Fri 13 Apr 2018
སྐྱེ་བ་སྔ་ཕྱི་དང་འབྲེལ་ཡོད་དྲི་བ་སོ་ལྔ་པ་ཞེས་བྱ་བ།།
ཤེས་པ་ཟེར་བ་རྩ་དང་ཀླད་པར་དབང་བསྒྱུར་མཁན་དང༌། གཟུགས་ཅན་ལས་འདས་པ། ཐོགས་རེག་དང་བྲལ་བ། ཚེ་སྔ་མ་ནས་འོངས་བ། ལུས་དང་བྲལ་ནས་ཕྱི་མར་འགྲོ་བར་འདོད་མཁན་རྣམས་ཀྱིས་འདི་དག་ལ་ལན་ཐོབ། དེ་ཡང་ཆོས་ཁས་མི་ལེན་མཁན་ཞིག་དང་ལུང་ལ་ཡིད་མི་ཆེས་མཁན་ཞིག་ལ་ལན་འདེབས་ཇི་ལྟར་དགོས་པ་ལྟར་ཐོབ་ཅིག
ལན་འདེབས་པ་པོ་སེར་བྱེས་དགེ་བཤེས་འབྲི་རུ་བསྟན་པས་གསལ་བཤད། སྐྱེ་བ་སྔ་ཕྱི་དང་འབྲེལ་བའི་དྲི་བ་སོ་ལྔ་པ་འདི་མཁས་དབང་དཔའ་བརྟུལ་ལགས་ཀྱིས་ངོ་མཚར་གཏམ་གྱི་བང་མཛོད་ནང་དུ་བཏང་ནས་བདུན་གཉིས་ལྷག་ཙམ་ཕྱིན་ཀྱང་ལན་འདེབས་ཆ་ཚང་བ་ཞིག་འབུལ་མཁན་མ་བྱུང་པ་དང་། ལྷག་ཏུ་དེང་སང་དངོས་གཙོ་སྨྲ་བ་རྣམས་ལས་དྲི་བ་འདི་འདྲ་ཡང་ནས་ཡང་དུ་བྱུང་དང་འབྱུང་བཞིན་པ་དང་། ད་དུང་ཁོང་གིས་ལྷག་བསམ་གཡོ་མེད་ཀྱིས་སྐྱེ་བ་སྔ་ཕྱི་འདོད་མཁན་རྣམས་ལ་དོགས་སློང་དང་། དེ་རྣམས་ལ་དེང་སང་གི་ཕྱོགས་སྔའི་རྩོད་པ་ངོ་སྤྲོད་བྱེད་པ་ཡིན་པས། ངས་ལན་ཐེབས་མིན་དང་། ལན་མང་ཉུང་ལ་མ་བལྟོས་པར་དྲི་བ་ཚང་མ་ལ་ལན་རེ་འབུལ་འདོད་ཡོད། དེ་ཡང་མཁས་འདོད་དང་གྲགས་འདོད་ཀྱིས་ལན་འདེབས་བྱེད་པ་དང་། ལན་འདེབས་གནད་ལ་ཁེལ་བ་ཞིག་ཐེབས་རེ་བཅངས་མེད་པས་ཀློག་པ་པོ་རྣམས་ཀྱིས་ཐུགས་བཞེས་གནང་རོགས་ཞུ།
༡༽རྩ་དང་ཀླད་པ་སྣད་ན་རིག་པ་འཆོལ་འགྲོ་བ་མངོན་སུམ་ཡིན་ན། རིག་པ་རྣོ་ལོད་སོགས་ཀྱང་རྩ་དང་ཀླད་པ་བཟང་ངན་ལས་འབྱུང་ཆོག་པས། རྣམ་ཤེས་ཀྱིས་ཚེ་སྔ་མ་ནས་བག་ཆགས་ཤིག་འདིར་ཁུར་ཡོང་དགོས་དོན་གང་ཡིན་ནམ།
༼འབྲི་རུ་བསྟན་པས་དྲི་བ་༡་ལན༽དེ་གཉིས་མི་འདྲ་སྟེ། རིག་པ་རྣོ་ལོད་ཅེས་པའི་རིག་པ་ནི་རྟེན་དབང་པོ་དང་། ཀླད་པ་དང་རྩ་ལ་སོགས་པ་འཕྲལ་རྐྱེན་གྱིས་མ་བཅོས་པའི་རིག་པ་ལ་བརྩིས་ཡོད། རིག་པ་དེ་རྣམས་རྣོ་དང་མི་རྣོ་ཡི་ཁྱད་པར་ནི་རིག་པ་དེ་རྣམས་ཀྱི་རྒྱུ་ལ་བལྟོས་དགོས། རྒྱུ་དེ་ཡང་བདག་རྐྱེན་དབང་པོའི་ངོ་བོ་འགྲོ་རུང་གི་གཟུགས་ཕྲ་མོ་གཅིག་དང་མཉམ་དུ་ཡོད་པའི་གསལ་རིག་གམ། ནུས་པ་ཞིག་ལ་ངེས་པར་དུ་བལྟོས་དགོས། དཔེར་ན། འབྲས་ཀྱི་མྱུ་གུ་ཡག་སྡུག་གི་ཁྱད་པར་ནི་ས་བོན་ལ་བལྟོས་པ་བཞིན་ནོ། འོན་ཀྱང་ཤེས་པ་སྔ་མའམ་ནུས་པ་ཁོ་ནས་བྱས་པ་མ་ཡིན་ཏེ། ལྷན་གཅིག་བྱེད་རྐྱེན་རྩ་དང་ཀླད་པ། དབང་ཁོག་དང་དབང་པོ་སོགས་ལ་བསྟུན་ནས་གྲུབ་པས་སོ། དཔེར་ན། མྱུ་གུ་ཡག་པོ་ཞིག་སྐྱེད་པ་ལ་དེའི་ལྷན་གཅིག་བྱེད་རྐྱེན་ཆུ་ལུད་དང་ཞིང་ས་སོགས་ལ་བལྟོས་པ་བཞིན་ནོ།
རྩ་དང་ཀླད་པ་ལ་སྣད་པས་རིག་པ་འཆོལ་འགྲོ་བ་ཏན་ཏན་ཡོད། དེ་ནི་འཕྲལ་རྐྱེན་གྱིས་དབང་ལྡན་དང་། དབང་པོ། རྩ་ཀླད་སོགས་ལ་སྣད་པས་ཡིན།
དེ་བཞིན་དུ་ཆང་གིས་བཟི་བ་དང་། ཆམ་རིམས་གྱིས་གཟེར་བ་སོགས་ཀྱིས་རིག་པ་གསལ་ལ་མི་གསལ་བ་ཡང་ཆགས་པའང་ཡོད། ཡང་དབང་ལྡན་དང་། དབང་རྩ། དབང་པོ། ཀླད་པ་སོགས་ལ་སྐྱོན་སོང་ན་དེ་ལ་བརྟེན་པའི་རིག་པའམ། ཤེས་པས་ཡུལ་གསལ་བར་མཐོང་མི་ཐུབ་ཏེ།
དཔེར་ན། དབང་ལྡན་ཁོག་པ་ཞེས་པ་ཁང་པའི་ནང་ལས་ཕྱིའི་གཟུགས་སོགས་ལྟ་སའི་སྒེའུ་ཁུང་ཞིག་དང་མཚུངས་ཆོས་སུ་སྦྱར་ན། དབང་པོ་ཞེས་པ་སྒེའུ་ཁུང་ལས་ཕྱི་རོལ་གྱི་གཟུགས་སོགས་འཆར་བའི་ཁང་སྦུག་གི་ཤེལ་སྒོ་ཞིག་དང་ཆོས་མཚུངས། ཤེས་པ་ཞེས་པ་ཤེལ་སྒོའི་ནང་དུ་ཤར་བའི་གཟུགས་ལྟ་མཁན་གྱི་མི་ཞིག་དང་ཆོས་མཚུངས་པ་ཡིན། མདོར་ན་ཁང་པའི་སྒེའུ་ཁུང་དང་། ཤེལ་སྒོ་གཉིས་གང་རུང་ཞིག་ལ་སྐྱོན་སོང་ན་མི་དེས་ཕྱི་ཡི་གཟུགས་སོགས་གསལ་བར་མཐོང་མི་ཐུབ་པ་བཞིན་ནོ།
༢༽རྩ་དང་ཀླད་པའི་གྲུབ་སྟངས་ལས་རིག་པ་བཟང་ངན་འབྱུང་ཆོག་ན། མི་དང་དུད་འགྲོའི་རིག་པ་བཟང་ངན་ཡང་དེ་གཉིས་ཀྱི་རྩ་ཀླད་གྲུབ་སྟངས་མི་འདྲ་བ་ལས་བྱུང་བ་མ་རེད་ཅེས་ཁ་ཚོན་བཅད་ནས་བཤད་ཐུབ་པའི་རྒྱུ་མཚན་དང་དཔང་རྟགས་གང་ཞིག་ཡོད་དམ།
༼འབྲི་རུ་བསྟན་པས་དྲི་བ་༢་ལན༽རྩ་ཀླད་གྲུབ་སྟངས་ལ་བརྟེན་ནས་རིག་པ་བཟང་ངན་ཏན་ཏན་འབྱུང་གི་ཡོད། དེ་ཡང་རྩ་ཀླད་དང་དེ་ལ་བརྟེན་པའི་ཤེས་པ་གཉིས་འགྲུབ་བྱེད་ཀྱི་རྒྱུ་ལ་འབྲེལ་བ་ཞིག་ཡོད་ངེས་རེད།
མི་ཡི་རྩ་ཀླད་དང་དང་མཉམ་དུ་འབྱུང་བའི་ཡུལ་རྟོགས་པའི་ནུས་པ་ལ་གསལ་རིག་ཅེས་ཐ་སྙད་བཏགས་ཀྱང་རེད། མ་བཏགས་ཀྱང་རེད། གང་ལྟར་ཀྱང་རྩ་ཀླད་དེ་དང་མཉམ་དུ་ཡུལ་ཤེས་པའི་ནུས་པ་ཞིག་འབྱུང་གི་ཡོད། ནུས་པ་དེ་ནི་བ་ཕྱུགས་སོགས་ཀྱི་རྩ་ཀླད་དང་མཉམ་དུ་མི་འབྱུང་སྟེ། དཔེར་ན། འབྲས་ཀྱི་ལོ་ཏོག་ལ་འབྲུ་ཡི་རོ་བཅུད་མི་འབྱུང་བ་བཞིན་ནོ།
མི་དང་བ་ཕྱུགས་གཉིས་རིག་པ་རྣོ་ལོད་ཡོད་པ་ནི་དེ་གཉིས་ཀྱི་རྩ་ཀླད་དང་། དེ་ལ་ཡོད་པའི་ཡུལ་གསལ་བའི་ནུས་པའམ། གསལ་རིག་གཉིས་ཀ་ལ་རག་ལས་ཡོད། རྩ་ཀླད་དང་འབྲེལ་བ་གཏན་ནས་མེད་པའི་མི་དང་བ་ཕྱུགས་ཀྱི་རིག་པ་ཞིག་ཁས་ལེན་དུ་མི་རུང་ངོ་།
༣༽གཟུགས་ཕུང་གྲུབ་ཚུལ་བརྒྱ་ཆ་བརྒྱ་ཡོངས་སུ་གཅིག་པ་ཡིན་ཚེ་དེ་གཉིས་ཀྱི་བསམ་བློ་དང་བྱ་སྤྱོད་གཅིག་པ་ཡོང་མི་དགོས་ན།མི་དང་མི་ལྟ་བུ་ཇི་ཙམ་གྱིས་གཟུགས་ཕུང་གྲུབ་སྟངས་གཅིག་པ་ཡིན་པ་དེ་ཙམ་གྱིས་བསམ་བློ་དང་བྱ་སྤྱོད་འདྲ་བ་མང་ལ། མི་དང་རྟ་ལྟ་བུ་ཇི་ཙམ་གྱིས་གཟུགས་ཕུང་གྲུབ་ཚུལ་མ་འདྲ་བ་ཡོད་པ་དེ་ཙམ་གྱིས་བསམ་སྤྱོད་མ་འདྲ་བ་མང་བ་མངོན་སུམ་ཡིན་པའི་གནས་ལུགས་འདི་ལ་འགྲེལ་བཤད་ག་འདྲ་རྒྱག་གམ།
༼འབྲི་རུ་བསྟན་པས་དྲི་བ་༣ ལན༽གཟུགས་ཕུང་གྲུབ་སྟངས་བརྒྱ་ཆ་བརྒྱ་གཅིག་པ་ཟེར་བ་ནི་ཞིབ་དཔྱད་མ་བྱས་པའི་གཏམ་འདྲ་བོ་མཐོང་། གཟུགས་ཕུང་ཞེས་པ་ལུས་ཀྱི་རྩ་དང་ཀླད་པ་ཁྲག་དང་རླུང་སོགས་ཀུན་ལ་བརྩི་དགོས། ད་དུང་ཆུང་ས་ནས་བཤད་ན་དབང་པོ་ཡང་དེའི་ནང་དུ་ཚུད་ཡོད། བསམ་བློ་གཏོང་སྟངས་ཀྱི་ཁྱད་པར་ནི་དེ་ཚོ་ཀུན་ལ་འབྲེལ་བ་ཞིག་ཆགས་ཀྱི་རེད། དེ་ཚོ་ཀུན་གཅིག་པ་ཡོང་ཁག་པོ་རེད།
སེམས་ཅན་རྣམས་གཟུགས་ཕུང་གྲུབ་སྟངས་ག་ཚོད་འདྲ་བོའི་ཆ་ཡོད་པ། དེའི་ཚོད་ཀྱིས་སེམས་ཅན་དེ་རྣམས་བྱ་སྤྱོད་དང་བསམ་བློ་གཏོང་སྟངས་འདྲ་བོ་འབྱུང་ཞེས་པ་ནི་བདེན་གཏམ་མཐོང་།
༤༽བ་གླང་གི་བེའུ་སྐྱེས་མ་ཐག་ནས་ཁ་ཐུར་ལ་འཁོར་ནས་ཨ་མ་ལས་འོ་མ་ནུ་ཤེས་པ་དང༌། བྱ་ཕྲུག་གིས་སྒོ་ང་ཁ་བྱེ་མ་ཐག་ནས་ཁ་གནམ་ལ་གདང་ནས་ཨ་མ་ལས་འབུ་རོ་ལེན་ཤེས་པ་ཡང་སོ་སོའི་རྩ་ཀླད་དང་གཟུགས་ཕུངས་གྲུབ་སྟངས་ཀྱི་ཆ་ནས་མ་རེད་ཅེས་བཤད་ཐུབ་བམ།
