Fri 13 Apr 2018
དག་སྣང་གི་མིག་ཤེལ་མ་གྱོན་པ།།
སེར་ལྷོ་བ་སྐལ་བཟང་བསྟན་སྐྱོང༌།
ཚད་མ་ལས་འཕྲོས་པའི་དོགས་པ།།
རང་བློ་རང་ལ་ལྐོག་གྱུར་མིན་ཞེས་པའི་དོན་གང་ཡིན། གང་ཟག་རང་རྒྱུད་ཀྱི་བློ་ཡི་ངོ་བོ་ཅི་འདྲ་ཡིན་གང་ཟག་རང་ཉིད་ཀྱིས་རྟོགས་པའི་དོན་ཡིན་ནམ། གང་ཟག་རང་གི་བློ་ཡིས་ཤེས་བྱའི་གནས་ཚད་ཇི་ཙམ་འཇལ་བ་གང་ཟག་རང་ཉིད་ཀྱིས་རྟོགས་པའི་དོན་ཡིན། དང་པོ་ལྟར་ན། ཕྱི་རོལ་རྒྱང་འཕེན་པ་དང་། དེང་གི་ཚན་རིག་པ་རྣམས་ ཀྱིས་བློ་ཡི་ངོ་བོ་ཅི་འདྲ་ཡིན་མིན་ངོས་འཛིན་མ་ཐུབ་པར་ལུས་ཀྱི་ཆ་ཤས་སམ་ཀླད་ རྩ་གཟུགས་ཅན་གྱི་ནུས་པ་ཞིག་ལ་ཁས་བླངས་པས་རང་གི་བློ་ཡི་ངོ་བོ་རང་ལ་ལྐོག་ཏུ་གྱུར་པ་མཐོང་ཐུབ་སྟེ། གལ་ཏེ་ཁོང་ཚོས་བློ་ཡི་ངོ་བོ་གསལ་རིག་ཙམ་དུ་རྟོགས་ཀྱི་ཡོད་ན་དེ་ལྟར་དུ་ཁས་ལེན་དགོས་ཏེ་དགོས་པ་རྒྱུ་མཚན་ཅི་ཡང་མེད་པར་ཤེས་བཞིན་དུ་མ་རེད་ཅེས་མི་ལབ་བོ། ད་དུང་རང་བློ་རང་གིས་རྟོགས་ཞེས་རྣ་ཅོག་ཇི་ལྟར་འཐེན་ཡང་ཁ་ནང་དུ་སླེབས་ཐབས་མེད་པས་འདོད་ཚུལ་དང་པོ་མི་འཐད། གཉིས་པ་ལྟར་ན་། གང་ཟག་འགའ་ཤས་ལ་རང་ཉིད་ཀྱིས་ཤེས་བྱའི་གནས་ཚད་ཅི་ཙམ་ཤེས་པ་རང་ལ་ལྐོག་ཏུ་གྱུར་པ་དེ་འདྲ་མང་པོ་ཡོད་དེ། མི་ཁ་ཤས་ལ་འཇོན་ཐང་དང་ཤེས་ཡོན་ཇི་ཙམ་ཡོད་མེད་ཀུན་གྱིས་གསལ་གསལ་ཐིང་ཐིང་ཤེས་ཀྱང་། ད་དུང་ཤེས་རབས་དང་འཇོན་རབས་དང་། ཁོ་རང་ལ་བལྟས་ན་མི་གཞན་རྣམས་བ་གླང་ལྟ་བུའི་ལྐུགས་པ་ཡིན་ཚུལ་ཤོད་ཅིང་། གལ་ཏེ་ཁོ་རང་གིས་ཤེས་པའི་ཤེས་བྱ་ཕྲན་ཚེགས་འགའ་དཔེར་བཟུང་སྟེ་ཁྱོད་དེ་ལྟ་བུའི་ཤེས་བྱ་ལ་བློ་གྲོས་རྒྱས་ཚུལ་སོགས་ངོ་བསྟོད་ཚིག་གིས་སྦུད་དུས། འུད་ཤོབ་འཐེན་ཆེ་དྲགས་པས་གདོང་པར་ཁ་ཐུག་ལྟ་མི་ཚུགས་པར་མིག་ ཕྱོགས་གཞན་ལ་བལྟས་ནས་ཉན་དགོས་པ་དེ་འདྲ་ང་རང་གིས་མི་ཚེའི་ནང་དངོས་སུ་མཐོང་ མྱོང་བ་མ་ཟད། ལུང་པ་ཞིག་ན་བྱད་བཞིན་ཤིན་ཏུ་མི་མཛེས་པའི་བུ་མོ་གླེན་མ་ཞིག་ཡོད། རོགས་ཟླ་བུ་མོ་གཞན་རྣམས་ཀྱིས་ཁྱོད་ཀྱི་བྱད་བཞིན་མཛེས་ཚུལ་དང་། རྒྱ་ཁྲོམ་དཀྱིལ་ནས་མི་ཡོད་དོ་ཅོག་གིས་ཁྱེད་ཀྱི་གདོང་ལ་བལྟས་ཏེ་གཡེང་གི་ཡོད་ཚུལ་བཤད་པས་བུ་མོ་གླེན་མས་དེ་ལྟར་ཡིན་སྣང་ཤར་ནས་རྒྱ་ཁྲོམ་དཀྱིལ་དུ་རྐང་པའི་འབབ་སྟེགས་ལྟ་བུ་ཞིག་ལ་འཛེགས་ཏེ་རྣམ་འགྱུར་སྣ་ཚོགས་ཀྱིས་རྒྱ་ཁྲོམ་དཀྱིལ་དུ་ལྟ་གི་ཡོད་ཚུལ་བཤད་པ་བདེན་ན། རང་གི་བྱད་བཞིན་ཡག་བཙོག་ཅི་ཡོད་དེ་ཙམ་གྱིས་ལྐོག་གྱུར་མིན་པ་ཤེལ་སྒོ་ལ་བལྟས་ན་མངོན་སུམ་དུ་རྟོགས་ནུས་པས་ད་དུང་ལྐོག་ཏུ་གྱུར་པའི་མི་ཡོད་ན། ང་ཚོས་མངོན་སུམ་དུ་མཐོང་མི་ཐུབ་པ་ཤེས་པ་འམ་བློ་ལྟ་བུ་ལྐོག་ཏུ་གྱུར་པའི་གང་ཟག་ག་ཚད་དགོས་དགོས་ཡོད་རེད་དྲན། དེས་ན་རང་བློ་རང་ལ་ལྐོག་གྱུར་མིན་ཞེས་པའི་དོན་ཅི་ཡིན་ཞེས་པ་འདི་དྲི་བ་གཅིག་ཡིན།།
ཕར་ཕྱིན་སྐྱབས་འགྲོ་ལས་འཕྲོས་པའི་དོགས་པ།།
དོགས་པ་འདི་གཞན་གྱིས་ང་ལ་དྲིས་ཀྱང་ངས་ལན་མ་ཐེབས་པ་ཞིག་རེད།། སྐྱབས་འགྲོའི་བསླབ་བྱའི་ཕན་ཡོན་བརྒྱད་ཀྱི་སྐབས་སུ་མི་དང་མི་མ་ཡིན་གྱི་གནོད་པས་མི་ཚུགས་པ་དང་། ཚད་ལྡན་གཞུང་གཞན་ལས་ཀྱང་སྐྱབས་འགྲོའི་ཕན་ཡོན་སྐབས་སུ་མེས་མི་འཚིག་པ་དང་། ཆུ་ཡིས་མི་འཁྱེར་བ་གསུངས་པའི་དོན་འདི་གང་ཡིན། གལ་ཏེ་མི་དང་མི་མ་ཡིན་གྱི་གནོད་པས་མི་ཚུགས་གསུངས་པའི་དོན་མི་དང་མི་མ་ཡིན་གཉིས་ཀས་གནོད་པ་བསྐྱལ་མི་ཐུབ་པའི་དོན་ཨེ་ཡིན། ཡིན་ན་རིག་གནས་གསར་བརྗེའི་སྐབས་སུ་བླ་མ་སྐྱེས་ཆེན་དམ་པ། ངེས་དོན་གྱི་དགེ་བཤེས་ཚད་ལྡན། ཉམས་རྟོགས་ཅན་གྱི་མཁན་པོ་སོགས་མང་པོ་ཞིག་རྒྱ་དམག་གི་མཚོན་གྱིས་བཀྲོངས་པ་དང་། ཡང་ན་བཙོན་དོང་དུ་མནར་གཅོད་ཀྱིས་གྲོངས་པ་དེ་དག་མི་ཡིས་གནོད་པ་བསྐྱལ་བའི་ཁོངས་སུ་འགྲོ་བ་མ་ཡིན་ནམ། སྔར་དཔལ་ནཱ་ལེནྡྲའི་དགོན་པ་མུ་སྟེགས་པས་མེར་སྲེག་དུས་དགོན་པའི་ནང་ སྐྱབས་འགྲོ་ཚད་ལྡན་རྒྱུད་ལ་ཡོད་པའི་དགེ་སློང་རྣམ་དག་མང་པོ་ཡོད་པ་ཚོད་དཔགས་ ཐུབ་ཀྱང་། མེས་མ་ཚིག་ལྷག་པའི་ལོ་རྒྱུས་ཀྱང་མེད་པའི་སྐྱབས་འགྲོའི་ཕན་ཡོན་དེ་ལྟར་གསུངས་པའི་དོན་ཅི་ཞིག་ཡིན་ཞེས་་ཟེར། ངའི་སེམས་ལ་རྣམ་འགྲེལ་དང་དབུ་མ་སོགས་གཞུང་ཚད་ལྡན་ཀུན་ལས་སྐྱབས་འགྲོ་རྒྱུད་ལ་ཡོད་ན་ཡང་། རང་གི་ཕུང་པོ་སྡུག་བདེན་ཡིན་ན་མེར་བསྲེག་ན་འཚིག་ཏུ་རུང་བ་དང་། ཆུས་འཁྱེར་རུང་བ་སོགས་སྡུག་བསྔལ་གྱི་རྐྱེན་ཅི་འདྲ་ཞིག་འཕྲད་ན་སྡུག་བསྔལ་གསུམ་ཀས་མནར་དུ་རུང་བ་དང་། དབུ་མའི་སྐབས་ཟོ་ཆུན་འཕྲུལ་འཁོར་དང་དཔེར་སྦྱར་ནས་བཤད་དུས་གང་ལ་ཐུག་ན་བཅོག་ཏུ་རུང་བ་སོགས་གསོན་རྐྱེན་ཉུང་ཞིང་འཆི་རྐྱེན་མང་བའི་སྐོར་དངོས་མཐོང་ལག་ཟིན་ལ་ར་འཕྲོད་དུ་ཡོད་པ་གསུངས་པ་དེ་དག་ཡིད་ལ་འཁོར་ནས་བློ་ཡིད་ཚིམ་པའི་ལན་ཞིག་འདེབས་རྒྱུ་མ་རྙེད་པ་ལུས་སོང་། དེར་བརྟེན་སྐྱབས་འགྲོའི་ཕན་ཡོན་བརྒྱད་ཀྱི་སྐབས་སུ་མི་དང་མི་མ་ཡིན་གྱི་གནོད་པས་མི་ཚུགས་པ་དང་། མེས་མི་འཚིག་གསུངས་པའི་དགོངས་གཞི་གང་ལ་གནས་པ་རེད་ཅེས་པ་འདི་དྲི་བ་གཉིས་པ་ཡིན།
དབུ་མ་ལས་འཕྲོས་པའི་དོགས་པ། ཡལ་ག་ལོ་འདབ་དང་ལྡན་པ་གཅིག་ལ་སྐད་རིགས་མི་འདྲ་བའི་དབང་གིས་ཡུལ་གཅིག་གིས་ཤིང་དང་། ཡུལ་གཅིག་གིས་ཁང་ཁྱིམ་ཞེས་པའི་ཐ་སྙད་མི་མཐུན་པ་གཉིས་སྦྱོར་གྱི་ཡོད་པ་གཞུང་ན་གསལ་བ་ལྟར་མྱོང་བས་ཀྱང་ཤེས་ལ། ཡུལ་དེ་གཉིས་ཀྱི་ཐ་སྙད་གང་ཚད་མར་འཛིན་དགོས་ཞེས་དགེ་བཤེས་རྒན་རབས་་ཤིག་ལ་དྲིས་པ་ཡིན། ཁོང་གིས་ཐ་སྙད་དེ་གཉིས་ཀ་ཚད་མར་འཛིན་དགོས། གལ་ཏེ་ཁྱེད་རང་ལུང་པ་དེར་སླེབས་ན་ཁང་ཁྱིམ་ཁྱེར་ཤོག་ལོབས་དང་ཁོང་ཚོས་ཤིང་འཁྱེར་ཡོང་གི་རེད་དེ། ང་ཚོས་ཤིང་ཞེས་པའི་ཐ་སྙད་སྦྱར་སའི་ཡུལ་དང་ཁོང་ཚོས་ཁང་ཁྱིམ་ཞེས་ པའི་ཐ་སྙད་སྦྱར་ས་གཞི་གཅིག་ཡིན་པ་གཉིས་ཀ་ལ་མཐུན་སྣང་གྲུབ་པས་ཐ་སྙད་ཚད་གྲུབ་ ཉམས་པའི་སྐྱོན་མེད་དེ། དཔེར་ན་ཉི་ཧོང་གི་སྐད་ལ་གནམ་གྲུ་ལ་མིག་ཟེར་གྱི་ཡོད། ཡིན་ན་ཡང་ང་ཚོའི་ མིག་ཅེས་འབོད་སའི་གཞི་དེ་ལ་ཟེར་བ་མིན་པ་དེ་འདྲ་མང་པོ་ཡོད་གསུངས་པ་དངོས་ཡོད་ གནས་ཚུལ་དང་མཐུན་པའི་དོན་དམ་པའི་རིགས་སྨྲའི་ལན་ཞིག་ཡིན་པ་འཁུམས། འོན་ཏེ་ང་ཚོས་མཚན་མཚོན་རྣམ་བཞག་ཐམས་ཅད་བོད་སྐད་གཞིར་བཟུང་ནས་བཞག་པས་ཤ་བའི་ཡལ་ག་ལོ་འདབ་དང་ལྡན་པ་དེ་ཁང་ཁྱིམ་ཡིན་ཞེས་ཁས་ལེན་དགོས་ན། ཡལ་ག་ལོ་འདབ་ལྡན་པ་དང་ཤིང་གཉིས་ཁྱབ་པ་སྒོ་བརྒྱད་དུ་མ་ངེས་པའི་སྐྱོན་དུ་འགྱུར་བས་་སྐྱོན་སྤོང་གི་ལན་གང་ཞིག་འདེབས་ཞེས་པ་འདི་དྲི་བ་གསུམ་པ་ཡིན།།
འདུལ་བ་ལས་འཕྲོས་པའི་དོགས་པ།།
ཉེས་བྱས་ཕྲ་མོ་ཙམ་གྱིས་རྒྱལ་ཆེན་རིགས་བཞིའི་ཚེ་ཚད་དང་མཉམ་པ་དམྱལ་བར་སྐྱེ་བ་ལེན་དགོས་གསུངས་པའི་དོན་གང་ཡིན། ཉེས་བྱས་ཕྲ་མོ་ནི་ཉེས་པ་ཆུང་ཆུང་མིག་ལྟ་སྟངས་ནོར་བ་དང་ཤམ་ཐབས་གྱོན་སྟངས་ནོར་བ་ལྷུང་བཟེད་འཁྲུད་སྟངས་ནོར་བ་ཙམ་རེད། རྒྱལ་ཆེན་རིགས་བཞིའི་ཚེ་ཚད་མི་ལོར་བསྒྱུར་ན་མི་ལོ་སྟོང་ཕྲག་ཙམ་དང་། ཁྲི་འབུམ་དང་། ས་ཡ་ཙམ་ཡང་མིན་པ་མི་ལོ་དུང་ཕྱུར་མང་པོ་ལོན་འགྲོ་བ་ལམ་རིམ་ལས་གསུངས་པ་ལྟར་རེད། ཉེས་པ་ཆུང་ཆུང་མིག་ལྟ་སྟངས་ནོར་བ་དང་ཤམ་ཐབས་གྱོན་སྟངས་ནོར་བ་ཙམ་གྱིས་ཉེས་ཆད་དམ་རྣམ་སྨིན་འབྲས་བུ་སྡུག་བསྔལ་མི་ལོ་དུང་ཕྱུར་མང་པོར་མེ་ནང་སྡོད་དགོས་པ། རལ་གྲིའི་ལོ་མ་དང་། མཚོན་ཆ་ཁ་གྱེན་དུ་གཟེངས་པའི་ཚལ་དུ་གཅེར་བུའི་ལུས་ཀྱིས་ཡར་གཤགས་མར་གཤགས་བྱེད་དགོས་པ་སོགས་བསམས་ན་སྙིང་རླུང་ལྡང་དགོས་པའི་སྡུག་བསྔལ་དེ་འདྲ་མྱོང་དགོས་དོན་ཅི་ཡིན་ན། རྒྱུ་ཉེས་པ་དེ་དང་འབྲས་བུ་སྡུག་བསྔལ་གཉིས་པོ་ལྕི་ཡང་སྲང་ལ་བཅལ་ན་རི་རབ་དང་རྡུལ་ཕྲན་སྲང་ལ་འདེགས་པ་ལྟ་བུར་ལྕི་ཡང་གི་ཁྱད་པར་ཡོད་ཚོད་རེད། ལས་འབྲས་ལ་སྐྲ་ཉག་གཅིག་ལ་ཆ་ཤས་བརྒྱར་ཕྱེས་ནའང་ཆ་ཙམ་ལ་གཡོ་བ་མེད་པ་དངོས་པོའི་གཤིས་ལུགས་ཀྱི་རིགས་པ་བཙན་པོས་བསྒྲུབས་པ་ལ་ནང་འགལ་འདི་ཇི་ལྟར་སྤོང་། རིགས་ པའི་མཆེད་གྲོགས་ཁ་ཤས་ཀྱིས་ཟེར་ན་ལམ་རིམ་ཆེན་མོ་ནས་གསུངས་པ་ལྟར་ལས་འཕེལ་ཆེ་ བའི་སྟབས་ཀྱིས་དང་པོའི་ཉེས་པ་དེ་ཙམ་ལྕི་མོ་ཞིག་མིན་ཡང་། རིམ་པས་འཕེལ་ཏེ་མཐར་ཉེས་པ་ཤིན་ ཏུ་ལྕི་མོར་གྱུར་པས་རྣམ་སྨིན་དེ་ལྟ་བུ་འཕེན་ཐུབ་པ་ཞིག་ཏུ་གྱུར་པ་རེད་ཟེར། འོ་ན་ཉེས་བྱས་ཕྲ་མོ་བྱས་པའི་ཉེས་པ་དེ་ཙམ་འཕེལ་ཁ་ཡོད་ན། སྲུང་པའི་ཕན་ཡོན་གྱི་དགེ་བ་དེ་ཡང་ དེའི་ཚོད་ཙམ་རིམ་གྱིས་འཕེལ་ཆོག་པ་འགོ་མཚུངས་ཀྱི་རིགས་པས་ཤེས་ལ། སྲུང་བའི་དགེ་བ་དེས་ཀྱང་རྒྱལ་ཆེན་རིགས་བཞིའི་ཚེ་ཚད་མཉམ་པ་བདེ་འགྲོར་སྐྱེ་ཨེ་ཐུབ་ཅེས་པ་འདི་དྲི་བ་བཞི་པ་ཡིན།།
སྨྲས་པ།།
མཇུག་སྒྲོ་སྒེག་པ་ཙམ་གྱི་ཁྱད་ཆོས་ལ་བསམས་ན།།
དུག་ཅན་ཟས་ཀྱིས་འཚོ་བའི་རྨ་བྱ་དེ་མཛེས་སོང་།།
གཤོག་ལེབ་འབྱར་ཚད་ཐམས་ཅད་ནམ་མཁའ་ལ་འཕུར་དུས།།
སྒྲོ་ཐུལ་མཛེས་ལ་ཆགས་པས་སྡོད་པ་འདི་ཅི་ཕན།།
རྩོམ་ཡིག་འདི་ཐེངས་ 2028 བཀླགས་འདུག
ཤོག་ངོས་འདི་ཐེངས་ 1171 བཀླགས་འདུག
སྡེ་ཚན།
བརྒལ་བརྟག
ནགས་ལྷ་དྲ་མཛོད།
ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།
གསར་ཤོས་དག : ནགས་ལྷ་དྲ་མཛོད།
སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་
« སྐྱེ་བ་སྔ་ཕྱི་དང་འབྲེལ་ཡོད་དྲི་བ་སོ་ལྔ་པ་ཞེས་བྱ་བ།།
དྭོགས་སློང་། »
དཔྱད་མཆན་འགོད་ས།
རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།
གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།
ནང་ཆོས་གསར་ཤོས།
སྐྱབས་འགྲོ།
སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 92
འཇམ་དབྱངས་མཁས་བཙུན། སྙིང་དོན། སྐྱབས་འགྲོ་ཞེས་པ་ནི་ཆོས་ལུགས་ཀྱི་བརྡ་ཆད་ཅིག་རེད། སྐྱབས་འགྲ... བཀླགས་འཕྲོ...
