Fri 13 Apr 2018

བསམ་བྱའི་གནས།

ཚད་གཞི།:
(0 འོས་བླུགས།)

ནགས་རོགས་འདུལ་མིང་པ།                                                                        

གསང་གསུམ་རོ་གཅིག་རིགས་ཀུན་ཁྱབ་བདག་དང་པོའི་མགོན། །

 

ཕྱག་རྒྱ་འབར་བའི་བདེ་ཆེན་དབྱིངས་ལས་མ་གཡོས་པར། །

མུ་མེད་མཁའ་ཁྱབ་འགྲོ་ལ་ཐུགས་བརྩེས་ཉེར་འཁྱུད་ནས། །
ངུར་སྨྲིག་རྣམ་རོལ་ཕ་གཅིག་བླ་མས་བདག་སྐྱོངས་ཤིག །

འདིར་རྩོམ་སྒྲིག་པའི་བཀའ་སྩལ་དང་ལེན་དང། རང་གི་བརྗེད་ཐོ་རུ། བླ་མ་བརྒྱུད་པའི་གསུང་རྒྱུན་དཀའ་གནད་ཁག་ལས་འགའ་ཞིག་ཟུར་དུ་བཀོད་ན། ཐ་སྙད་ཚད་གྲུབ་ཏུ་འདོད་པའི་ཕྱོགས་ལ་འདི་ལྟར་འདྲི་སྟེ། དྲི་བ་དང་པོ། ཐ་སྙད་འཇུག་ཡུལ་གྱི་གཞི་གཅིག་ཡར་ག་ལོ་འདབ་དང་ལྡན་པ་ལྟ་བུ་ལ་འགྲོ་བ་རིགས་མི་མཐུན་པ་དང་ཡུལ་ཁམས་མི་མཐུན་པའི་དབང་གིས་ལྗོན་ཤིང་དང་ཁང་ཁྱིམ་སོགས་ཐ་སྙད་སོ་སོར་བཞེད་པ་ཡོད་པ་མཁས་གྲུབ་རྗེ་སོགས་མཁས་པ་དུ་མས་གསུངས་པ་དང་རིགས་པས་ཀྱང་གྲུབ་པས། དེ་ལྟར་ཐ་སྙད་བཞེད་པའི་གྲོ་བ་གཉིས་ཀྱི་བློ་གང་ཚད་མར་བཞེད། གཉིས་ཀར་ཚད་མར་བཞེད་ན་ཤེས་བྱ་ཐམས་ཅད་ཕན་ཚུན་འཁྱོལ་བས་ཐ་སྙད་ཚད་གྲུབ་ཉམས་ལ། གཅིག་ཚད་མར་ཡིན་ལ་གཅིག་ཚད་མར་མིན་ན་དེ་ལྟར་ཁྱད་པར་འབྱེད་པའི་རིགས་པ་གང་ལགས།

དྲི་བ་གཉིས་པ།
ཡང་འདི་ལྟར་ཁྱད་ཆོས་གསུམ་ཚང་ན་ཐ་སྙད་དུ་ཡོད་དགོས་པར་གསུངས་པས་ཐོ་ཡོར་མི་ཡིན་པར་ཞེན་པའི་ཞེན་ངོར་ཐོ་ཡོར་མི་ཡིན་པ་ཆོས་ཅན། ཐ་སྙད་དུ་ཡོད་པར་ཐལ། ཁྱས་ཆོས་གསུམ་པོ་དེར་ཚང་བའི་ཕྱིར། ཅི་སྟེ་ཁྱད་ཆོས་གསུམ་མ་ཚང་བར་ཐལ། ཐ་སྙད་པའི་ཚད་མ་གཞན་གྱིས་གནོད་པའི་ཕྱིར་ཏེ། ཕྱིིས་སུ་དེའི་ཉེ་བར་བསླེབས་པ་ན། དེར་མི་མ་ཡིན་པར་མིག་ཤེས་ཀྱིས་མངོན་སུམ་དུ་མཐོང་ནས་དེའི་ཚེ་མི་མ་ཡིན་པ་ཐག་ཆོད་པའི་ཕྱིར་སྙམས་ན། དེ་ལྟར་མི་མ་ཡིན་པ་དེ་ཡང་ཚད་མ་གཞན་གྱིས་གནོད་པར་ཐལ། ཕྱིས་སུ་ཐག་རིང་དུ་སོང་བ་ན་དེ་ཉིད་རླུང་གིས་འགུལ་སྐྱོད་བྱས་པ་ན་མིག་ཤེས་ཀྱིས་མིའི་འགྲོ་འདུག་གིས་བྱ་བ་བྱེད་པ་མངོན་སུམ་དུ་མཐོང་ནས་ཡིད་བློས་མི་ཡིན་པ་ཐག་བཅད་པ་ཡོད་པའི་ཕྱིར། ཅི་སྟེ་མི་འདྲ་སྟེ་སྔ་མ་ཚད་མ་དང་ཕྱི་མ་ལོག་ཤེས་སོ་སྙམ་ན། དེ་ཨུ་ཚུགས་ཡིན་ཏེ་ཚད་མ་དང་ཚད་མིན་བསྒྲུབ་བྱ་ཡིན་པས་སོ། །ཅི་སྟེ་ཚད་མ་དང་ཚད་མིན་གྲུབ་སྟེ། སྔ་མ་མིར་སྣང་བ་ལྟར་མིའི་དོན་བྱེད་པས་སོ་སྙམ་ན། ཕྱི་མ་ཡང་ཚད་མར་ཐལ། དེ་འདྲའི་བློ་ལ་མིའི་དོན་བྱེད་པར་སྣང་བས་སོ། །མི་འདྲ་ན་ད་དུང་ཁྱད་པར་སྨྲོས་ཤིག