༼འབྲི་རུ་བསྟན་པས་དྲི་བ་༤་ལན༽བེའུ་དང་བྱ་ཕྲུག་སོགས་བཙས་མ་ཐག་ཏུ་སོ་སོའི་ཟས་ལོངས་སུ་སྤྱོད་སྟངས་བསླབ་མ་དགོས་པར་འཚོལ་ཤེས་པ་ནི། རྩ་ཀླད་དང་གཟུགས་ཕུང་གྲུབ་སྟངས་ཀྱི་སྟེང་ནས་འབྲེལ་བ་ཞིག་ཏན་ཏན་ཆགས་ཀྱི་ཡོད། འོན་ཀྱང་རྩ་ཀླད་ཁོ་ན་ལ་བརྟེན་ནས་ཁྱད་པར་དེ་ལྟར་འབྱེད་མི་ཐུབ་སྟེ། རྩ་ཀླད་དང་མཉམ་དུ་ཡོད་པའི་ཡུལ་རྟོགས་པའི་ནུས་པའམ། ཡུལ་ཤེས་པའི་གསལ་རིག་དེ་ལ་འབྲེལ་བ་ཞིག་མེད་ན། བེའུ་དང་བྱ་ཕྲུག་སོགས་ཤི་བའི་རོ་ལ་ཁྱད་པར་དེ་ལྟར་ཡོད་དགོས་པ་ལས། དེ་ལྟར་མ་མཐོང་པའི་ཕྱིར། ཡུལ་ཤེས་རྟོགས་ཀྱི་ནུས་པའམ། གསལ་རིག་དེ་རྒྱུ་སྔོན་དུ་མ་སོང་པར་གློ་བུར་དུ་རྫས་འདུས་པ་ལས་གྲུབ་པ་ཞིག་མི་འདོད་ཅིང། རྒྱུ་དེ་ཡང་གསལ་རིག་གམ་ནུས་པ་འཇུག་སའི་རྟེན་གྱི་གང་ཟག་སྐྱེ་བ་འཕེལ་ཀྱི་ལས་དེ་ལས་བྱུང་བ་ཞིག་འདོད་དོ། །
༥༽ལྷ་འདྲེ་མི་ལ་ཞུགས་ནས་མི་སྐད་ཐོག་ལུང་བསྟན་རྒྱག་ནུས་ན།ལྷ་འདྲེ་དེ་དག་ནེ་ཙོ་སོགས་དུད་འགྲོ་ལ་ཞུགས་ནས་མི་སྐད་ཐོག་ལུང་བསྟན་རྒྱག་ནུས་སམ་མི་ནུས། ནུས་ན་ཡིད་ཆེས་ཀྱང་ཆེ་བ་ཡོང་ངེས་པས་དེ་ལྟར་མི་ཞུགས་པའི་རྒྱུ་མཚན་གང་ཡིན་ནམ།
༼འབྲི་རུ་བསྟན་པས་དྲི་བ་༥་ལན༽ ལྷ་འདྲེ་མི་ལ་ཞུགས་ཏེ་ལྷ་འབེབས་པ་དང་། ལུང་བསྟན་ཞེས་པའི་དོན་ནི། མིའི་རྣམ་ཤེས་གཞན་དུ་ཕུད་ཅིང་ལྷ་འདྲེའི་རྣམ་ཤེས་མིའི་ཕུང་པོའི་ནང་དུ་ཞུགས་པའི་དོན་མིན། དེ་ལྟར་ཡིན་ན། དབང་པོ་གཅིག་ལ་རྟེན་པའི་རྣམ་ཤེས་གཉིས་ཡོད་པར་ཐལ་བ་དང་། ཡང་ན་ལྷ་འདྲེ་མི་ལ་ཞུགས་པའི་ཚེ་མིའི་རྣམ་ཤེས་ཕུང་པོ་ལ་མ་བརྟེན་པར་ཕྱི་ལ་ཁེར་རྐྱང་དུ་འཁྱམ་དགོས་པ་གཉིས་གང་རུང་གང་ཞིག །དེ་གཉིས་ཀ་མི་རིགས་པས་སོ།
འོ་ན་ཇི་འདྲ་ཞིག་ཡིན་ཞེ་ན། མིའི་རྣམ་ཤེས་ལྷ་འདྲེས་ཚོད་འཛིན་བྱས་ཤིང་ལུང་དོན་འདི་ལོབ་དང་། དེ་མ་ལབ་ཅེས་པ་ཙམ་ཡིན་པས། ལྷ་འདྲེས་ཚོད་འཛིན་བྱེད་པའི་མིས་བྱ་སྐད་རྒྱག་པ་དང་། དེ་བཞིན་དུ་བྱས་མི་སྐད་རྒྱག་པའི་ནུས་པ་ནི་ལྷ་འདྲེ་ཞུགས་ཡུལ་དེ་ལ་མེད་དོ། དཔེར་ན། རྗེས་སུ་གནང་བའི་བཀའ་དང་། བྱིན་གྱིས་བརླབས་པའི་བཀའ་སོགས་གནང་བ་མ་བྱིན་པ་དང་། བྱིན་རླབས་མ་ཞུགས་པས་རང་སྟོབས་ཀྱིས་མདོ་སོགས་གསུང་མི་ནུས་པ་བཞིན་ནོ།
དེ་བས་མི་སྐད་རྒྱག་མཁན་གཅིག་གི་རྣམ་ཤེས་ལ་ལྷ་འདྲེས་ཚོད་འཛིན་བྱ་དགོས་ཏེ། ལྷ་ཕབ་ཅིང་ལུང་བསྟན་པའི་རྗེས་སུ་མི་ཞིག་གིས་མི་གཞན་ལ་ལྷ་ལུང་བཀྲོལ་དགོས་པས་སོ།
༦༽གཟུགས་མེད་དང་བར་དོ་སོགས་ད་ལྟའི་རྩ་དང་ཀླད་པ་མེད་པའི་གནས་སྐབས་སུའང་རིག་པ་དྭང་གསལ་ཡིན་ན། ད་ལྟའི་རྩ་ཀླད་སྐྱོན་ཤོར་ན་རིག་པ་འཆོལ་འགྲོ་དོན་གང་ཡིན་ནམ། དེ་བཞིན་སྦྲིད་སྨན་བརྒྱབ་ནས་དབང་རྩ་སྦྲིད་ཚེ་དྲན་ཚོར་མེད་པར་ཆགས་འགྲོ་དོན་གང་ཡིན་ནམ།
༼འབྲི་རུ་བསྟན་པས་དྲི་བ་༦་ལན༽གཟུགས་མེད་ཀྱི་གང་ཟག་རྩ་ཀླད་མེད་ཀྱང་རིག་པ་དྭང་གསལ་དང་། མི་ལ་སོགས་པ་རྩ་ཀླད་ལ་སྣད་པ་ཙམ་གྱིས་རིག་པ་འཆོལ་འགྲོ་བའི་དོན། རྩ་ཀླད་ཡོད་མེད་ཀྱི་ཁྱད་པར་ཙམ་ཡིན།
དཔེར་ན། ཉ་ལ་སོགས་པ་ཆུ་གནས་ཀྱི་སྲོག་ཆགས་འགའ་ཞིག་ཚ་ཆུའི་ནང་དུ་བླུགས་ན་དུས་ཚོད་སྐར་མ་གཅིག་གཉིས་ཤིག་གི་རྗེས་སུ་ཁོང་ཚོ་འཆི་བར་ངེས། ཚ་ཆུའི་ནང་དུ་འཚོ་སྡོད་བྱེད་པའི་སྲོག་ཆགས་རྣམས་ཀྱི་སྲོག་དབུགས་ཀྱང་ཚ་ཆུ་ལ་བརྟེན་ནས་འཚོ་སྡོད་བྱེད་པ་གཉིས་མི་མཚུངས་པ་བཞིན་ནོ། ད་དུང་ཕྲ་ཕུང་ལ་རྟེན་པའི་སྲོག་ཆགས་ཀྱི་རིགས་ཚང་མ་ལ་རྩ་ཀླད་ཡོད་ཅེས་ལབ་ཐུབ་ཁག་པོ་རེད། ཁྲག་དང་རུས་པ་མེད་པའི་དུད་འགྲོ་ཡང་ཡོད་པས་སོ།
རྩ་ཀླད་ལ་སྣད་ན་རིག་པ་འཆོལ་འགྲོ་བའི་ལན་དྲི་བ་དང་པོའི་སྐབས་སུ་བཤད་ཟིན་ཏོ།
༧༽རྟ་ལ་ཐོགས་རེག་མེད་པའི་མི་ཞིག་རྟ་གང་དུ་ཕྱིན་པ་དེར་སླེབས་མི་སྲིད་པ་དང༌། དངོས་སམ་བརྒྱུད་ནས་གྲུ་ལ་མ་རེག་པར་གྲུ་ལ་བརྟེན་ནས་བགྲོད་མི་ཐུབ་ཀྱང༌། ཤེས་པ་རླུང་དང་རྩ་ཀླད་སོགས་ལ་ཐོགས་རེག་མེད་པར་དེ་དག་གི་རྗེས་སུ་འབྲང་ཐུབ་པ་གང་ཡིན་ནམ།
༼འབྲི་རུ་བསྟན་པས་དྲི་༧་ལན༽ཐུག་རེག་མེད་པའི་མི་ཞིག་རྟ་ལ་བཞོན་ནས་འགྲོ་བ་མེད་པའི་རྒྱུ་མཚན་ནི་མི་རྟ་གཉིས་ཀ་གཟུགས་ཅན་ཡིན་པས་སོ། རྣམ་ཤེས་ནི་གཟུགས་མེད་དང་། ཞོན་པའི་རླུང་ནི་གཟུགས་ཅན་ཡིན་པས་རྣམ་ཤེས་རླུང་ལ་བཞོན་ནས་ཕྱིན་ཀྱང་ཐུག་རེག་བྱ་མི་དགོས་པའི་རྒྱུ་མཚན་ནི་མྱོང་བའི་ཐོག་ནས་ཤོད་ཀྱི་ཡོད།
དབུགས་གཏོང་ལེན་མྱུར་བུར་བྱེད་པའི་སྐབས་སུ་བསམ་བློ་དེ་ཡང་སྐད་ཅིག་ཙམ་ཡང་མ་བསྡད་པར་ཡུལ་མི་འདྲ་བ་སྣ་ཚོགས་བློ་ཡུལ་དུ་འཆར་ཡོང་གིན་ཡོད། ད་དུང་ལོ་གཞོན་པའི་དུས་སུ་དབུགས་ཀྱི་རྒྱུ་བ་དང་། སེམས་ཡུལ་ལ་འཕྲོ་བ་གཉིས་ཀ་མྱུར་པོར་བྱེད་པ་དང་། རྒས་འཁོགས་ཆགས་པའི་སྐབས་སུ་གཉིས་ཀ་དལ་དུ་འགྲོ་གི་རེད།
ལྷག་ཏུ་སེམས་དམིགས་པ་ལ་རྩེ་གཅིག་ཏུ་གཏད་པའི་སྐབས་སུ་སྣ་ནང་རླུང་གི་རྒྱུ་བ་དེ་ཡང་དལ་བུར་གཏོང་ལེན་བྱེད་པ་དང་། དེ་བཞིན་དུ་འཆི་ཁར་དབུགས་ཀྱི་རྒྱུ་བ་དལ་དུ་དལ་དུ་འགྲོ་བའི་སྐབས་སུ་སེམས་དེ་ཡང་ཡུལ་གཞན་དུ་འཕྲོ་བ་ལྷོད་དུ་ལྷོད་དུ་འགྲོ་གིན་ཡོད།
མཐར་སྣ་ཁུང་ནང་གི་དབུགས་ཀྱི་རྒྱུ་བ་ཆད་པ་དང་དུས་མཉམ་དུ་སེམས་རགས་པའི་བྱ་བ་དེ་ཡང་མེད་པ་ཆགས་ཀྱི་ཡོད།
ནང་པའི་གཞུང་ལས་རྩ་རོ་རྐྱང་གཉིས་ཀྱི་ནང་དུ་རླུང་རྒྱུ་བའི་སྐབས་སུ་སྣ་ཁུང་གཉིས་ཀྱི་ནང་དུ་རླུང་རྒྱུ་བ་དང་། དེའི་སྐབས་སུ་སེམས་རགས་པས་ཡུལ་ལོངས་སུ་སྤྱོད་པ་དང་། འཆི་ཁ་དང་གཉིད་མཐུག་པོར་ཁུག་པ། འགོག་པ་ལ་སྙོམས་པར་ཞུགས་པ་སོགས་ཀྱི་སྐབས་སུ་རྩ་དབུ་མའི་ནང་དུ་གཉུག་རླུང་དང་གཉུག་སེམས་ཀྱི་བྱ་བ་བྱེད་པའི་སྐབས་ཡིན་ལ། དེའི་ཚེ་སེམས་རགས་པས་ཕྱི་རོལ་གྱི་ཡུལ་ལོངས་སུ་སྤྱོད་མི་ཐུབ་པའི་རྒྱུ་མཚན་ནི། སྣ་ཁུང་དང་། རྩ་རོ་རྐྱང་གཉིས་ཀྱི་ནང་དུ་རླུང་མི་རྒྱུ་བའི་ཕྱིར། ང་ཚོས་དེའི་ཚེ་ཡུལ་མི་རྟོགས་པ་ལྟ་བུར་མངོན་གྱི་ཡོད། དེ་ནི་ཤེས་པ་རགས་པས་བྱ་བ་མི་བྱེད་པ་ཙམ་མོ། མདོར་ན་ཤེས་པ་རླུང་ལ་ཞོན་ཞེས་པ་ནི་ཤེས་པས་ཡུལ་ལ་དམིགས་པ་དེ་རླུང་གིས་ཁྲིད་པའམ། ཡང་ན་རླུང་གིས་རྦུད་བརྒྱབས་ཤིང་ཤེས་པ་ཡུལ་གྱི་ཕྱོགས་སུ་སྐྱོད་པ་ལྟ་བུར་བྱས་པས་ན་ཞོན་ཞེས་ཐ་སྙད་བཏགས་སོ།
༨༽རྣམ་ཤེས་ལུས་དང་བྲལ་ཏེ་བར་སྣང་ནས་རང་གི་ལུས་སོགས་མཐོང་ཞིང༌། སྨན་པས་མྱུར་སྐྱོབ་བྱས་པ་ན་སླར་ལུས་ལ་ཞུགས་ཟེར་ན། སྨན་པས་མྱུར་སྐྱོབ་བྱེད་པ་ནི་གཙོ་བོར་དབུགས་འབྱིན་རྔུབ་དང་སྙིང་འཕར་ལྡིང་བྱེད་ཐབས་བྱེད་པ་ཡིན་ལ། སྙིང་འཕར་ལྡིང་བྱེད་པ་དང་དུས་མཉམ་དུ་རྣམ་ཤེས་སླར་ཞུགས་པ་ཡིན་ནམ། སྔོན་ནམ་ཕྱིས་སུ་ཞུགས་ནའང་འགྲིག་པ་ཞིག་ཡིན།
༼འབྲི་རུ་བསྟན་པས་དྲི་བ་༩་ལན༽རགས་པའི་རྣམ་ཤེས་འགགས་ཀྱང་ཕྲ་མོའི་རྣམ་ཤེས་ལུས་ཀྱི་ནང་དུ་གནས་པ་ཁས་བླངས་ན་འགལ་བ་ཞིག་མེད། དཔེར་ན། འཕྱི་བ་དགུན་དུས་སུ་རགས་པའི་རྣམ་ཤེས་འགགས་ཤིང་ཟླ་བ་ལྔ་དྲུག་ཅིག་གི་རིང་ལ་ལུས་སེམས་རགས་པའི་བྱ་བ་མི་བྱེད་པའི་ཚེ་ཉལ་བའི་ཐ་སྙད་བྱེད་པ་བཞིན་ནོ། དགུན་དུས་སུ་ལུས་ལ་ལྷགས་རླུང་སོགས་བརྒྱབ་ན་དེ་མ་ཉིད་དུ་རགས་པའི་རྣམ་ཤེས་ཀྱི་བྱ་བ་བྱེད་ཀྱི་ཡོད། རྒྱུ་མཚན་དེའི་ཕྱིར། ཉལ་བའི་འཕྱི་བའི་ལུས་ལ་ཤེས་པ་ཡོད་པ་དང་། ཤི་བའི་འཕྱི་བའི་ལུས་ལ་ཤེས་པ་མེད་པ་གཉིས་ཀྱི་ཁྱད་པར་འབྱེད་ཐུབ།