བློ་སྦྱོང་ཚིག་བརྒྱད་མའི་རོབ་འག…
སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 92
ལྕེ་རླུང་འཚུབ། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། ། དེ་ཡི་རྗེས་འཇུག་འཕགས་བོད་མཁས་གྲུབ་... བཀླགས་འཕྲོ...
ལྟར་སྨོན་དགོན་གྱི་དུར་ཁྲོད་ཀྱི…
སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 105
དགེ་བཤེས་ལྷ་རམས་པ་ངག་དབང་ཐོགས་མེད། བལྟས་པ་ཙམ་གྱིས་མོས་པ་སྐྱེ་བའི་དགོན། ། མདོ་སྔགས་ཆོས་འཁ... བཀླགས་འཕྲོ...
ཤྲི་ལང་ཀར་བསྐྱོད་པའི་ཟིན་ཐོ།
དགེ་བཤེས་ལྷ་རམས་པ་ངག་དབང་བསྟན་པ། ཕྱི་ལོ་༢༠༢༡ཟླ་༡༢ཚེས་༡༩ཉིན་ཤྲི་ལང་ཀ་རུ་འབྱོར། ད…
མཆན་གསར་ཤོས།
- ནགས་ཤོད་ནགས་ལ་ས་མཐའ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། རྩོམ་ཡིག་འདིའི་ནང་གི་རྒྱབ་རྟེན་ལུང་དང་སྒྲུབ་བྱེད་རིགས་པ་གཉིས་ལ་བལྟས་ན་ས་མཐའ་ཡོད་པའི་ཕྱོགས་ལ་ཉེ། རྩོམ་པ་པོ། : མི་ནག་མདུང་ཐུང་། on Thu 23 Aug 2018 ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ། (དཔྱད་རྩོམ།)
- དྲིས་ལན་གཟུར་གནས་དགྱེས་པའི་གཏམ་དྲིས་ལན་བཅུ་བརྒྱད་པོ་གནད་ལ་ཕིགས་པའི་དྲིས་ལན་གནང་འདུག་སྙིང་ནས་བཀའ་དྲིན་ཆེ། རྩོམ་པ་པོ། : མིང་འདིར་བྲིས། on Thu 31 May 2018 དྲིས་ལན་གཟུར་གནས་དགྱེས་པའི་གཏམ། (བརྒལ་བརྟག)
མཆན་མང་ཤོས།
-
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན།
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན། ནགས་ཤོད་ཚོ་དགུ་ནི།…
-
ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ།
དགའ་ལྡན་སྙན་བརྒྱུད་སྤྲུལ་པའི་གླེགས་བམ་ལ་བརྟེན་ནས་གསར་རྩོམ་ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ་བཞུགས་སོ།། ན་མོ་གུ་རུ་ཛཱ་ཡ་ཨིཎྜ་ཡ།…
-
དེ་རིང་།
ནགས་ཀྱི་ཤིང་ལོ་ནས། མེ་ལྟར་ཚ་བའི་ཉི་མ་དེས།།ས་གཞི་འདི་ཡང་འབར་རམ་ཅི།།བར་སྣང་ལས་ཀྱས་མེ་འོད་འཕྲོས།།རྐང་འཐུང་ཚོགས་རྣམས་ཉོབ་ཅིང་དུབ།།…
-
དྲིས་ལན་གཟུར་གནས་དགྱེས་པའི་གཏམ།
ཀླུ་སྒྲུབ་བསྟན་པ་ལྗོངས་འདིར་སྤེལ་བ་ལ།།གངས་ཅན་མཁས་པ་ཡོངས་ཀྱི་ཅོད་པཎ་ཞེས། །…
-
ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
འབྲི་རུ་སྐལ་བཟང་རྒྱལ་མཚན། སྟོན་པ་མཆོག་དང་འཕགས་བོད་པཎ་གྲུབ་སྤྱི།།མེས་དབོན་རྣམས་ལ་གུས་པས་རབ་བཏུད་ནས།།ནགས་ཤོད་ནགས་ལ་ས་མཐའ་ཡོད་མེད་ཀྱི།།དགག་སྒྲུབ་གཏམ་གྱི་སྦྱོར་བ་མདོ་ཙམ་སྤེལ།།…