Fri 28 Jul 2023

བློ་སྦྱོང་ཚིག་བརྒྱད་མའི་རོབ་འགྲེལ་ཁ་ཐུག་མ།

ཚད་གཞི།:
(0 འོས་བླུགས།)

ལྕེ་རླུང་འཚུབ།

འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། །

དེ་ཡི་རྗེས་འཇུག་འཕགས་བོད་མཁས་གྲུབ་དང་། །

བཀའ་དྲིན་ཅན་གྱི་དངོས་ཀྱི་བླ་མ་རྣམས། །

སྒོ་གསུམ་གུས་པས་འདུད་ཅིང་ཕྱག་འཚལ་ལོ། །

ཞེས་མཆོད་པར་བརྗོད་ནས་གཞུང་དངོས་འགྲེལ་བ་ལ།

བདག་ནི་སེམས་ཅན་ཐམས་ཅད་ལ། །

ཡིད་བཞིན་ནོར་བུ་ལས་ལྷག་པའི། །

དོན་མཆོག་བསྒྲུབ་པའི་བསམ་པ་ཡིས། །

རྟག་ཏུ་གཅེས་པར་འཛིན་པར་ཤོག །

 

གླང་རི་ཐང་པ་བདག་གིས་ནི་དམིགས་ཡུལ་འགྲོ་བ་སེམས་ཅན་ཐམས་ཅད་ལ་འཇིག་རྟེན་འདིའི་ཡིད་བཞིན་ནོར་བུ་ལས་ཆེས་ལྷག་པའི་འདུ་ཤེས་སུ་འཛིན་གྱི་ཡོད། རྒྱུ་མཚན་ནི་དེ་ལ་བརྟེན་ནས་རང་གཞན་གྱི་དོན་མཆོག་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པའི་བྱ་བ་ལྷག་བསམ་རྣམ་དག་གིས་བྱ་སྙམ་པ་ཡིས་ཀུན་ནས་བསླངས་ཏེ་དུས་རྟག་ཏུ་སེམས་ཅན་ཐམས་ཅད་ལ་ཕ་མ་བུ་ཚའི་འདུ་ཤེས་སུ་བལྟ་བ་རྒྱུན་མི་ཆད་པར་གཅེས་པར་འཛིན་པར་ཤོག་ཅེས་ཐུགས་སྨོན་དང་དམ་བཅའ་བའོ། །དེ་ཡང་སྤྱོད་འཇུག་ལས། སེམས་ཅན་རྣམས་དང་རྒྱལ་བ་ལས། །སངས་རྒྱས་ཆོས་འགྲུབ་འདྲ་བ་ལ། །རྒྱལ་ལ་གུས་བྱེད་དེ་བཞིན་དུ། །སེམས་ཅན་ལ་མིན་ཅི་ཡི་ཚུལ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར།

གང་དུ་སུ་དང་འགྲོགས་པའི་ཚེ། །

བདག་ཉིད་ཀུན་ལས་དམན་ལྟ་ཞིང་། །

གཞན་ལ་བསམ་པ་ཐག་པ་ཡིས། །

མཆོག་ཏུ་གཅེས་པར་འཛིན་པར་ཤོག །

ཡུལ་གང་དུ་དང་གང་ཟག་སུ་དང་མཉམ་དུ་འགྲོགས་པའི་ཚེ་ན་བདག་ཉིད་གཞན་ཀུན་ལས་དམན་པར་ལྟ་ཞིང་། གཞན་ལ་བསམ་པ་རྣམ་དག་གི་སྒོ་ནས་སམ་ཞེ་ཐག་པ་ཡིས་རང་ཉིད་ལས་གཞན་མཆོག་ཏུ་བཟུང་ན་ང་རྒྱལ་ཆུང་དུ་ཕྱིན་ནས་ཞི་ཞིང་དུལ་བའི་ཡོན་ཏན་རང་རྒྱུད་དུ་སྐྱེ་བ་ལ་དགོངས་ནས་རྒྱུན་མི་ཆད་པའི་སྒོ་ནས་མཆོག་ཏུ་གཅེས་པར་འཛིན་ཐུབ་པར་ཤོག །ཅེས་ཐུགས་སྨོན་དང་དམ་བཅའ་བའོ། །ནོར་ཕྲེང་ལས། ཁྲོ་དང་ང་རྒྱལ་གཞོམ་བྱ་ཞིང༌། །དམན་པའི་སེམས་དང་ལྡན་པར་བྱ། །ཞེས་གསུངས་པ་བཞིན་ཡིན་ནོ། །

སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། །

རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག །

བདག་གཞན་མ་རུངས་བྱེད་པས་ན། །

བཙན་ཐབས་གདོང་ནས་ཟློག་པར་ཤོག །

འགྲོ་འཆག་ཉལ་འདུག་གང་ཡིན་ཡང་ལུས་ངག་གི་སྤྱོད་ལམ་ཀུན་ཏུ་སོ་སོའི་རང་གི་རྒྱུད་ལ་དུས་དང་རྐྱེན་ག་རེའི་སྒོ་ནས་འབྱུང་མིན་བརྟག་དཔྱད་བྱས་ནས་ཤེས་བཞིན་གྱིས་རྟོག་ཞིབ་བྱས་པས། ཉོན་མོངས་སྐྱེས་མ་ཐག་ཏུ་འདིས་བདག་གཞན་རྒྱུད་དཀྲུགས་པའམ་མ་རུང་པར་བྱེད་པས་བཙན་དབང་གི་ཐབས་ཀྱིས་གདོང་ཐུག་ཁ་ཐུག་དེ་མ་ཐག་ཏུ་བཟློག་ཐུབ་པར་ཤོག་ཅེས་ཐུགས་སྨོན་དང་དམ་བཅའ་བའོ། །དེ་ཡང་ནོར་ཕྲེང་ལས། དྲན་དང་ཤེས་བཞིན་བག་ཡོད་པས། །དབང་པོའི་སྒོ་རྣམས་རྟག་ཏུ་བསྲུང༌། །ཉིན་མཚན་དུས་གསུམ་ཡང་དང་ཡང༌། །སེམས་ཀྱི་རྒྱུད་ལ་བརྟག་པར་བྱ། །ཞེས་གསུངས་པ་ལྟར་ཡིན་ནོ། །

རང་བཞིན་ངན་པའི་སེམས་ཅན་ནི། །

སྡིག་སྡུག་དྲག་པོས་ནོན་མཐོང་ཚེ། །

རིན་ཆེན་གཏེར་དང་འཕྲད་པ་བཞིན། །

རྙེད་པར་དཀའ་བས་གཅེས་འཛིན་ཤོག །

ཚེ་རབས་མང་པོ་ལ་ལས་ངན་པའི་དབང་གིས་ངན་འགྲོ་ན་འཁོར་བའི་རང་བཞིན་ངན་པའི་སེམས་ཅན་དག་དང་། ཡང་སྡིག་པ་ཧ་ཅང་ཚབས་ཆེན་གསོག་མཁན་དང་སྡུག་བསྔལ་དྲག་པོས་མནར་བའམ་ནོན་པའི་སེམས་ཅན་དག་མཐོང་ཚེ། སྐབས་དེ་དུས་དངོས་གནས་ཉམས་ལེན་བྱ་འདོད་ན་མི་དབུལ་པོས་རིན་ཆེན་གཏེར་དང་འཕྲད་པ་བཞིན་དགའ་བཞིན་སྤྲོ་བཞིན་དུ་སེམས་ཅན་འདི་ལྟ་བུ་བྱང་ཆུབ་ཏུ་སྒྲུབ་པའི་ཡན་ལག་རྙེད་པར་དཀའ་བས་སོ་སྙམ་ནས་དེ་ལ་ལྷག་པར་དུ་སྙིང་རྗེ་ཆེན་པོ་བསྐྱེད་ནས་གཅེས་པར་འཛིན་པར་ཤོག་ཅེས་ཐུགས་སྨོན་དང་དམ་བཅའ་བའོ། །