ཡང་མ་ཉལ་གོང་གི་འཕྱི་བའི་ཤེས་པ་དེ་དང་། ཉལ་ནས་ལངས་པའི་རྗེས་སུ་འཕྱི་བའི་དྲན་པ་དེ་གཉིས་རྒྱུན་གཅིག་ཡིན་པ་གང་ལས་ཤེས་སྙམ་ན། མ་ཉལ་གོང་དུ་རྩ་དང་ཆུ་འཚོལ་ས་གང་ཡིན་པ་དང་། འཕྱི་ཁུང་འཛུལ་ས་གང་དུ་ཡོད་པ། ཐ་ན་དགྲ་གང་ནས་ཡོང་གི་ཡོད་པ་སོགས་ཀུན་ལངས་པའི་རྗེས་སུ་སྔར་རྒྱུན་ལྟར་འགྲོ་དགོས་ས་དང་། གཟབ་དགོས་ས་ཏག་ཏག་བྱེད་ཀྱི་ཡོད་པས་སོ།
གང་ལྟར་ཀྱང་གཉིད་ཉལ་ཁའི་སེམས་དང་། གཉིད་སད་པའི་སེམས་གཉིས་རྫས་རྒྱུན་ཁ་ཁ་སོ་སོ་འཇོག་མི་རུང་སྟེ། དེ་བཞག་ན་ཁ་སང་གི་ང་ཚོའི་སེམས་དང་། དེ་རིང་གི་ང་ཚོའི་སེམས་གཉིས་རྫས་རྒྱུན་ཁ་ཁར་འཇོག་དགོས། དེ་ལྟར་ན། ཁ་རྩང་ཤེས་པའི་ཡུལ་རྣམས་དེ་རིང་མི་ཤེས་པར་ཐལ་བའི་ཕྱིར་རོ། རྒྱུ་མཚན་ནི་གོང་དུ་བཀོད་པ་གཉིས་དུས་རིང་ཐུང་ཙམ་མ་གཏོགས་གཉིད་མཐུག་པོ་དང་རྨི་ལམ་གྱིས་ཆོད་པ་གཅིག་པས་སོ། དེ་འདྲའི་དོགས་པ་ཡོང་ཁག་པོ་རེད། ལུས་སེམས་ཕྲ་རགས་ཀྱི་སྐོར་ཞུས་ཟིན་ཏོ།
༡༠༽གཉིད་ཐབས་ལ་བརྟེན་ནས་ཡུལ་གཞན་གྱི་དེབ་སོགས་ཀློག་སྟེ་དོན་ཤེས་པར་བྱེད་ཅིང༌། དེ་ནི་རྣམ་ཤེས་ལུས་དང་བྲལ་ནས་འགྲོ་བའི་རྟགས་ཡིན་ཟེར་ན། མངོན་ཤེས་ཀྱིས་ཡུལ་གཞན་ཤེས་པའི་ཚེ་ཡང་རྣམ་ཤེས་ལུས་དང་བྲལ་ནས་འགྲོ་བ་དང༌། གཞན་རྒྱུད་མངོན་སུམ་དུ་རྟོགས་པའི་ཚེ་ཡང་རང་སེམས་གཞན་རྒྱུད་དུ་ཞུགས་པའམ་འཛུལ་བར་སྨྲ་ཆོག་གམ།
༼འབྲི་རུ་བསྟན་པས་དྲི་བ་༡༠་ལན༽རྨི་ལམ་དང་མངོན་ཤེས་གཉིས་ཀྱིས་ཡུལ་རྟོགས་པའི་སྐབས་སུ་ཕུང་པོ་རགས་པ་དང་བྲལ་ནས་ཐག་རིང་ལ་སྐྱོད་པ་དང་། མི་སྐྱོད་པའི་ཁྱད་པར་ཡོད་དེ། རྨི་ལམ་གྱི་སེམས་ཕྲ་མོ་ནི་ལུས་རགས་པ་དང་བྲལ་ནས་གཉུག་མའི་རླུང་ལས་གྲུབ་པའི་ལུས་ཕྲ་མོ་སྒྱུ་ལུས་ལ་བརྟེན་ཅིང་ཐག་རིང་དུ་འགྲོ་བ་དང་། དཔེ་ཆ་ཀློག་པ་སོགས་ཀྱི་བྱ་བ་བྱེད་པ་ཤོད་རྒྱུ་ཡོད་ལ། མངོན་ཤེས་ལ་དེ་ལྟར་བཤད་དུ་མི་རུང་སྟེ། མངོན་ཤེས་ནི་སེམས་རགས་པ་ཡིན་པས་ལུས་རགས་པ་ལ་བརྟེན་དགོས་ཤིང་། གཉིད་མཐུག་པོའི་སྐབས་སུ་ལུས་རགས་པའི་བྱ་བ་ཐམས་ཅད་འགགས་པས་སོ། གཉིད་ཐབས་ལ་བརྟེན་ཅིང་ཡུལ་རྟོགས་པ་སོགས་ནི་ཕྲ་མོའི་རླུང་སེམས་ཀྱིས་བྱ་བ་བྱེད་པའི་སྐབས་ལ་ཤོད་ཀྱི། དེ་ནི་གཞི་དུས་ཀྱི་སྒྱུ་ལུས་འབྱུང་བའི་སྐབས་ཡིན་ནོ། མངོན་ཤེས་སོགས་ཀྱི་ཡུལ་རྟོགས་ཚུལ་ནི་སྒྱུ་ལུས་དང་འབྲེལ་བ་མེད་པ་ཙམ་དུ་མ་ཟད་སེམས་རགས་པས་བྱ་བ་བྱེད་པའི་སྐབས་ལ་ཤོད་ཀྱི་ཡོད། དེ་བས་གོང་ཞུས་གཉིས་ཀྱི་ཡུལ་རྟོགས་ཚུལ་སོགས་ནི་མི་མཚུངས་སོ། །ལུས་སེམས་ཕྲ་རགས་སྐོར་བཤད་ཟིན་ཏོ། །
༡༡༽རྨི་ལམ་གྱི་སྐབས་སུ་ལུས་པོ་རྒྱ་གར་དུ་བཞག་ནས་རྣམ་ཤེས་བོད་ན་ཕྱིན་ཏེ་དེབ་ཀློག་པ་ལྟར་ན། བོད་ན་ཡང་གཟུགས་མངོན་སུམ་མཐོང་བའི་བདག་རྐྱེན་གྱི་དབང་པོ་གཅིག་དང༌། རྒྱ་གར་ན་ཡོད་པའི་ལུས་དེ་ལ་ཡང་བག་ལ་ཞ་བའི་དབང་པོ་གཅིག་སྟེ། གང་ཟག་གཅིག་ལ་མིག་གི་དབང་པོ་གཉིས་དུས་མཉམ་དུ་ཡོད་པར་སྨྲ་ཆོག་གམ།
༼འབྲི་རུ་བསྟན་པས་དྲི་བ་༡༡་ལན༽གོང་དུ་གསུངས་པ་ལྟར་དབང་པོ་གཉིས་དུས་མཉམ་དུ་ཡོད་ཀྱང་གཅིག་གིས་དབང་པོའི་བྱ་བ་བྱེད་པའི་ཚེ་གཅིག་ཤོས་ཀྱིས་དབང་པོའི་བྱ་བ་མི་བྱེད་པས་གོང་གི་འགལ་བ་ནི་མེད་དོ། །དོགས་སློང་དེ་སྔགས་གཞུང་ཕལ་ཆེ་བའི་ནང་དུ་ཡོད་ཅིང་། དེའི་ལན་ལའང་ཕྲ་མོའི་ལུས་ཀྱིས་བྱ་བ་བྱེད་པའི་ཚེ། རགས་པའི་ལུས་ཀྱི་བྱ་བ་འགགས་ལ། རགས་པའི་ལུས་ཀྱིས་བྱ་བ་བྱེད་པའི་ཚེ་ཕྲ་མོའི་ལུས་ཀྱི་བྱ་བ་བག་ལ་ཉལ་བའི་ཚུལ་དུ་བསྡད་ཡོད་པས། སེམས་ཅན་རྣམས་རྣམ་པར་ཤེས་པའི་རྒྱུན་རེ་རེ་བའོ། །ཞེས་པའི་གཞུང་དང་མི་འགལ་ཟེར། ལུས་སེམས་ཕྲ་རགས་སྐོར་ཞུས་ཟིན་ཏོ། །
༡༢༽རང་ཉིད་རྒྱ་གར་དུ་ཉལ་བཞིན་རྨི་ལམ་དུ་བོད་ནང་རྐང་པོལ་འགྲན་བསྡུར་བྱས་པ་རྨིས་ནས་རྐང་པ་གཡུག་གཡུག་བྱེད་པའི་ཚེ། རྣམ་ཤེས་དེ་རྨི་ལམ་དང་མཉམ་དུ་བོད་ནང་གི་རྩེད་ཐང་ཐོག་ཡོད་པ་ཡིན་ན། འདིར་རྐང་པ་གཡུག་གཡུག་བྱེད་པ་ནི་འདྲེ་ཞུགས་པ་ཡིན་ནམ།
༼འབྲི་རུ་བསྟན་པས་དྲི་བ་༡༢ ལན༽ ཕུང་པོ་རགས་པའི་རྐང་པ་གཡུག་པའི་ཚེ་སྒྱུ་ལུས་ཕྱི་ལ་སོང་བ་མིན་པས་དེའི་ཚེ་རྣམ་ཤེས་བོད་དུ་བསླེབས་མེད། དེའི་ཚེ་ལུས་སེམས་རགས་པས་བྱ་བ་བྱེད་པའི་སྐབས་ཡིན་པས་གཉིད་མཐུག་པོ་ཁུག་པ་དང་། ལུས་སེམས་ཕྲ་མོས་བྱ་བ་བྱེད་པའི་སྐབས་མིན་ནོ། །ལུས་སེམས་ཕྲ་རགས་ཀྱི་བྱ་བ་བྱེད་ཚུལ་སྐོར་སྐོར་ཞུས་ཟིན་ཏོ། །
༡༣༽ཕྲ་ཕུང་གཅིག་ལས་མཆེད་པའི་ཕྲུ་གུ་མཚེ་མ་གཉིས་པོར་མཚོན་ན། ཕྲ་ཕུང་གཅིག་ཡིན་པའི་གནས་སྐབས་སུ་རྣམ་ཤེས་ཞུགས་པ་ཡིན་ནམ། གཉིས་སུ་གྱེས་ཟིན་པའི་གནས་སྐབས་སུ་ཞུགས་པ་ཡིན། ཕྱི་མ་ལྟར་ན་གཅིག་ཅར་ཞུགས་སམ་སྔ་ཕྱིར་ཞུགས། ཕྲ་ཕུང་གཅིག་པའི་གནས་སྐབས་སུ་རྣམ་ཤེས་མ་ཞུགས་དོན་གང་ཡིན་ནམ།
༼འབྲི་རུ་བསྟན་པས་དྲི་བ་༡༣་ལན༽ཕྲ་ཕུང་གཅིག་གི་གནས་སྐབས་སུ་རྣམ་ཤེས་ཞུགས་པར་འདོད། དེ་ཡང་དུས་མཉམ་དུ་ཞུགས་པ་ཡིན། གང་གིས་ན། མཚེ་མ་དེ་གཉིས་སྐྱེ་བ་དུས་མཉམ་དུ་བླངས་པ་ཡིན་པས་དབང་པོ་གཉིས་ཀྱིས་ཀྱང་བདག་རྐྱེན་གྱི་བྱ་བ་བྱེད་པ་དུས་མཉམ་དུ་དགོས་པས་སོ། །དབང་པོ་གཅིག་ལ་རྟེན་པའི་རྣམ་ཤེས་གཉིས་མི་ཡོང་བས་དབང་པོ་གཉིས་ཀྱང་དུས་མཉམ་དུ་གྲུབ་པར་འདོད།
འོ་ན་ཕྲ་ཕུང་གཅིག་ཡིན་པས་དེ་ལ་དབང་པོ་གཉིས་ཇི་ལྟར་འཇུག་ཅེ་ན། དེའི་སྐྱོན་མེད་དེ། ཕྲ་ཕུང་ཞེས་པ་ང་ཚོའི་དབང་ཤེས་ཀྱི་ཡུལ་དུ་གྱུར་པའི་གཟུགས་རགས་པ་གཅིག་ལ་བརྩིས་ཡོད། དེ་ལ་སྟོད་སྨད་དང་། སྟེང་འོག །གཡས་གཡོན་སོགས་ཀྱི་ཆ་མང་པོ་འབྱེད་ཆོག །ཤེས་པ་ཞེས་པ་གཟུགས་མིན་གྱི་གསལ་རིག་ཅིག་དང་། དབང་པོ་ཞེས་པ་ཤིན་ལྐོག་གི་གཟུགས་ཤིག་ཡིན་པས་ཕྲ་ཕུང་གི་སྟོད་སྨད་དང་། སྟེང་འོག །གཡས་གཡོན་སོགས་ཆ་དུ་མར་ཕྱེ་སྟེ། དབང་པོ་དང་དེ་ལ་རྟེན་པའི་ཤེས་པ་མང་པོ་ཞུགས་ཀྱང་མི་ཤོང་བའི་ཐ་སྙད་མེད་དོ།
༡༤༽ཚན་རིག་པས་ཆེད་དུ་གཉེར་ནས་འདྲ་བཟོ་(Clone)བྱས་པའི་ལུག་ཌོ་ལི་(Dolly)ཟེར་བ་དེ་སེམས་ཅན་རང་མཚན་པ་བསད་ན་གསོད་གཅོད་ཀྱི་ཉེས་པའི་ཡུལ་ཞིག་ཡིན་ནམ་མིན། ཡིན་ན་དེའི་རྣམ་ཤེས་ཉིང་མཚམས་ཇི་ལྟར་སྦྱོར་ཚུལ་བཤད་རྒྱུ་ཡོད་དམ།
༼༡༤༽ཚན་རིག་པས་ཆེད་དུ་གཉེར་ནས་འདྲ་བཟོ་(Clone)བྱས་པའི་ལུག་ཌོ་ལི་(Dolly)ཟེར་བ་དེ་སེམས་ཅན་རང་མཚན་པ་བསད་ན་གསོད་གཅོད་ཀྱི་ཉེས་པའི་ཡུལ་ཞིག་ཡིན་ནམ་མིན། ཡིན་ན་དེའི་རྣམ་ཤེས་ཉིང་མཚམས་ཇི་ལྟར་སྦྱོར་ཚུལ་བཤད་རྒྱུ་ཡོད་དམ།
