གི་ལོ་མ་ཁ་གྱེས་པ་ལྟ་བུ། མདའ་རྣམས་སུ་ནགས་ཀླུང་ཚང་ཚིང་ ཐིབས་པ་བྲག་རི་ཆུ་རུ་འཐབ་པས་ཡོལ་བ་བྲེས་འདྲ་བ། གཞན་ཡང་བྲག་རི་དང་ནགས་རི། རི་ཡི་རྩེ་མོ་རྣམས་གཡུལ་སའི་མཚོན་ཆ་གཟེང་པ་ལྟར་རྔམ་ཞིང་བརྗིད་པ་ཡོད། སྤྱིར་ལུང་པའི་ཕུ་རྣམས་སུ་འབྲོག་ས་དང༌། མདའ་རྣམས་སུ་ཞིང་ས། གངས་རི་དང་རྫ་རི། སྤང་རི། ནགས་རི། མཚོ་དང་མཚེའུ། དྭངས་ཤིང་གཙང་བའི་འབབ་ཆུས་མཛེས། གནས་འདི་རུ་འཚོ་ཞིང་སྤྱོད་པའི་རི་སྐྱེས་སྲོག་ཆགས་ཀྱི་རིགས། གཡུ་ཞུན་གྱི་མདངས་ལ་འཁུ་བའི་སྤང་ལྗོངས་རྣམས་སུ་ཤྭ་བ་དང་གནའ་བས་གཙོས། རི་དྭགས་རྣམས་མ་བུ་ཆ་སྡེབས་ཀྱིས་བག་ཡངས་སུ་རྒྱུ་ཞིང༌། མཚོ་དང་མཚེའུ་རྣམས་སུ་ཆུ་བྱ་ངང་ངུར་དང་ཁྲུང་ཁྲུང་སོགས་རྐྱལ་རྩལ་ལ་རོལ་བ། ནགས་ཀླུང་ཚང་ཚིང་རྣམས་སུ་རྣ་བར་སྙན་ཞིང་འཇེབས་པའི་དྲུག་འགྱུར་གྱི་མགྲིན་སྒྲ་མཐོ་ལ། འདབ་གཤོག་གི་སྤུ་སྡུག་རྣམ་པར་བཀྲ་བའི་བྱ་དང་བྱིའུའི་ཚོགས་རྣམས་འཕུར་ལྡིང་ལ་རྩེན་པ། གཞན་ཡང་ཁོ་ར་ཁོར་ཡུག་ཏུ་རྐང་འཐུང་གཡུ་ཡི་ལོ་འདབ་རྒྱས་པའི་ནགས་ཚལ་གྱིས་བསྐོར་བའི་ཁྲོད་དུ་འཇིགས་པའི་མཆེ་སྡེར་བགྲད་པའི་འཕར་གཟིག་གསའ་དྲེད་སོགས་ངར་སྐད་སྒྲོག་ཅིང་རྒྱུ་བ། མཛེས་བཀོད་ཕུན་སུམ་ཚོགས་པ་བཀྲ་ཤིས་ནགས་ཀླུང་འབབ་པའི་མཛེས་ལྗོངས་དེའི་སྣོད་བཅུད་ཀྱི་དགེ་མཚན་བླ་ན་འབར་བ་མཐོང་ན་ཡིད་འཕྲོག་པ། བསམ་ན་བག་ཕེབས་པ་ཡོད། ནགས་ཤོད་འདི་བཞིན་སྤྱི་ལོའི་དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོས་སུམ་པ་སོགས་དབང་དུ་བསྡུས་ནས་བོད་ཁམས་གཅིག་གྱུར་གྱི་བོད་བཙན་པོའི་རྒྱལ་ཁབ་བཙུགས་ཏེ།སྟོད་སྨད་བར་གྱི་དཔའ་སྡེ་གསུམ་དུ་དབྱེ་མཚམས་བཟོས་པ་ལས་ བར་གྱི་དཔའ་སྡེ་ནགས་ཤོད་ཅེས་ཡོངས་སུ་གྲགས་པ་དེ་ཡིན། བོད་བཙན་པོས་འཇང་ཡུལ་ལ་དམག་འདྲེན་སྐབས། ཤིན་ཏུ་དཔའ་རྩལ་ཆེ་བའི་འཇང་མོ་ཐག་མདུང་ཅན་ཚར་བཅད་ནས་འཇང་ཡུལ་དབང་དུ་བསྡུས་པའི་བར་གྱི་དཔའ་སྡེ་ཞེས་མཚན་སྙན་སྲིད་མཐར་མི་ཉམས་པའི་ཕྱིར་དུ་བོད་བཙན་པོས་བསྟོད་པ་གསུམ་གྱིས་བསྟོད། འཇང་ཡུལ་འདུལ་སྐབས་དཔའ་རྟགས་དགུང་ལ་བཞག་ཡོད། གཞན་ཡང་ཡུལ་ལུང་འདིར་ ཆོས་ལུགས་གྲུབ་མཐའ་སྣ་མང་འདུས་པའི་ཡུལ་ལུང་ཞིག་ཡིན་པ་ནི། བོད་གདོད་མའི་ ཆོས་ལུགས་གཡུང་དྲུང་བོན་དང༌། གསང་སྔགས་རྙིང་མ། བཀའ་གདམས། བཀའ་བརྒྱུད། དགེ་ལུགས་བཅས་ཡོད། ས་སྐྱ་མངོན་ཚན་ཆེན་པོ་མ་དར། ཡུལ་ལུང་འདིར་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་ཆེན་དམ་པ། རིག་གནས་རྒྱ་མཚོའི་དཔལ་ལ་དབང་འབྱོར་བའི་གནས་ལྔ་རིག་པ་བ་དང༌། སྟོབས་འབྱོར་ནམ་མཁའི་མཛོད་ལ་མངའ་བརྙེས་པའི་གྲགས་ཅན་གྱི་མི་སྣ་བྱོན་མྱོང་པ་རེ་རེ་བཞིན་བགྲང་བར་དུས་ཀྱིས་མ་ལོང༌། དེ་བཞིན་ཡུལ་སྲོལ་གོམས་གཤིས། རིག་གནས་སྒྱུ་རྩལ། འགྲིམ་འགྲུལ་སྐྱེལ་འདྲེན། ཞིང་འབྲོག་ཐོན་སྐྱེད། རི་སྐྱེས་སྔོ་སྨན་རིགས་དང༌། གནས་དགོན་རི་ཁྲོད་སོགས་ངོ་མཚར་བའི་བཀོད་པ་དང་ཡོན་ཏན་ཇི་སྙེད་ཅིག་ཡོད་པ་ནགས་ཤོད་འབྲི་རུའི་ལོ་རྒྱུས་དང་ཁམས་སྲིང་མོ་རྫོང་གི་གནས་ཡིག་དཀར་ཆག་སོགས་ལས་ཤེས་པར་བྱ། ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན། ནགས་ཤོད་ཚོ་དགུ་ནི། འབྲི་རུ། སྟག་དྲུག །བོམ་ཕན། ཁྲ་རིང༌། འགོམ། རཀྵི། ན་རོག །བུ་རྫུམ། སེན་ཚ་བཅས་ལ་ནགས་ཤོད་ཚོ་དགུ་ཞེས་འབོད། ཚོ་པ་ སོ་སོ་ལ་སྡེ་ཤོག་མང་ཉུང་ཅི་རིགས་ཡོད། ངོ་སྤྲོད་མདོར་བསྡུས་སུ་འབྲི་རུ་སྐལ་བཟང་རྒྱལ་མཚན་གྱིས།།
- མདུན་ངོས།
- ནགས་ཤོད་མཛེས་ལྗོངས།
ནགས་ཤོད་མཛེས་ལྗོངས།
- Details
- རྩོམ་པ་པོ། : ནགས་ལྷ་དྲ་མཛོད།
- སྡེ་ཚན། མདུན་ངོས།
- ཀློག་གྲངས། 2830