བདག་ལ་གཞན་གྱིས་ཕྲག་དོག་གིས། །

གཤེ་སྐུར་ལ་སོགས་མི་རིགས་པའི། །

གྱོང་ཁ་རང་གིས་ལེན་པ་དང་། །

རྒྱལ་ཁ་གཞན་ལ་འབུལ་བར་ཤོག །

བདག་ལ་གང་ཟག་གཞན་གྱིས་ཕྲག་དོག་གིས་ཀུན་ནས་བསླངས་ཏེ་གཤེ་ཞིང་མཚང་འབྲུ་བ་དང་བསྡིགས་པ་དང་གཞི་མེད་དུ་སྐུར་བ་འདེབས་པ་སོགས་ཤིན་ཏུ་མི་རིགས་པའམ་མི་རུང་ཅི་འདྲ་བ་ཞིག་བྱེད་རུང་། རང་ཉིད་ཁོང་ཁྲོའི་གཞན་དབང་དུ་ཅུང་ཟད་ཀྱང་མི་འགྲོ་བ་བྱེད་དགོས་པ་མ་ཟད། ད་དུང་དེའི་རིགས་ལ་དགའ་བ་བསྒོམས་ནས་བཟོད་པའི་ཡུལ་མཆོག་གྱུར་དུ་བརྩིས་ནས་གྱོང་ཁ་རང་གིས་ལེན་པ་དང་རྒྱལ་ཁ་གང་ཟག་གཞན་ལ་འབུལ་ཐུབ་པར་ཤོག་ཅེས་ཐུགས་སྨོན་དང་དམ་བཅའ་བའོ། །

གང་ལ་བདག་གིས་ཕན་བཏགས་པའི། །

རེ་བ་ཆེ་བ་གང་ཞིག་གིས། །

ཤིན་ཏུ་མི་རིགས་གནོད་ན་ཡང་། །

བཤེས་གཉེན་དམ་པར་བལྟ་བར་ཤོག །

གང་ཟག་གང་ཡང་རུང་བ་ཞིག་ལ་བདག་གིས་ཕར་ཕན་ཆེན་པོ་ཞིག་བཏགས་པའི་རྒྱུ་མཚན་དུ་བྱས་ནས་ཚུར་ཡང་ཕན་འདོགས་པའི་རེ་བ་ཆེ་བ་ཡོད་པ་བཞིན་དེ་ལྟར་གནས་པ་ཡང་ཕལ་ཆེ་བ་ལ་ཁྱབ་པ་འཇིག་རྟེན་སྤྱི་ལུགས་ཡིན་ཡང་། གང་ཟག་གང་ཞིག་གིས་དེ་ལས་ལྡོག་ཏེ་ཧང་སང་དགོས་པ་ཞིག་ལ་ཚུར་ལ་བློ་ཡུལ་ལས་འདས་པའི་མི་རིགས་པའི་སྒོ་ནས་གནོད་ན་ཡང་དེ་ལ་ཡང་ཁོ་ཁྲོ་ལངས་རྒྱུ་ཕར་བཞག་ནས་ད་དུང་བཤེས་གཉེན་དམ་པར་བལྟ་ཐུབ་པར་ཤོག་ཅེས་ཐུགས་སྨོན་དང་དམ་བཅའ་བའོ། །