༼འབྲི་རུ་བསྟན་པས་དྲི་བ་༡༤་ལན༽འདྲ་བཟོ་ལུག་ཌོ་ལི་ཞེས་པ་དེ་སྲོག་ལྡན་ཞིག་ཡིན་ན་དེ་བསད་པའི་སྲོག་གཅོད་ཀྱི་ཉེས་པ་འབྱུང་ལ། སྲོག་མེད་ཅིག་ཡིན་ན་དེ་བསད་པའི་ཐ་སྙད་ཀྱང་མེད་པས། སྲོག་གཅོད་ཀྱི་ཉེས་པ་ཅི་ལ་འོང་། འདྲ་བཟོའི་ལུག་དེ་ལ་རྣམ་ཤེས་འཇུག་པའི་སྐབས་མེད་པ་ནི་མ་ཡིན་ཏེ། རྣམ་ཤེས་འཇུག་ཚུལ་ལ་འདི་དང་དེ་ཡི་རྣམ་དབྱེ་འབྱེད་ཁག་པས་སོ། །དཔེར་ན། སྐུད་པ་རུལ་བ་ལ་རྣམ་ཤེས་འཇུག་པ་དང་། བྲག་དང་རྡོ་ཡི་གསེང་དུ་རྣམ་ཤེས་འཇུག་པ་སོགས་མཐའ་ཡས་སོ། འདྲ་བཟོ་དེའི་རྒྱུད་ལ་ལུག་དབང་ནམ་གྲུབ་པ་ན། དེའི་རྒྱུད་ལ་རྣམ་ཤེས་ཞུགས་པར་འདོད་ན་སྐྱོན་ཞིག་མེད་དོ། །
༡༥༽རྒྱ་མཚོའི་ཉ་རིགས་འགའ་ཞིག་(Hydra)ཤིང་སྡོང་པོ་ལ་ཡལ་ག་སྐྱེ་བ་བཞིན། རང་གི་ལུས་ནས་རང་དང་འདྲ་བ་གཞན་ཞིག་རིམ་གྱིས་སྐྱེས་ཤིང་མཐར་སེམས་ཅན་གཉིས་ཆགས་ཀྱིན་ཡོད་པ་མཐོང་གསལ་ལ། སེམས་ཅན་ཕྱི་མ་དེའི་རྣམ་ཤེས་ག་དུས་ཞུགས་པ་དང་ཇི་ལྟར་ཞུགས་པའི་འགྲེལ་བཤད་གསལ་པོ་ཡོད་དམ།
༼འབྲི་རུ་བསྟན་པས་དྲི་བ་༡༥་ལན༽ ཉ་རིགས་དེའི་ལུས་ཀྱི་ཆ་ཤས་འགའ་ལས་ཤིང་ལས་ཤིང་གི་ཡལ་ག་གསར་པ་སྐྱེས་པ་ལྟར་ལུས་གསར་པ་ཞིག་སྐྱེས་ཤིང་། གསར་དུ་སྐྱེས་པའི་ལུས་དེས་སེམས་ཅན་གྱི་བྱ་བ་ནམ་བྱེད་པའི་ཚེ་ན། རྣམ་ཤེས་གསར་པ་ཞིག་གསར་དུ་སྐྱེས་པའི་ལུས་ལ་ཞུགས་པར་འདོད་དོ། །དང་པོ་ནས་རྣམ་ཤེས་གཉིས་དུས་མཉམ་དུ་རྩ་བའི་ལུས་ལ་ཞུགས་དགོས་པའི་རྒྱུ་མཚན་ཞིག་མ་མཐོང་། དཔེར་ན། ཁྱི་ཡི་ལུས་ཀྱི་ཆ་ཤས་འགའ་ཞིག་འབུས་བཟོས་ནས་འབུ་སྐྱག་དང་ཤ་རུལ་པ་འགའ་ཤས་ལ་རྣམ་ཤེས་གསར་པ་ཞུགས་པས་སེམས་ཅན་གཞན་འགའ་འབྱུང་བ་བཞིན་ནོ། །
༡༦༽ཚན་རིག་པས་བཤད་པའི་ཕྲ་འབུ་(Bacteria, Virus)འདི་དག་སེམས་ཅན་ཡིན་ནམ་མིན། གལ་སྲིད་སེམས་ཅན་ཡིན་ན།འདི་དག་ནི་གཅིག་དེ་དུམ་བུ་གཉིས་སུ་གྱུར་ནས་སྐྱེ་འཕེལ་བྱེད་པ་ཡིན་པས་རྣམ་ཤེས་ཞུགས་སྟངས་ག་འདྲ་ཡིན་ནམ། སེམས་ཅན་མིན་ན་སྟོན་པས་སྲིན་བུའི་རིགས་གྲངས་མེད་ཡོད་གསུངས་པ་དེ་གང་ལ་ངོས་འཛིན་དགོས་སམ།
༼འབྲི་རུ་བསྟན་པས་དྲི་བ་༡༦་ལན༽ཕྲ་འབུ་དེ་དག་སེམས་ཅན་ཡིན་དང་མིན་གྱི་དབྱེ་བ་ནི་ཚོར་བ་བདེ་སྡུག་བཏང་སྙོམས་ཡོད་མེད་ལ་བརྟག་དགོས། སྤྱིར་ནང་པ་དང་། ཚན་རིག་པ། ཕྱི་རོལ་པ་སོགས་ཀྱིས་སྲོག་ལྡན་ཞེས་པའི་ཐ་སྙད་ཙམ་ཞིག་གཅིག་མཚུངས་སུ་འདོད་ཀྱང་། ཐ་སྙད་འཇུག་ཡུལ་དེ་ལ་མི་མཐུན་པ་དུ་མ་ཞིག་ཡོད་དེ། ནང་པས་རྩི་ཤིང་སྐྱེ་འཕེལ་བྱེད་པ་དང་། རྩི་ཤིང་གིས་ཆུ་འཐུང་བ། ཟས་ཀྱི་བཅུད་ལེན་པ། ཟས་ཀྱི་རྙིང་རོ་འདོར་བ་སོགས་ཀྱི་བྱ་བ་འགའ་བྱས་པ་ཙམ་གྱིས་རྩི་ཤིང་སྲོག་ལྡན་དང་། རྩི་ཤིང་ལ་རྣམ་ཤེས་ལྡན་པ་སྒྲུབ་ཀྱི་མེད། གཙོ་བོ་ཚོར་བ་བདེ་སྡུག་བཏང་སྙོམས་གང་རུང་ཞིག་ཡོད་མེད་བརྟགས་ཤིང་། དེ་ཡོད་ན་སྲོག་ལྡན་ཞེས་པའི་ཐ་སྙད་འདོགས་ཀྱི། ཚོར་བ་ཞེས་པ་དེ་ཡང་མི་དང་རྟ་ནོར་སོགས་ཀྱི་ཚོར་བ་དང་འདྲ་བོ་ཞིག་དགོས་ཀྱི། ཚོར་བ་བདེ་སྡུག་གི་ཕྱོགས་རེ་འགའ་ཙམ་མཚུངས་པས་ཚོར་བ་ཡོད་པ་ཁས་མི་ལེན་ནོ། །
སྲིན་འབུ་དེ་རྣམས་ལ་ཚོར་བ་ཡོད་ན་སྟོན་པས་གསུངས་པའི་སྲིན་འབུ་ལ་གྲངས་ཀ་མེད་ཅེས་པ་དེ་ལ་ངོས་འཛིན་བྱ་ཆོག །
༡༧༽ཕྲ་འབུ་དང་རྩི་ཞིང་འདི་དག་ཀྱང་ཟས་ལ་བསྟེན་པ་དང༌།དབུགས་གཏོང་ལེན་བྱེད་པ། རིགས་རྒྱུད་སྤེལ་བ། དགྲ་ལ་གདོང་ལེན་བྱེད་པ། ལྷག་པར་ལྗོན་ཤིང་གཅིག་ལ་ནད་ཕོག་ཚེ་ལྗོན་ཤིང་གཞན་ཚོས་སྔོན་འགོག་གི་ཐབས་ལམ་བསྟེན་པར་བཤད་པ་ལྟར་ཁས་ལེན་ཐུབ་བམ། ཁས་ལེན་ན་འདི་དག་ཤེས་པ་ཡོད་པའི་རྒྱུ་མཚན་དུ་འགྲོའམ་མི་འགྲོ།
༼འབྲི་རུ་བསྟན་པས་དྲི་བ་༡༧་ལན༽ཕྲ་འབུ་དང་རྩི་ཤིང་དེ་དག་གིས་ཡུལ་ལོངས་སུ་སྤྱོད་སྟངས་གོང་དུ་གསུངས་པ་ལྟར་ཡོད་སྲིད་པ་ཞིག་རེད། འོན་ཀྱང་དེ་ཚོ་ལ་ཤེས་པ་ཡོད་ཅེས་ལབ་མི་ཐུབ་སྟེ། རྩི་ཤིང་སོགས་ཀྱིས་ཡུལ་ལོངས་སུ་སྤྱོད་སྟངས་དང་། ནང་པས་སེམས་ལྡན་དུ་བཤད་པའི་གང་ཟག་གཉིས་ཀྱིས་ཡུལ་ལོངས་སུ་སྤྱོད་སྟངས་ལ་ཁྱད་པར་ཆེན་པོ་ཡོད་པས་སོ། སྤྱིར་བཏང་སྔོན་རྒྱ་གར་དུ་ཤིང་སེམས་ལྡན་དུ་སྨྲ་མཁན་བྱུང་ཡོད་ཀྱང་། ནང་པས་སེམས་ལྡན་དུ་འདོད་པའི་གང་ཟག་དང་གཏན་ནས་མི་འདྲ་བས་ན། རྩི་ཤིང་སོགས་ནང་པས་གང་ཟག་མ་ཡིན་པར་བཞེད་དོ། །མ་ཟད་ནང་པ་དང་། ཚན་རིག་པ། ཕྱི་པ་སོགས་ཀྱིས་གཞི་དེ་དང་དེ་ལ་སེམས་ལྡན་ཞེས་པའི་ཐ་སྙད་འཇུག་དང་མི་འཇུག་གི་བཅད་མཚམས་སོ་སོ་ཡོད་པ་གོང་དུ་ཞུས་ཟིན་ཏོ། །
༡༨༽རྣམ་ཤེས་མངལ་ལ་ཐོགས་པ་དང་བར་སྲིད་པ་དེ་བརྒྱལ་ནས་ཉིང་མཚམས་སྦྱོར་བ་སོགས་བཤད་སྟངས་ལྟར་ན། ཉ་ཡི་རིགས་འགའ་ཞིག་དང་པོ་ཨ་མས་སྒོ་ངའམ་ཁམས་དམར་ཕྱི་ལོགས་སུ་བཏོན་ནས་བཞག་པ་དེར་ཕ་རྒན་ཡོང་ནས་ས་བོན་ནམ་ཁམས་དཀར་གཏོར་བ་ལས་ཉིང་མཚམས་སྦྱོར་གྱི་ཡོད་པ་དེར་འགྲེལ་བཤད་ག་འདྲ་ཡོད་དམ།
༼འབྲི་རུ་བསྟན་པས་དྲི་བ་༡༨་ལན༽རྣམ་ཤེས་མངལ་དུ་ཐོགས་ནས་ཉིང་མཚམས་སྦྱོར་ཚུལ་བཤད་པ་ནི་མངལ་སྐྱེ་ལ་ཡིན་གྱི། སྐྱེ་གནས་ཐམས་ཅད་ལ་དེས་ཁྱབ་པ་ནི་མ་ཡིན་ཏེ། ཟས་ལྷག་འཐུང་ལྷག་སོགས་རུལ་བ་ལ་རྣམ་ཤེས་ཞུགས་ཤིང་འབུ་སྲིན་ཆགས་པ་མཐོང་བས་སོ། །རྒྱུ་མཚན་དེའི་ཕྱིར་ཉ་ཡི་བུ་གྲུབ་སྟངས་དེ་ཡང་རིགས་ལམ་དང་མི་འགལ་སྙམ་མོ། །
སྤྱིར་གོང་བཀོད་ཀྱི་ཉ་ཕྲུག་དེ་མངལ་སྐྱེ་ནི་མིན་ཏེ། དང་པོའི་རྣམ་ཤེས་ཞུགས་ས་མ་ཡི་མངལ་གྱི་ནང་དུ་མ་ཡིན་པས་ན་མངལ་སྐྱེ་མི་རིགས་སོ། །དེ་སྐྱེ་གནས་བཞི་ཡི་ནང་དུ་དྲངས་ན་དྲོད་སྐྱེས་རིགས་སུ་གནས་པ་ཞིག་ལ་བཞག་ན་མཐུན།
༡༩༽ཤེས་པ་སྐྱེ་བར་ཤེས་པ་སྔ་མ་ཞིག་སྔོན་དུ་འགྲོ་དགོས་པའི་དོན། གྲོ་ནི་གྲོ་དང་ནས་ནི་ནས་ཀྱི་ས་བོན་ཁོ་ན་ལས་སྐྱེ་བས་སོ་ཟེར་བ་ལྟར་ན། འཇིག་རྟེན་ཐོག་མར་ཆགས་སྐབས་སུ་ནས་དང་གྲོ་ཡི་ས་བོན་སོགས་སྐྱེ་ལྡན་གྱི་དངོས་པོ་གང་ཡང་མེད་པར་ཁས་མི་ལེན་ནམ། ཡང་ན་ད་ཡོད་གྲོ་ནས་སྲན་གསུམ་གྱི་ས་བོན་དེ་དག་ཐོག་མར་གནམ་ནས་ཆར་ལྟར་བབས་པ་ཡིན་ནམ།
༼འབྲི་རུ་བསྟན་པས་དྲི་བ་༡༩་ལན༽གནས་འབྲས་སོགས་གཅིག་གི་རྫས་རྒྱུན་གཅིག་ཏུ་འགྲོ་བ་ཞིག་མེད་ན། དང་པོའི་བྱུང་རིམ་དང་། འབྲས་ནི་ལོ་ཏོག་གི་ཐོག་མ་ཞེས་པའི་གོ་དོན་གང་ཡིན་ཞེ་ན། བསྐལ་པ་ཐོག་མར་གྲུབ་པའི་དུས་སུ་དེ་རྣམས་ས་བོན་འདེབས་མཁན་མེད་པར་རང་བཞིན་གྱིས་གྲུབ་པའམ། གྲོ་འབྲས་རང་མཚན་པ་ཞིག་རང་འགུལ་གྱིས་སྐྱེ་པར་འདོད་དོ། །དཔེར་ན། གོ་ལའི་སྣོད་བཅུད་གཞན་བཞིན་ནོ། འོ་ན་འབྲས་ནི་ལོ་ཏོག་གི་ཐོག་མ་ཞེས་པའི་དོན་གང་ཡིན་ཞེ་ན། བཏབ་པའི་ལོ་ཏོག་གི་ཐོག་མ་ཡིན་པ་ལ་བསམ་མོ། །
རྣམ་ཤེས་མ་གཏོགས་གཟུགས་སོགས་གཞན་རྣམས་ཐོག་མར་འགྲུབ་བྱེད་ཀྱི་རྒྱུ་རེ་སྔོན་དུ་མ་སོང་བ་འདོད་པ་ནི་མིན་ཏེ། གོ་ལ་ཐོག་མར་གྲུབ་པའི་སྐབས་སུ་འབྱུང་བ་རླུང་དང་། ཆུ། ས་རང་མཚན་པ་སོགས་རིམ་པ་བཞིན་དུ་གྲུབ་པར་འདོད་དོ། །
༢༠༽གཟུགས་མེད་ནས་འདིར་སྐྱེས་མ་ཐག་པའི་མིག་གི་རྣམ་ཤེས་དེ་ཡང་མིག་གི་རྣམ་ཤེས་སྔོན་མ་ཞིག་བར་སྐབས་ས་བོན་དང་བག་ཆགས་ཀྱི་ངོ་བོར་གནས་པ་ལས་སྐྱེས་པར་འདོད་པ་ལྟར་ན། འཇིག་རྟེན་སྔོན་མའི་སྐབས་ཀྱི་གྲོ་ནས་ལ་ཕུག་སོགས་ཀྱང་བར་སྐབས་བག་ཆགས་དང་ས་བོན་གྱི་ངོ་བོར་ཡུན་རིང་གནས་པ་ལས་སླར་སྐྱེས་པར་སྨྲ་ཆོག་གམ།
༼འབྲི་རུ་བསྟན་པས་དྲི་༢༠ ལན༽གྲོ་གནས་ལ་ཕུག་སོགས་ཀྱི་ས་བོན་ལ་བག་ཆགས་ཞེས་པའི་ཐ་སྙད་མེད་ཀྱང་། ས་བོན་གྱིས་འབྲས་བུ་དེ་ལྟར་འབྱིན་པ་ཁས་ལེན་དགོས་ཏེ། དཔེར་ན། ས་བོན་རུལ་བ་སོགས་ཀྱིས་སྐྱོན་གང་ཡང་མེད་པར་བསིལ་དྲོད་སྙོམས་པོར་དུས་ཡུན་རིང་པོར་ཉར་ཚགས་བྱས་ཏེ། ཉིན་ཞིག་ཞིང་ཁར་ཆུ་ལུད་དང་ཕྲད་ན་མྱུ་གུ་སྐྱེ་བ་དང་།
ཡང་ཐོག་མའི་འཇིག་རྟེན་ནམ་ཐོག་མའི་བསྐལ་པ་འཇིག་པའི་སྐབས་སུ་བསམ་གཏན་གསུམ་པ་མན་ཆད་དུ་བསྐལ་པ་རླུང་གིས་འཇིགས་པར་བཤད་ལ། སྔ་མའི་བསྐལ་པའམ་འཇིག་རྟེན་དང་ཕྱི་མའི་བསྐལ་པའམ་འཇིག་རྟེན་གཉིས་ཀྱི་བར་སྟོང་ན་རླུང་ནི་འཇིག་བྱེད་གང་ཡང་མེད་པར་གནས་ཤིང་། འཇིག་རྟེན་ཕྱི་མ་འམ། བསྐལ་པ་ཕྱི་མ་ཐོག་མར་གྲུབ་པའི་དུས་སུ་རླུང་ལ་བརྟེན་ནས་ཆུ་དང་། ཆུ་ལ་བརྟེན་ནས་ས་གྲུབ་པར་འདོད་དོ། །མདོར་ན། རླུང་ནི་འཇིག་རྟེན་ནམ་བསྐལ་པ་སྔོན་མ་ནས་འཇིག་རྟེན་ཕྱི་མ་འདིར་འོངས་བའི་འབྱུང་བ་ཞིག་ཏུ་འདོད་ཅིང་། ང་ཚོའི་སྒོ་ལྔའི་ཤེས་པའི་མཐོང་ཆོས་སུ་གྱུར་པའི་འབྱུང་བ་ནི་རླུང་ལས་མེད་ཀྱང་། ས་ཆུ་སོགས་ཀྱི་ཕྲ་རྡུལ་ཞིག་རླུང་དང་མཉམ་དུ་ཡོང་བར་ཡང་འདོད་དགོས་སོ། །མདོར་ན། ད་ལྟའི་རྣམ་ཤེས་ཀྱི་རྫས་རྒྱུན་ཞིག་འཇིག་རྟེན་སྔ་མར་ཡོད་ཅིང་། རྫས་རྒྱུན་དེ་ད་ལྟའི་རྣམ་ཤེས་ཀྱི་ངོ་བོར་གྱུར་པ་བཞིན་དུ། ད་ལྟའི་ས་ཆུ་སོགས་ཀྱི་ས་བོན་ནམ། རྡུལ་ཕྲན་གྱི་རྫས་རྒྱུན་ཙམ་ཞིག་འཇིག་རྟེན་སྔ་མར་ཡོད་ཅིང་། དེ་ད་ལྟའི་ས་ཆུ་སོགས་ཀྱི་ངོ་བོར་སོན་པ་ཁས་བླངས་པ་ལ་འགལ་བ་ཅི་ཞིག་ཡོད།
༢༡༽སྐྱེས་མ་ཐག་པའི་ཕྲུ་གུའི་རྣམ་ཤེས་ཀྱི་རྒྱུ་ཡི་གཙོ་བོ་ཡང་རྣམ་ཤེས་ཡིན་པ་ལས་ཕ་མའི་ཁམས་ནི་མ་ཡིན་ཏེ། མྱུ་གུའི་རྒྱུ་ཡི་གཙོ་བོ་ནི་ས་བོན་ཡིན་པ་ལས་ཆུ་ལུད་ནི་རྐྱེན་ཙམ་དུ་བས་སོ་ཞེ་ན། མེ་ཆུ་ལྟ་བུ་རླུང་གི་རྫས་འགའ་ཕན་ཚུན་འཕྲད་སྟོབས་ཀྱིས་བྱུང་བ་མ་ཡིན་པར་ཐོག་མའི་རྒྱུ་ཡི་གཙོ་བོ་དེ་ལ་ཡང་ཆུ་དང་མེ་རང་མཚན་པ་ཞིག་ཡོད་པར་འདོད་དམ།
༼འབྲི་བསྟན་པས་དྲི་༢༡ ལན༽ས་ཆུ་སོགས་ཀྱི་རྒྱུ་ཡི་གཙོ་བོ་ལ་ས་ཆུ་རང་མཚན་པ་ཞིག་ངེས་པར་དུ་ཡིན་མི་དགོས་ཅིང་། རྣམ་ཤེས་སྔ་མའི་རྒྱུ་ཡི་གཙོ་བོ་ལ་ཡང་རྣམ་ཤེས་ཡིན་མི་དགོས་ཏེ། བག་ཆགས་དང་ས་བོན་སོགས་ལས་རྣམ་ཤེས་འགྲུབ་པ་ཡོད་དོ། །ཡིན་ཡང་དངོས་པོ་ཡིན་ཕྱིན་རང་གི་རིགས་མཐུན་གྱི་རྒྱུ་ཙམ་ཞིག་སྔོན་དུ་སོང་བའི་ངེས་པ་ཡོད་ཅིང་། ས་ཆུ་སོགས་གཟུགས་ཅན་རྣམས་ཀྱང་རིགས་འདྲའི་རྒྱུ་རྫས་རྒྱུན་ནམ། རྡུལ་ཕྲན་ཞིག་སྔོན་དུ་སོང་ཚུལ་དང་། དེ་ལས་ཕྱི་མའི་འབྱུང་བ་རང་མཚན་པ་གྲུབ་ཚུལ་གོང་དུ་བཤད་ཟིན་ཏོ།།
༢༢༽ཁྱི་སྨྱོན་གྱི་ནད་འབུ་ཀླད་པར་ཞུགས་པ་ན་མི་དེ་ཆུ་དང་འོད་སོགས་ལ་སྐྲག་པའི་བློ་སྐྱེ་བ་བཤད་པ་ལྟར་ན། འཇིགས་སྐྲག་གི་བློ་དེ་དག་ནི་རྩྭ་གསེབ་ཏུ་ལྕགས་དམར་ལྷུང་བ་ན་མེ་འབར་ཡོང་བ་ལྟར་ནད་འབུ་དེ་ཉིད་ཀླད་པར་ཞུགས་པ་ན་གློ་བུར་དུ་བྱུང་བ་ཞིག་གམ། ཡང་ན་ཚེ་སྔ་མ་ནས་འདིར་བརྒྱུད་པའི་བག་ཆགས་ལས་བྱུང་སྟངས་ཤིག་ཡོད་དམ།
༼འབྲི་ཏུ་བསྟན་པས་དྲི་བ་༢༢ ལན༽འཇིགས་སྐྲག་དེའི་རྒྱུ་ལས་ཙམ་ཞིག་ནི་ཚེ་སྔོན་མ་འམ། ཡང་ན་ཚེ་འདིར་སྔོན་དུ་འགྲོ་དགོས་ཏེ། རྒྱུ་སྔོན་དུ་མ་སོང་པར་འབྲས་བུ་གྲུབ་པ་མེད་པ་གོང་དུ་ཞུས་ཟིན་པ་ལྟར་ཡིན། །སྔོན་སོང་གི་ལས་དེའི་འབྲས་བུ་ཚེ་འདིར་སྨིན་པ་ནི་ད་ལྟའི་རྐྱེན་གྱིས་བྱས་པ་ཙམ་ཡིན། སྤྱིར་ལས་སྔོན་དུ་སོང་ན་འབྲས་བུ་ད་ལྟའི་ལུས་ལ་སྨིན་པའི་ངེས་པ་ནི་མེད་དེ། ས་བོན་བཏབ་ཀྱང་སྨྱུ་གུ་མི་སྐྱེ་བ་སྲིད་པ་བཞིན་ནོ། །མ་ཟད་འབྲས་བུ་ཚེ་ཕྱི་མར་ཡང་མྱང་མི་དགོས་ཏེ། མི་དགེ་བའི་ལས་ཀྱིས་བཞག་པའི་བག་ཆགས་གཉེན་པོས་དག་ཅིང་རྒྱུན་ཆད་པ་ཡང་ཡོད་དོ། །དེ་ནི་ཐེག་ཆེན་པའི་ལུགས་སུ་བྱས་པའོ། །
༢༣༽ཤེས་པ་ལ་ཕྱོགས་ཀྱི་ཆ་མེད་ཅིང༌། ཕྱོགས་ཀྱི་ཆ་མེད་ན་མཐའ་དབུས་དང་བར་མཚམས་སོགས་ཀྱང་མེད་དགོས་པས། གང་ཟག་གཉིས་ཀྱི་ཤེས་པ་གཉིས་གཅིག་ཏུ་འདྲེས་མི་འགྲོ་བ་གང་ཡིན་ནམ། མཚམས་གང་ནས་བཟུང་བ་དང་ཅི་ཞིག་གིས་བར་དུ་ཆོད་དམ།
༼འབྲི་རུ་བསྟན་པས་དྲི་༢༣ ལན༽ཤེས་པ་ལ་ཕྱོགས་ཀྱི་ཆ་མེད་ཀྱང་། དེ་རྒྱུད་ལ་ལྡན་པའི་གཟུགས་ཅན་གྱི་གང་ཟག་ལ་ཕྱོགས་ཀྱི་ཆ་ཡོད་པས། གང་ཟག་གཉིས་ཕན་ཚུན་ཐུག་རེག་བྱེད་པའི་སྐབས་སུ་ཤེས་རྒྱུད་འདྲེས་པའི་སྐྱོན་ནི་མེད་དེ། དཔེར་ན། བུ་རམ་མངར་མོ་སེར་པོ་ཞིག་དང་། ཏིག་ཏ་ཁ་བ་ནག་པོ་ཞིག་
་གཉིས་ཕན་ཚུན་ཐུག་རེག་བྱེད་པའི་སྐབས་སུ་བུ་རམ་གྱི་བྲོ་བའམ་ནུས་པ་མངར་མོ་བུ་རམ་ལ་གནས་ཀྱི། ཏིག་ཏའི་བྲོ་བ་ཁ་བ་དང་མི་འདྲེ་བ་བཞིན་ནོ། །ཡང་ཆ་མེད་ཅེས་པ་ནི་སྔ་ཕྱིའི་མཚམས་ལ་སྦྱར་ནས་སྐྱེ་བ་སྔ་མའི་གང་ཟག་དང་། ཕྱི་མའི་གང་ཟག་གཉིས་ཀྱི་རྣམ་ཤེས་ལ་དབྱེ་མཚམས་མེད་དེ། དེ་གཉིས་མཐུད་མཚམས་ཀྱི་ཤེས་པ་ཆ་མེད་ཡིན་པས་སོ། ཞེ་ན། སྐྱེ་བ་སྔ་ཕྱི་ཉིང་མཚམས་སྦྱོར་ཞེས་པ་རྣམ་ཤེས་རགས་པའི་དབང་དུ་བྱས་པ་ཡིན་གྱི། རྣམ་ཤེས་ཀྱིས་སྔ་མའི་ལུས་འདོར་བ་དང་རྣམ་ཤེས་ཕྱི་མའི་ལུས་ལ་ཞུགས་པ་གཉིས་དུས་མཉམ་པས་སྔ་ཕྱིའི་ལུས་དང་རྟེན་དབང་པོ་སོགས་ཁ་ཁ་ཡོད་པས་རྣམ་ཤེས་འདྲེས་པའི་སྐྱོན་ནི་མེད་དོ། །
ད་དུང་ད་ལྟའི་དངོས་གཙོ་སྨྲ་བ་ཁྱོད་ལ་དྲི་བ་ཞིག་ཡོད་དེ། མ་ལས་བཙས་མ་ཐག་པའི་བུ་དང་། མངལ་ལས་སྐྱེ་ཁ་ལ་མོའི་ཕྲུ་གུ་གཉིས་ཀྱི་ཁྱད་པར་གང་ལས་འབྱེད། དེ་གཉིས་བར་གྱི་མི་རྟག་པ་ནི་ནང་པས་བཤད་པའི་མི་རྟག་པ་ལས་ཕྲ་བ་ཁྱོད་ཀྱིས་འཇོག་པས་སོ། །
༢༤༽ཁ་སང་གི་གནས་ཚུལ་ཞིག་བློ་ཡུལ་དུ་འཆར་བའི་རྒྱུ་མཚན་གྱིས་རྣམ་ཤེས་འདས་པ་ནས་མར་ཡོང་བ་ཡིན་ཟེར་ན། སང་ཉིན་གྱི་གནས་ཚུལ་ཞིག་ཤེས་པའི་རྒྱུ་མཚན་གྱིས་མ་འོངས་པ་ནས་ཡར་ཡོང་བར་ཁས་ལེན་ཆོག་གམ། དྲན་པ་ནི་ཡུལ་གང་རུང་ཞིག་ཤེས་པའམ་བློ་ཡུལ་དུ་འཆར་བ་ལ་དུས་ཀྱི་ཆ་ནས་འབོད་པ། དཔེར་ན།འགྲོ་བའི་འདས་པ་ལ་ཕྱིན་པ་ཞེས་བརྗོད་པ་ལྟ་བུ་མ་ཡིན་ནམ།
༼འབྲི་རུ་བསྟན་པས་དྲི་བ་༢༤ ལན༽ཤེས་པ་མ་འོངས་པ་ལས་ཡོང་བའི་སྐྱོན་ནི་མེད་དེ། ད་ལྟའི་རྣམ་ཤེས་གཞི་ལ་གཞག་ཐོག་བཤད་པ་ཡིན་ན། ད་ལྟའི་རྣམ་ཤེས་འདས་པའི་རྣམ་ཤེས་ཀྱི་རྫས་རྒྱུན་ནམ་ངོ་བོར་གྱུར་ཟིན་པའི་དེ་ལས་འོངས་ཞེས་ལབ་ཆོག་ལ། མ་འོངས་པའི་རྣམ་ཤེས་ཀྱི་རྫས་རྒྱུན་ནམ་ངོ་བོར་འགྲོ་རུང་ཙམ་ཡིན་པས། མ་འོངས་པ་ལས་འོངས་ཞེས་པའི་ཐ་སྙད་ནི་མེད་ཅིང་། དེ་ནི་ནང་ཆོས་གྱི་ཤོད་སྲོལ་ཙམ་དུ་མ་ཟད་འཇིག་རྟེན་གྱི་ཐ་སྙད་ལའང་མཐུན་ཡོད། དཔེར་ན། ཁ་སང་ལྷ་ས་ལས་འོངས་ཞེས་པའི་བརྡ་སྦྱར་བ་མ་གཏོགས། སང་ཉིན་ལྷ་ས་ལས་འོངས་ཞེས་པའི་བརྡ་འདོགས་པ་མེད་པ་བཞིན་ནོ། །སྤྱིར་ཤེས་པ་སྔ་མ་ལས་འོངས་བ་དང་། ཕྱི་མ་ལ་འགྲོ་བ་ཞེས་པ་ཤེས་པས་ཡུལ་རྟོགས་ཚུལ་གྱི་སྟེང་ནས་མི་འཇོག་ཀྱང་། རྟོགས་ཚུལ་དང་དྲན་ཚུལ་གཉིས་ཀྱི་སྟེང་ནས་བཞག་ནའང་སྐྱོན་ཞིག་མེད་དེ། དྲན་པ་དང་གསར་རྟོགས་གཉིས་ཀྱིས་ཡུལ་འཇལ་ཚུལ་སོ་སོར་ཡོད་པ་འོག་ཏུ་དྲི་བ་༢༥་པའི་སྐབས་སུ་འཆད་པར་བྱའོ། །