མདོར་ན་དངོས་དང་བརྒྱུད་པ་ཡིས། །

ཕན་བདེ་མ་རྣམས་ཀུན་ལ་འབུལ། །

མ་ཡི་གནོད་དང་སྡུག་བསྔལ་ཀུན། །

གསང་བས་བདག་ལ་ལེན་པར་ཤོག །

མདོར་ན་དངོས་སམ་ཡང་ན་བརྒྱུད་པ་ཡིས་རང་ཉིད་ཀྱི་ཕན་དང་བདེ་བ་ཐམས་ཅད་མ་རྒན་རྣམས་ལ་ཕར་འབུལ་རྒྱུ་དང་། མ་རྒན་དེ་རྣམས་ཀྱི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ངན་པའི་སྡིག་སྒྲིབ་དང་དུག་གསུམ་གྱི་གནོད་པའི་སྡུག་བསྔལ་ཀུན་གསང་བའི་སྒོ་ནས་བདག་གི་རྒྱུད་ལ་ཚུར་མྱོང་བའམ་སྨིན་པར་ཤོག་ཅེས་ཐུགས་སྨོན་དང་དམ་བཅའ་བའོ། །

དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི། །

རྟོག་པའི་དྲི་མས་མ་སྦགས་ཤིང་། །

ཆོས་ཀུན་སྒྱུ་མར་ཤེས་པའི་བློས། །

ཞེན་མེད་འཆིང་བ་ལས་གྲོལ་ཤོག །

གོང་དུ་ཞུས་པའི་རྒྱལ་སྲས་ལག་ལེན་དེ་དག་ཀུན་ཀྱང་འཇིག་རྟེན་ཆོས་བརྒྱད་ཀྱི་རྣམ་རྟོག་དྲི་མས་མ་སྦགས་ཤིང་། ཕྱི་ནང་གི་ཆོས་ཀུན་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པ་སྒྱུ་མ་བཞིན་དུ་བལྟ་བ་ཤེས་པའི་བློས། རང་བཞིན་གྱིས་གྲུབ་པར་སྣང་བ་ལྟར་དུ་ཞེན་པ་མེད་པས་དེའི་མཚན་མར་འཛིན་པའི་འཆིང་བ་ལས་གྲོལ་བར་ཤོག་ཅེས་ཐུགས་སྨོན་དམ་བཅའ་དང་བཅས་པའོ། །
དགེ་བཤེས་ཆེན་པོ་གླང་རི་ཐང་པས་མཛད་པའོ། །སེ་ར་ཐེག་ཆེན་གླིང་ནས་ལྕེ་རླུང་འཚུབ་ཀྱིས་སྤེལ།

ཤོག་ངོས་འདི་ཐེངས་ 41 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་ « ལྟར་སྨོན་དགོན་གྱི་དུར་ཁྲོད་ཀྱི་སྐོར། སྐྱབས་འགྲོ། »

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

 གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།

ནང་ཆོས་གསར་ཤོས།

སྐྱབས་འགྲོ།

སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 45

འཇམ་དབྱངས་མཁས་བཙུན། སྙིང་དོན། སྐྱབས་འགྲོ་ཞེས་པ་ནི་ཆོས་ལུགས་ཀྱི་བརྡ་ཆད་ཅིག་རེད། སྐྱབས་འགྲ... བཀླགས་འཕྲོ...

བློ་སྦྱོང་ཚིག་བརྒྱད་མའི་རོབ་འག…

སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 42

ལྕེ་རླུང་འཚུབ། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། ། དེ་ཡི་རྗེས་འཇུག་འཕགས་བོད་མཁས་གྲུབ་... བཀླགས་འཕྲོ...

ལྟར་སྨོན་དགོན་གྱི་དུར་ཁྲོད་ཀྱི…

སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 55

དགེ་བཤེས་ལྷ་རམས་པ་ངག་དབང་ཐོགས་མེད། བལྟས་པ་ཙམ་གྱིས་མོས་པ་སྐྱེ་བའི་དགོན། ། མདོ་སྔགས་ཆོས་འཁ... བཀླགས་འཕྲོ...

མཆན་མང་ཤོས།