༢༥༽དྲན་པ་ནི་བློ་ཡུལ་དུ་འཆར་བ་ཙམ་མ་ཡིན་པར་རང་ཉིད་ཀྱིས་སླར་རྟོགས་པའམ་སླར་ཡང་བློ་ཡུལ་དུ་འཆར་བའི་དོན་ཡིན་ནོ་ཞེ་ན། ཁ་སང་གི་གནས་ཚུལ་རང་གིས་སླར་དྲན་པ་དང་གསར་དུ་རྟོགས་པ་གཉིས་ཀྱི་ཁྱད་པར་དེ་མི་གཞན་དང་གཞན་གྱིས་ཤེས་ཐུབ་པའི་ཐབས་ག་རེ་ཡོད་དམ།
༼འབྲི་རུ་བསྟན་པས་དྲི་བ་༢༥ ལན༽དྲན་པ་དང་གསར་རྟོགས་གཉིས་ཀྱི་ཁྱད་པར་ཤེས་པའི་ཐབས་མེད་པ་ནི་མ་ཡིན་ཏེ། གང་ཟག་གཉིས་ཀྱིས་ཁ་སང་མི་ཞིག་གསར་དུ་ངོ་ཤེས། ཕྱི་ཉིན་ཁོང་གཉིས་མི་དེ་ཐུག་སྐབས་སུ་གཅིག་གིས་ངོ་ཤེས་ལ་མ་ཤེས་པ་བྱེད་པའི་སྐབས་སུ། གཞན་དེས་མི་དེ་ཁ་རྩང་ཐུག་མ་སོང་ངམ་ལབ་མ་ཐག་ཏུ་ཁོས་འོ་ཏག་ཏག་རེད་ཅེས་པའི་ལན་འདེབས་བྱེད་ཀྱི་ཡོད། ལན་དེ་ལ་བརྟེན་ནས་ཁོའི་རྒྱུད་ལ་དྲན་ཤེས་ཡོད་པ་དཔོག་ནུས། གསར་རྟོགས་ཡིན་ན། ཁོས་འོ་ཏག་ཏག་རེད་ཅེས་པའི་ལན་འདེབས་བྱ་མི་སྲིད།
དེ་བཞིན་དུ་སྐྱེ་བ་སྔ་མ་དྲན་ཚུལ་ལའང་ཚེ་འདིའི་ཡང་སྲིད་ཀྱིས་འདི་ངའི་ཕོར་པ་དང་། འདི་ངའི་ཕྲེང་བ་རེད་ཅེས་པ་ལ་བརྟེན་ནས་སྐྱེ་བ་སྔོན་མ་དྲན་པའི་དྲན་པ་ཡོད་པ་ཤེས་ནུས། དྲན་ཤེས་ཀྱིས་དྲན་པ་མ་གཏོགས་པར་ཁོའི་རྒྱུད་ལ་གསར་རྟོགས་ནི་མེད་དེ། ཚེ་འདིའི་ཡང་སྲིད་ཀྱིས་དེ་སྔོན་ཕོར་པ་དེ་ཉར་མྱོང་མེད་པ་དང་། བེད་སྤྱོད་གཏོང་མྱོང་མེད་པས་སོ། །མདོར་ན་གོང་གི་དྲི་བ་དེ་ལ་སྐྱེ་བ་སྔ་མ་དྲན་པས་བྱིས་པ་རྣམས་ཀྱིས་ལན་འདེབས་གསལ་བོར་བྱེད་ཀྱི་ཡོད།
༢༦༽དེ་སྔོན་བྱུང་མ་མྱོང་བའི་འཕྲུལ་ཆས་གསར་པ་ཞིག་དེ་ཙམ་བསླབ་མ་དགོས་པར་སྤྱོད་ཤེས་པར་གྱུར་ཀྱང་དེས་སྐྱེ་བ་སྔ་མ་ཡོད་པར་མཚོན་མི་ནུས་ན། ཡི་གེ་དང་བརྡ་དག་སོགས་དེ་ཙམ་མ་བསླབ་པར་ཤེས་ཡོང་བ་དེས་ཀྱང་སྐྱེ་བ་སྔ་མ་ཡོད་པ་ཇི་ལྟར་སྒྲུབ་ཐུབ་བམ། ཡི་གེ་དེ་སྔར་ནས་ཡོད་པ་ཙམ་ལས་གཞན་པའི་རྒྱུ་མཚན་ཡོད་དམ།
༼འབྲི་རུ་བསྟན་པས་དྲི་བ་༢༦ ལན༽ ཡི་གེ་དང་བརྡ་དག་སོགས་དེ་ཙམ་མ་བསླབས་པར་ཤེས་པའི་གང་ཟག་ཅིག་ཡོད་པ་ལ་བརྟེན་ནས་སྐྱེ་བ་སྔ་མ་བསྒྲུབ་ཆོག་ཀྱང་། སྒྲུབ་ཚུལ་ནི་དྲི་བའི་ནང་འཁོད་ལྟར་དུ་མི་འདོད་དེ། ཡིག་རིག་སོགས་དེ་ཙམ་མ་བསླབས་པར་ཤེས་མཁན་ཞིག་ཡོད་ཀྱང་། དེ་འདྲའི་གང་ཟག་དེ་སྐྱེ་བ་འཕེན་བྱེད་ཀྱི་ལས་གསོག་པ་པོ་ལ་ཡིག་རིག་ཤེས་པའི་ངེས་པ་མེད་པ་དང་། ཁོའི་སྐྱེ་བ་སྔ་མ་དེ་མ་ཐག་པ་དེས་ཀྱང་ཡིག་རིག་ཤེས་པའི་ངེས་པའང་མེད་དོ། །དེ་བཞིན་དུ་དུད་འགྲོ་དང་དམྱལ་བར་སྐྱེ་བ་འཕེན་བྱེད་ཀྱི་ལས་གསོག་པ་པོ་ལའང་དུད་འགྲོ་དང་དམྱལ་བ་པ་སོགས་ཡིན་མི་དགོས་བ་བཞིན་ནོ། །འོན་ཀྱང་ད་ལྟའི་རྣམ་རིག་ལ་རྣོ་རྟུལ་དང་། ཡག་སྡུག །བཟང་ངན་སོགས་ལ་བརྟེན་ནས་སྐྱེ་བྱེད་ཀྱི་ལས་ཞིག་སྔོན་དུ་སོང་བ་བསྒྲུབ་ཆོག །
གོང་ཞུས་ལྟར་གསར་དུ་བཟོས་པའི་འཕྲུལ་ཆས་བེད་སྤྱོད་གཏོང་སྟངས་ཤེས་མགྱོགས་ལོད་ནི་སྔོན་མའི་ལས་དང་བག་ཆགས་ལ་ལྟོས་དགོས་ཀྱང་ད་ལྟའི་སྐྱེ་བ་འཕེན་ཀྱི་ལས་གསོག་པ་པོའི་སྐབས་སུ་འཕྲུལ་ཆས་ཡོད་མི་དགོས་ལ། ཚེ་སྔོན་མ་དེ་མ་ཐག་པའི་གང་ཟག་དེའི་སྐབས་སུའང་འཕྲུལ་ཆས་ཡོད་ཅི་ལ་དགོས། དཔེར་ན། རྗེ་བླ་མའི་དངོས་སློབ་ལ་ཡང་རྗེ་བླ་མས་མཛད་པའི་ལེགས་བཤད་སྙིང་པོ་སོགས་ཀྱི་གཞུང་དོན་ལ་ཤེས་མགྱོགས་ལོད་དང་། གོ་བ་གཏིང་ཟབ་ལོད་ཀྱི་ཁྱད་པར་ཡོད་ཀྱང་། དངོས་སློབ་དེ་རྣམས་ཀྱིས་སྐྱེ་བ་སྔ་མར་ལེགས་བཤད་སྙིང་པོ་ལྟ་ཀློག་མ་བྱས་པ་གཅིག་མཚུངས་ཡིན་ཡང་། ཤེས་མགྱོགས་ལོད་ནི་སྔོན་མའི་ལས་བཟང་ངན་གྱིས་བྱས་པ་བསྒྲུབ་ནུས་པ་བཞིན་ནོ། །
༢༧༽གལ་སྲིད་སྐུ་གོང་མས་བདག་ཏུ་བཟུང་བའི་རྡོར་དྲིལ་དང་ཕྱག་དཔེ་སོགས་རྫས་ཀྱི་དངོས་པོ་རྣམས་དྲན་ནས་ངོས་ཟིན་ཐུབ་པར་བཤད་པ་ལྟར་ན། སྐུ་གོང་མས་མི་ཚེ་གཅིག་ལ་ཉམས་ལེན་དང་སྦྱངས་བརྩོན་གནང་བའི་ནང་ཆོས་དང་ཤེས་ཡོན་རྣམས་དྲན་མི་ནུས་པར་འགོ་ནས་སྦྱང་དགོས་པ་འདི་ག་རེ་ཡིན་ནམ།
༼འབྲི་རུ་བསྟན་པས་དྲི་བ་༢༧ ལན༽སྤྱིར་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་འདི་མདོ་བསྟན་སོགས་ལས་སྐྱེ་བ་སྔ་ཕྱིའི་སྒྲུབ་བྱེད་དུ་མ་བཤད་པས་འདི་ལ་དམིགས་བསལ་གྱི་ལན་འདེབས་ཤིག་མེད་ཀྱང་། དཔེ་མཚོན་ཞིག་གི་ཐོག་ནས་རོབ་ཙམ་བཤད་ན། དང་པོར་བློ་འཛིན་བྱེད་པའི་སྐབས་སུ་དཀའ་ཚེགས་ཆེ་བའི་རིགས་ཕར་བརྗེད་འགྲོ་དུས་དྲན་པས་དེ་ཤོར་མགྱོགས་པ་དང་། བློ་འཛིན་བྱེད་བསླ་བའི་རིགས་རྣམས་བརྗེད་ཀྱང་དེ་ཁག་གི་ཡོད། ད་དུང་གོང་དུ་བཀོད་པའི་དྲི་བའི་རིགས་པ་དེ་གཉིས་མི་མཚུངས་ཏེ། དབང་པོ་ཇི་ལྟར་བརྟུལ་ཡང་ཚེ་འདིར་སོ་སོའི་ཕོར་པ་མི་བརྗེད་པ་དང་། རིག་པ་ཅི་ལྟར་རྣོ་ཡང་གཞུང་ཆེན་བློ་འཛིན་བྱས་པའི་རིགས་ལོ་ལྔ་དྲུག་ཅིག་གི་རིང་ལ་སྐྱོར་སྦྱོང་མ་བྱས་ན་རྗེས་ཤུལ་ཙམ་ཡང་ལྷག་ཁག་པོ་རེད། ད་དུང་དེ་གཉིས་མི་མཚུངས་ཏེ། ཡང་སྤྲུལ་འདས་ཤིང་ཡང་སྲིད་ངོས་འཛིན་མ་བྱས་པའི་བར་དུ་ལོ་ལྔ་དྲུག་ཅིག་འགྲོ་དགོས་པ་གང་ཞིག །ད་དུང་རྣམ་ཤེས་རྟེན་སའི་ལུས་དང་དབང་པོ་རྩ་དང་ཀླད་པ་སོགས་གསར་རྙིང་བརྗེ་དགོས་པས། ཡང་སྲིད་ནི་ཚེ་འདིའི་མི་ནང་བཞིན་དྲན་ཤེས་གསལ་བོ་ཡོང་ཁག་པོ་རེད།
ལྷག་པར་དུ་ཡང་སྲིད་ཀྱིས་ཕོར་པ་དང་། ཕྲེང་བ་སོགས་ངོས་འཛིན་བྱེད་སླ་བའི་རྒྱུ་མཚན་ཡོད་དེ། གནའ་སྔ་མོར་ཁ་ཕོར་ཞེས་པ་ཆག་སྐྱོན་སོགས་མ་ཤོར་ན་རང་ཉིད་བསམ་བློ་ཟིན་ནས་བཟུང་སྟེ་མ་ཤིའི་བར་དུ་ཕོར་པ་གཅིག་རང་བེད་སྤྱོད་སྲོལ་ཡོད། སོ་སོའི་ཁ་ཕོར་ནི་གཞན་གྱིས་བེད་སྤྱོད་མི་གཏོང་པ་དང་། སོ་སོས་བདག་ཉར་བྱེད་ཅིང་རང་ཉིད་གར་སོང་གི་སར་ཁྱེར་འགྲོ་བའི་ལུགས་སྲོལ་ཞིག་ཀྱང་ཡོད། ཁ་དཔེར། གྲོགས་གར་ཡོང་མི་ཤེས་ཕོར་པ་འཁྱེར་དགོས་ཞེས་པ་ལྟར་རེད། ཕྲེང་བ་དང་ལག་སྐོར་སོགས་ལའང་དེ་ནང་བཞིན་བདག་ཉར་བྱེད་ཀྱི་ཡོད། ཕོར་པ་ནི་མ་ཐ་ཉིན་རེར་བེད་སྤྱོད་ཐེངས་གསུམ་རེ་གཏང་དགོས་པ་དང་། ཕྲེང་བ་ནི་ལག་དང་འབྲལ་མེད་ཡིན། དེ་ནང་བཞིན་གཞུང་ཆེན་ཁག་ལ་གོམས་པ་མེད་པ་གསལ་བོ་རེད།
༢༨༽ཀླད་པའི་བྱ་འགུལ་མཚམས་ཆད་ཀྱང་ཐུགས་དམ་ལ་བཞུགས་ཆོག་པ་དང༌། ཤེས་པས་བྱ་བ་བྱེད་པ་རྩ་ཀླད་ལ་ལྟོས་པར་ཚན་རིག་པ་མ་ཟད་ང་ཚོས་ཀྱང་འདོད་དོ་ཟེར་བ་གཉིས་འགལ་ལམ་མི་འགལ། མ་གཞི་ཤེས་པ་ཡུལ་ལ་འཇུག་པར་རྩ་ཀླད་ལ་ལྟོས་པར་བཤད་པའི་གཞུང་ཚད་ལྡན་ཞིག་ཡོད་དམ། གཟུགས་མེད་དང་བར་སྲིད་པ་རྣམས་ལ་རྩ་དང་ཀླད་པ་ཡོད་དམ་མེད།
༼འབྲི་རུ་བསྟན་པས་དྲི་༢༨ ལན༽ཀླད་པའི་བྱ་འགུལ་མཚམས་ཆད་ཀྱང་ཐུགས་དམ་ལ་བཞུགས་པ་དང་ཤེས་པས་བྱ་བ་བྱེད་པ་རྩ་དང་ཀླད་པ་ལ་བལྟོས་པ་གཉིས་འགལ་བ་མེད་ཚུལ་ནི། ཤེས་པ་ལ་ཕྲ་རགས་གཉིས་ཡོད་པ་གསང་སྔགས་ཀྱི་གཞུང་ཀུན་ལས་བཤད་ཅིང་། དེ་ཡང་རྒྱུན་ལྡན་ང་ཚོའི་རྒྱུད་ཀྱི་ཡུལ་ལོངས་སུ་སྤྱོད་པའི་སྒོ་ལྔའི་ཤེས་པ་དང་། ཡིད་ཀྱི་ཤེས་པ་རགས་པ་རྣམས་ཡུལ་ལོངས་སུ་སྤྱོད་པའི་སྐབས་སུ་རྩ་དང་ཀླད་པ་སོགས་ལ་འབྲེལ་བ་དང་། དེ་རྣམས་ཀྱིས་ཡུལ་རྟོགས་པའི་བྱ་བ་བྱེད་པའི་ཚེ་སྙིང་གའི་མི་ཤིགས་པའི་ཐིག་ལེ་གའུ་དཀར་དམར་ཁ་སྦྱོར་ལྟ་བུའི་ནང་དུ་གཉུག་རླུང་དང་གཉུག་སེམས་གཉིས་བག་ལ་ཉལ་བའི་ཚུལ་དུ་གནས་ཤིང་། ཐུགས་དམ་ལ་བཞུགས་པ་དང་། འཆི་ཁའི་གང་ཟག་ཕྱི་དབུགས་ཆད་ཅིང་ནང་དབུགས་མ་ཆད་པ་དང་། གཉིད་མཐུག་པོ་ཁུག་ཅིང་རྨི་ལམ་སྒྱུ་མའི་ལུས་སུ་ལྡང་བའི་སྐབས་སོགས་སུ་རྩ་དང་ཀླད་པ་ལ་དངོས་སུ་འབྲེལ་བའི་སྒོ་ལྔའི་ཤེས་པ་རགས་པ་དང་། ཡིད་ཤེས་རགས་པ་རྣམས་རྩ་དང་ཀླད་པ་ལ་འབྲེལ་ཐག་ཆད་ཅིང་ཡུལ་ལོངས་སུ་སྤྱོད་པ་མེད་ཀྱང་། དེའི་ཚེ་ཤེས་པའི་བྱ་འགུལ་ཀུན་ཆད་པ་ནི་མ་ཡིན་ཏེ། སྔར་གྱི་སེམས་རགས་པས་བྱ་བ་བྱེད་པའི་སྐབས་སུ་སྙིང་ཁའི་མི་ཤིགས་པའི་ཐིག་ལེའི་ནང་དུ་གཉུག་རླུང་དང་གཉུག་སེམས་བག་ཉལ་ཚུལ་དུ་ཡོད་པའི་ཕྲ་མོའི་རླུང་སེམས་གཉིས་ལྡངས་ཤིང་ཡུལ་ལོངས་སུ་སྤྱོད་པའི་བྱ་བ་བྱེད་པ་ཡིན་པས། སྔར་གྱི་དྲི་བའི་ནང་འཁོད་ཀྱི་འགལ་བ་རྣམས་སྤང་ནུས་སོ། །
གཟུགས་མེད་གང་ཟག་ལ་རྩ་ཀླད་མེད་ཀྱང་། བར་སྲིད་པ་རྩ་ལྡན་དུ་ཁས་བླངས་པ་ལ་འགལ་བ་ཞིག་མེད་དོ། །
སྔགས་གཞུང་ལས་ཞོན་པའི་རླུང་ནི་རྩ་དབུ་རྐྱང་རོ་གསུམ་ལས་ཡར་མར་རྒྱུ་བ་དང་རྣམ་ཤེས་ནི་རླུང་དེ་ལ་བཞོན་ཏེ་འགྲོ་བར་བཤད་ཅིང་། རྩ་གསུམ་གྱི་ཆགས་ཚུལ་ཡང་རྒྱབ་གཞུང་ལས་ཡར་སོང་ཞིང་སྤྱི་གཙུག་ལས་མར་གུག་ཅིང་རྩ་གསུམ་གྱི་ཡར་སྣེ་སྨི་མཚམས་སུ་བསྡད་པར་བཤད་ཚུལ་དེ་ལྟར་ན། རྣམ་ཤེས་ནི་རྩ་དང་ཀླད་པ་ལ་འབྲེལ་བ་ཞིག་ཏན་ཏན་མཐོང་།
༢༩༽ཐུགས་དམ་ལ་མ་བཞུགས་པའི་སྔོན་ཏེ་ཤེས་པས་ལུས་ཀྱི་ཆ་ཤས་ཀུན་ལ་ཁྱབ་པའི་གནས་སྐབས་སུ་ཡང་ལུས་ཀྱི་བྲེ་བྲག་འགའ་རེ་རུལ་བ་དང་འཕྲོ་བརླག་འགྲོ་བཞིན་ཡོད་པ་ལ། ཐུགས་དམ་ལ་བཞུགས་ནས་ཤེས་པ་རྩ་དབུ་མའི་སྦུབས་སུ་སྡུད་ཟིན་ན་ཡང༌། ད་དུང་ལུས་ཀྱི་ཆ་ཤས་རྣམས་མི་རུལ་བར་སྡོད་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ།
༼འབྲི་རུ་བསྟན་པས་དྲི་བ་༢༩ ལན༽ ཤེས་པ་རགས་པས་ལུས་ཀྱི་ཆ་ཤས་ཀུན་ལ་ཁྱབ་པའི་དུས་སུ་ལུས་ཀྱི་ཆ་ཤས་འགའ་ཞིག་ལས་རུལ་བ་སོགས་ཡོད་པ་དེ་ནད་ལ་སོགས་པས་བྱས་པ་ཡིན་གྱི། ཤེས་པ་ཡོད་མེད་ཀྱི་ཁྱད་པར་ལ་བརྟེན་ནས་དེ་ལྟར་བྱུང་བ་ནི་མ་ཡིན་ནོ། །རྣམ་ཤེས་རགས་པ་འགགས་ཤིང་གཉུག་སེམས་ཀྱིས་བྱ་བ་བྱེད་པའི་དུས་སུ་ནད་ལ་སོགས་པས་རུལ་བ་མེད་པ་ནི་མ་ཡིན་ནོ། །ནད་ལ་སོགས་པས་སྐྱོན་མེད་ན། ལུས་ཀྱི་ཆ་ཤས་འགའ་ལས་རུལ་བ་སོགས་ནི་མི་རུང་སྟེ། དེའི་ཚེ་ལུས་ལ་ཤེས་པ་ཕྲ་མོ་ཡོད་པས་སོ། །
༣༠༽མཁས་པ་ཁ་ཅིག་གིས་ཀུན་གཞི་མེད་ན་སྐྱེ་བ་སྔ་ཕྱིའི་ལས་འབྲས་འཇོག་མི་ཐུབ་ཟེར་བ་དང༌། ཁག་ཅིག་གིས་ཀུན་གཞི་མེད་མོད། དྲུག་པ་ཡིད་ཀྱི་རྣམ་ཤེས་མེད་ན་འཇོག་མི་ཐུབ་ཟེར་བ་དང༌།ཁག་ཅིག་གིས་ལས་འགག་པ་ལས་འབྲས་བུ་སྐྱེ་བས་དེ་གཉིས་ཡོད་མེད་ལ་ལྟོས་པ་མ་ཡིན་ཟེར་བ་སོགས་བཤད་སྟངས་སྣ་ཚོགས་ཤིག་འབྱུང་དོན་གང་ཡིན་ནམ།
༼འབྲི་རུ་བསྟན་པས་དྲི་བ་༣༠ ལན༽མཁས་པ་རེ་རེས་གྲུབ་དོན་ཐ་སྙད་རེ་རེ་བཏགས་པ་དེ། གཅིག་བྱས་ན་མིང་ཙམ་ལས་དོན་གཅིག་པ་ཡིན་སྲིད། གཅིག་བྱས་ན་འགའ་ཤས་ཀྱིས་ནོར་བ་ཡིན་ངེས། གང་ལྟར་ཀྱང་བག་ཆགས་ཀྱི་བགོ་གཞི་སྣ་ཚོགས་སུ་འདོད་མཁན་ཚང་མ་ཚད་མའི་སྐྱེས་བུར་ཡིན་ཅི་ལ་དགོས། གལ་སྲིད་ཚད་མའི་སྐྱེས་བུ་ཡིན་ནའང། གདུལ་བྱའི་བསམ་ངོ་ལ་བསྟུན་ནས་བཤད་པ་ལ་བརྩི་རྒྱུ་རེད།
༣༡༽མེ་བུད་ཤིང་ལ་བརྟེན་པ་ལྟར་ཤེས་པ་རྩ་ཀླད་ལ་བརྟེན་ནས་འབྱུང་བ་མི་འཐད་དེ། མེ་ནི་བུད་ཤིང་ལ་ལྟོས་ནས་འགྱུར་བ་འགྲོ་ཡང་འདོད་ཆགས་སོགས་ནི་རྩ་ཀླད་ལ་མི་ལྟོས་པར་འགྱུར་བ་འགྲོ་བ་མངོན་སུམ་ཡིན་ནོ་ཟེར་བ་ལྟར་ན། རྒས་བྱིས་གཉིས་ལས་དར་མའི་སྐབས་སུ་འདོད་ཆགས་དང་ཞེ་སྡང་ཆེ་བ་ཡོད་པ་དང༌། གོ་སྟོབས་དང་བསམ་བློ་ཐོངས་ཆེ་བ་ཡོད་པའི་གནས་ལུགས་འདི་ལ་འགྲེལ་བཤད་ཇི་ལྟར་རྒྱག་གམ།
༼འབྲི་རུ་བསྟན་པས་དྲི་བ་༣༡ ལན༽རྒས་གཞོན་གཉིས་ཀྱི་བར་ན་ཆགས་སྡང་སོགས་ཤུགས་ཆེ་ཆུང་ཞེས་པ་ཆགས་སྡང་རྟེན་སའི་ལུས་དང་། རྩ་ཀླད། དབང་ལྡན་ཁོག་པ་དང་དབང་པོའི་ནུས་པ་སོགས་ལ་འབྲེལ་བ་མེད་པ་ནི་མ་ཡིན་ཏེ། དེ་རྣམས་རྒྱས་པའི་སྐབས་སུ་རླུང་རགས་པ་དང་ཤེས་པ་རགས་པ་འབྱུང་བའི་དུས་ཡིན་པས་ཆགས་སྡང་ཤུགས་ཆེ་བ་དང་། རྣམ་རིག་རྒོད་པའི་བཟོ་འདྲ་ཞིག་ཡོད། དེ་རྣམས་རིམ་བཞིན་རྒུད་པའི་སྐབས་སུ་དེ་ལ་བརྟེན་པའི་རླུང་དང་ཤེས་པ་རྣམས་ཕྲ་རུ་ཕྲ་རུ་ཕྱིན་ཅིང་། མཐར་ལུས་སེམས་རགས་པས་བྱ་བ་མི་བྱེད་པ་དེའི་ཚེ། ཕྱི་ཚུལ་ལ་རླུང་སེམས་ཉམས་པ་ལྟ་བུ་འབྱུང་བ་ནི་རགས་པའི་རླུང་སེམས་འགག་ལ་ཉེ་བའི་རྟགས་ཡིན་ཡང་བུད་ཤིང་མེ་ཡི་བོ་ངོར་སོང་བ་ལྟར་མ་ཡིན་ནོ། །ཡང་དབང་པོ་དང་རྩ་ཀླད་ཀྱང་སྔ་མའི་ལས་དང་མ་འབྲེལ་བར་འབྱུང་བ་ནི་མི་འདོད་དོ།།
༣༢༽གློག་ཀླད་ནང་གཟུགས་བརྙན་དང་སྒྲ་བརྙན་སྣ་ཚོགས་ལྟ་ཉན་བྱེད་ཐུབ་པ་ནི་གློག་ཀླད་ཀྱི་རྫས་ཙམ་ལས་བྱུང་བ་མ་ཡིན་པར་རྫས་དེ་དག་ཕན་ཚུན་འདུ་འཕྲད་བྱེད་སྟངས་ཀྱི་ཁྱད་པར་ལས་འབྱུང་བ་ལྟར། ཤེས་པ་ཡང་རྩ་ཀླད་ཙམ་ལས་བྱུང་བ་མ་ཡིན་པར་དེ་དག་གི་རྫས་མང་པོ་ཞིག་འདུ་འཕྲད་བྱེད་སྟངས་ཀྱི་ཁྱད་པར་ལས་བྱུང་བ་ཡིན་ནོ་ཞེ་ན་ལན་ཇི་ལྟར་ཡིན་ནམ།
༼འབྲི་རུ་བསྟན་པས་དྲི་བ་༣༢ ལན༽དེ་ལྟར་ན། དེང་གི་ཆར་ཚན་རྩལ་གྱིས་རྫས་འདྲ་མིན་བསྡུས་པ་ལ་བརྟེན་ནས་བཟོས་པའི་ཚོར་བ་དང་ལྡན་པའི་མི་དང་བ་ཕྱུགས་སོགས་མཐོང་དགོས་པ་ལས། དེ་ལྟར་མ་གྲུབ་པས་ན་གོང་གི་དྲི་བ་དེ་ལ་ལན་དེས་ཆོག་པར་གྱིས།
༣༣༽གལ་སྲིད་ཚན་རིག་པས་གློག་རྡུལ་ཕྲ་མོ་ཞིག་གི་བརྒྱུད་ནས་རང་གི་ཀླད་པའི་ནང་གི་གསང་བའི་གནས་ཚུལ་དང་འཆར་གཞི་ཚང་མ་བརྐུས་སོང་བ་ཡིན་ན། སྐབས་དེར་ནང་པས་འདོད་པ་ལྟར་གྱི་ཤེས་པ་ཟེར་བ་ཞིག་མེད་པར་ཁས་ལེན་ཐུབ་བམ།
༼འབྲི་རུ་བསྟན་པས་དྲི་༣༣ ལན༽དེ་ཙམ་གྱིས་ཤེས་པ་མེད་པ་ཁས་ལེན་མི་ཐུབ་སྟེ། ཤེས་པ་གནས་ས་ཤིན་ལྐོག་གི་དབང་པོ་རྐུ་འཁྱེར་སོགས་བྱེད་ཐུབ་པའི་དུས་ཤིག་བྱུང་ན། ཤེས་པ་དེ་དང་མཉམ་དུ་རྐུ་ཁྱེར་ཐུབ་སྲིད་པ་ཞིག་ཡིན་པས་ད་ལྟ་ཐག་གཅོད་མི་ཐུབ། ད་དུང་དེ་ནི་གྲོངས་འཇུག་གདམས་ངག་གི་རིགས་པ་དང་བར་ཐག་ཉེ་བོ་ཞིག་ཡིན་པས་དཔྱད་རྒྱུ་ཡོད།
༣༤༽གལ་སྲིད་ཚན་རིག་གི་ཐོག་ནས་མི་གཅིག་གི་ཀླད་པ་ནས་ཤེས་ཡོན་འདྲ་བཤུས་(Copy)བྱས་ཏེ། མི་གཞན་ཞིག་གི་ཀླད་པར་བླུགས་ནས་བེད་སྤྱོད་བྱེད་ཐུབ་པ་བྱུང་བ་ཡིན་ན། སྐབས་དེར་ནང་པས་འདོད་པ་ལྟར་གྱི་ཤེས་པ་ཟེར་བ་ཞིག་མེད་པར་ཁས་ལེན་ཐུབ་བམ།
༼འབྲི་རུ་བསྟན་པས་དྲི་བ་༣༤ ལན༽ སྤྱིར་རྩ་དང་ཀླད་པ། དབང་པོ་དང་ཤེས་པ་སོགས་རང་འཇགས་གནས་ཤིང་ཤེས་ཡོན་གཅིག་པུ་འདྲ་བཤུས་copy བྱ་ཐུབ་ཁག་པོ་རེད། གང་གིས་ན། ཤེས་པ་དང་དེ་ལ་འབྱར་བའི་ཤེས་ཡོན་གཉིས་ངོ་བོ་ཁ་ཁར་འབྱེད་རྒྱུ་མེད་པས་སོ། གལ་སྲིད་ཤེས་ཡོན་འདྲ་བཤུས་ཐུབ་པའི་དུས་ཤིག་བྱུང་ན། རྩ་བའི་ཤེས་པ་གཅིག་པུ་དེ་ཆ་གཉིས་སུ་མཆེད་པ་ཁས་ལེན་པར་འདོད། དེའི་ཚེ་ཤེས་པ་མེད་པར་ཁས་ལེན་མི་དགོས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་སྤྲུལ་པ་སྟོན་པའི་སྐབས་སུ་ཤེས་པ་གཅིག་ལས་གཉིས། གཉིས་ལས་གསུམ་མཆེད་རྒྱུ་ཡོད་པ་ནང་པའི་གཞུང་ལས་བཤད་པས་སོ། །
༣༥༽གལ་སྲིད་ཚན་རིག་པས་བཟོས་པའི་འཕྲུལ་ཆས་ཀྱི་མི་(Robot)ལ་ཚོད་དཔག་ལས་བརྒལ་བའི་རང་འགུལ་གྱི་བསམ་བློ་སླེབས་ནས། མི་ཡི་དབང་བསྒྱུར་ལ་ངོ་རྒོལ་གྱེན་ལོག་བྱས་པ་ཡིན་ན། སྐབས་དེར་ནང་པས་འདོད་པ་ལྟར་གྱི་ཤེས་པ་ཟེར་བ་ཞིག་མེད་པར་ཁས་ལེན་ཐུབ་བམ།
༼འབྲི་རུ་བསྟན་པས་དྲི་བ་༢༥ ལན། དེ་འདྲ་བྱུང་ན་ཤེས་པ་མེད་པ་ཁས་ལེན་དགོས་པའི་རྒྱུ་མཚན་ཞིག་མེད་ཀྱང་། ཁས་ལེན་བྱ་ཐུབ། དེ་འདྲ་གཏན་ནས་ཡོང་མི་སྲིད་དེ།འཕྲུལ་ཆས་ནི་མིའི་ཀླད་པའམ། རྣམ་རིག་ལ་བརྟེན་ནས་བཟོ་དགོས་པས་འཕྲུལ་ཆས་ནི་མི་དང་ཤེས་ཚད་མཉམ་པ་དུས་ནམ་ཡང་འབྱུང་མི་སྲིད་དོ། །
གསལ་བཤད་ཞུ་རྒྱུར། འདིའི་རྗེས་སུ་ཤེས་པ་ནི་དབང་རྩའི་བྱེད་ནུས་ཙམ་དུ་འདོད་མཁན་རྣམས་ལ་ཡང་དྲི་བ་དེ་མཚུངས་གཏོང་རྒྱུ་ཡིན་ལ། སུ་ཞིག་གིས་དྲིས་ལན་གནང་བ་དེར་དགའ་བསུ་དང་སྦྲགས། དེ་དག་གི་གསེབ་ན་བློ་སྐྱེད་འདྲ་འདུག་མིན་བལྟས་ནས་སྡོད་རྒྱུ་ལས་སླར་རྒོལ་བ་དང་འཕྲོས་དོན་དྲི་བ་སོགས་གཏོང་རྒྱུ་མིན། གང་ཡིན་ཟེར་ན། གཅིག་ནས་རང་ཉིད་བྲེལ་བས་ཁོམ་པ་མེད་ལ། གཉིས་ནས་དྲི་བ་ལ་རང་ལུགས་མེད་པས་(སྐབས་སུ་བབ་མིན་ཙམ་ལས་དྲི་བའི་ངོ་བོ་ལ་ནོར་འཁྲུལ་ཡང་མེད་ཟེར་སྲོལ་འདུག)རྩོད་སྤོང་དགོས་དོན་མེད་སྟབས། ལན་གནང་བ་ཁག་ལ་སླར་བརྒལ་ལན་དང་འདྲི་རྩོད་བྱས་བསྡད་པ་ཡིན་ན་ཀུན་སློང་ལ་དོགས་པ་དང་དམིགས་ཡུལ་ལ་གོ་ནོར་ཐེབས་སྲིད་པས་ཀྱང་ཡིན།
མཐའ་དོན་ཞུ་རྒྱུར། དྲི་བ་འགའ་རེ་ཕན་ཚུན་འབྲེལ་ནས་ཡོད་ཀྱང༌། དྲི་བ་ཁ་གསལ་པོ་དང་ལན་ཞིབ་ཚགས་པོ་ཡོང་ཆེད་ཁག་བགོས་ནས་བཀོད་ཡོད། དྲི་བ་འགའ་ཞིག་ལ་གོ་རྒྱུ་ཆེར་མེད་པའང་སྲིད་མོད། ལན་རྒྱག་རིན་མེད་པར་མ་དགོངས་པར་"སེམས་ཅན་རེ་རེའི་ཕྱིར་ཡང་མནར་མེད་པའི།། མེ་ནང་་་་༌།།" ཞེས་པ་ལྟར། ཐ་ན་གང་ཟག་གཅིག་གི་ཆེད་དུ་ཡིན་སྙམ་པ་ཞིག་དང་། གལ་ཆེ་བ་ཞིག་ནི། གནད་ལ་ཁེལ་བ་དང་དོན་ལ་གནས་པའི་ལན་རེ་གནང་ཞིང་ཐེབས་པ་ཡིན་ཚེ། ཚན་རིག་ལ་བརྟེན་ནས་སྐྱེ་བ་སྔ་ཕྱི་མེད་པར་འཐད་སྙམ་པ་དང་། དེ་ལྟར་སྨྲ་བ་རྣམས་ལ་ཡང་འགྲམ་ལྕག་ཚ་པོ་རེ་ཐེབས་པར་འདུག་ལ། གཙོ་བོ་ནི་བོད་ཀྱི་ཆོས་དང་རིག་གཞུང་གི་ཆེ་བ་དང་གཟི་བརྗིད་ཀྱང་འདོན་ཐུབ་པར་འདུག་པས། ད་རེས་འདི་ཕྱིའི་སྐྱབས་གནས་སུ་གྱུར་པའི་མཁས་དབང་རྣམ་པ་མ་འཁྱུག་ཅིག་ཅེས་ཀྱང་སྨྲ་བར་འདོད་དོ།། དཔའ་བརྟུལ་ནས།
རྩོམ་ཡིག་འདི་ཐེངས་ 1284 བཀླགས་འདུག
ཤོག་ངོས་འདི་ཐེངས་ 1429 བཀླགས་འདུག
སྡེ་ཚན།
བརྒལ་བརྟག
ནགས་ལྷ་དྲ་མཛོད།
ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།
གསར་ཤོས་དག : ནགས་ལྷ་དྲ་མཛོད།
སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་
དག་སྣང་གི་མིག་ཤེལ་མ་གྱོན་པ།། »
དཔྱད་མཆན་འགོད་ས།
རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།
གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།
ནང་ཆོས་གསར་ཤོས།
སྐྱབས་འགྲོ།
སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 91
འཇམ་དབྱངས་མཁས་བཙུན། སྙིང་དོན། སྐྱབས་འགྲོ་ཞེས་པ་ནི་ཆོས་ལུགས་ཀྱི་བརྡ་ཆད་ཅིག་རེད། སྐྱབས་འགྲ... བཀླགས་འཕྲོ...
བློ་སྦྱོང་ཚིག་བརྒྱད་མའི་རོབ་འག…
སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 91
ལྕེ་རླུང་འཚུབ། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། ། དེ་ཡི་རྗེས་འཇུག་འཕགས་བོད་མཁས་གྲུབ་... བཀླགས་འཕྲོ...
ལྟར་སྨོན་དགོན་གྱི་དུར་ཁྲོད་ཀྱི…
སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 104
དགེ་བཤེས་ལྷ་རམས་པ་ངག་དབང་ཐོགས་མེད། བལྟས་པ་ཙམ་གྱིས་མོས་པ་སྐྱེ་བའི་དགོན། ། མདོ་སྔགས་ཆོས་འཁ... བཀླགས་འཕྲོ...
ཤྲི་ལང་ཀར་བསྐྱོད་པའི་ཟིན་ཐོ།
དགེ་བཤེས་ལྷ་རམས་པ་ངག་དབང་བསྟན་པ། ཕྱི་ལོ་༢༠༢༡ཟླ་༡༢ཚེས་༡༩ཉིན་ཤྲི་ལང་ཀ་རུ་འབྱོར། ད…
མཆན་གསར་ཤོས།
- ནགས་ཤོད་ནགས་ལ་ས་མཐའ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། རྩོམ་ཡིག་འདིའི་ནང་གི་རྒྱབ་རྟེན་ལུང་དང་སྒྲུབ་བྱེད་རིགས་པ་གཉིས་ལ་བལྟས་ན་ས་མཐའ་ཡོད་པའི་ཕྱོགས་ལ་ཉེ། རྩོམ་པ་པོ། : མི་ནག་མདུང་ཐུང་། on Thu 23 Aug 2018 ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ། (དཔྱད་རྩོམ།)
- དྲིས་ལན་གཟུར་གནས་དགྱེས་པའི་གཏམ་དྲིས་ལན་བཅུ་བརྒྱད་པོ་གནད་ལ་ཕིགས་པའི་དྲིས་ལན་གནང་འདུག་སྙིང་ནས་བཀའ་དྲིན་ཆེ། རྩོམ་པ་པོ། : མིང་འདིར་བྲིས། on Thu 31 May 2018 དྲིས་ལན་གཟུར་གནས་དགྱེས་པའི་གཏམ། (བརྒལ་བརྟག)
མཆན་མང་ཤོས།
-
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན།
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན། ནགས་ཤོད་ཚོ་དགུ་ནི།…
-
ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ།
དགའ་ལྡན་སྙན་བརྒྱུད་སྤྲུལ་པའི་གླེགས་བམ་ལ་བརྟེན་ནས་གསར་རྩོམ་ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ་བཞུགས་སོ།། ན་མོ་གུ་རུ་ཛཱ་ཡ་ཨིཎྜ་ཡ།…
-
དེ་རིང་།
ནགས་ཀྱི་ཤིང་ལོ་ནས། མེ་ལྟར་ཚ་བའི་ཉི་མ་དེས།།ས་གཞི་འདི་ཡང་འབར་རམ་ཅི།།བར་སྣང་ལས་ཀྱས་མེ་འོད་འཕྲོས།།རྐང་འཐུང་ཚོགས་རྣམས་ཉོབ་ཅིང་དུབ།།…
-
དྲིས་ལན་གཟུར་གནས་དགྱེས་པའི་གཏམ།
ཀླུ་སྒྲུབ་བསྟན་པ་ལྗོངས་འདིར་སྤེལ་བ་ལ།།གངས་ཅན་མཁས་པ་ཡོངས་ཀྱི་ཅོད་པཎ་ཞེས། །…
-
ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
འབྲི་རུ་སྐལ་བཟང་རྒྱལ་མཚན། སྟོན་པ་མཆོག་དང་འཕགས་བོད་པཎ་གྲུབ་སྤྱི།།མེས་དབོན་རྣམས་ལ་གུས་པས་རབ་བཏུད་ནས།།ནགས་ཤོད་ནགས་ལ་ས་མཐའ་ཡོད་མེད་ཀྱི།།དགག་སྒྲུབ་གཏམ་གྱི་སྦྱོར་བ་མདོ་ཙམ་སྤེལ།།…