དྲི་བ་གསུམ།
ཡང་འདི་ལྟར་ཐ་སྙད་དུ་ཡོད་ཚུལ་དེ་ཡང་བདག་གཞི་ལ་བཏགས་པ་ཙམ་ལས་བློས་བཅོས་པ་ལ་མ་ལྟོས་པར་དངོས་པོ་རང་གི་གནས་སྟངས་ལ་ཅུང་ཟད་ཙམ་མེད་པར་གསུངས་པས། དེ་ལྟར་ན་གང་ལ་གདགས་སའི་གཞི་དེ་རང་ཉིད་མ་ཡིན་པ་ཞིག་དགོས་པ་དང་། དེ་ཡང་བདག་བཞི་ལ་ཐ་སྙད་བདགས་པའི་བདགས་གཞི་ཡིན་དགོས་པ་རྗེའི་རང་གཞུང་ལ་ཤིན་ཏུ་གནས་པས། གཏན་ནས་བཏགས་པའི་བདགས་གཞི་དང་། ཐ་སྙདབཏགས་པའི་བདགས་གཞི་གཉིས་ཀྱི་དོན་སོ་སོར་བཞག་ནས་ཕྱི་མ་ལ་གང་བཏགས་པའི་ཆོས་དེ་ཡིན་དགོས་པར་འདོད་པ་ནི། སྤྱིར་བདག་འཛིན་དང་ཁྱད་པར་དངོས་སྨྲའི་གཞུང་ལ་འགྲོགས་འདྲིས་ཆེ་བའི་ལན་ནོ། །དེ་ལྟར་ན་གང་ཟག་བཀྲ་ཤིས་བདགས་སའི་གཞི་ལ་བཀྲ་ཤིས་མ་ཡིན་པ་ཞིག་དགོས་པས་བཀྲ་ཤིས་འདོགས་པའི་རྟོག་པ་དེ་
ཐག་ཁྲ་སྦྲུལ་འཛིན་གྱི་རྟོག་པ་དང་ཁྱད་མེད་དུ་མི་འགྱུར་རམ། མི་འགྱུར་ན་བཀྲ་ཤིས་བདགས་སའི་གཞི་ལ་བཀྲ་ཤིས་བཏགས་ཚུལ། ཕྱི་རོལ་པས་འདོད་པའི་སྤྱི་གཙོ་བོ་ལྟ་བུ་མ་ཡིན་པར་གོ་བ་བོགས་ཆོད་དུ་སྟེར་བའི་ལན་འདེབས་ཤིག་ཡོང་བ་ཞུ།

དྲི་བ་བཞི་པ།
ཡང་ཐ་སྙད་དུ་ཡོད་ཚུལ་དེ་ཡང་ང་དེ་ཉིད་བདགས་གཞི་ལ་བཏགས་པ་ཙམ་མ་གཏོགས་བདགས་གཞིའི་སྟེང་ནས་གྲུབ་པ་ཅུང་ཟད་ཙམ་མེད་པ་དང་། བདགས་གཞིའི་ངོས་ནས་གྲུབ་པར་འཛིན་པའི་བློ་དེ་ཉེས་སྐྱོན་མཐའ་དག་གི་རྩ་བ་དགག་བྱའི་བདེན་འཛིན་དུ་འདོད་པ་དང་། བདག་མེད་རྟོགས་པ་ལ་དགག་བྱའི་བདག་དང་བདག་འཛིན་ངོས་ཟིན་དགོས་པ་དང་། ངོས་འཛིན་ཚུལ་ཡང་རང་གི་ཚོར་སྣང་དྲག་པོ་དང་འབྲེལ་ཏེ། ངའོ་སྙམས་པའི་བློ་ལ་འཆར་ཚུལ་བརྟག་དགོས་པར་གསུངས་པས། དེ་ལ་འདི་ལྟར་འདྲི་སྟེ། ཚོར་སྣང་དྲག་པོ་དང་འབྲེལ་བའི་སྐབས་ངའོ་སྙམས་པའི་བློ་དེ་བདག་འཛིན་ཡིན་ནམ། དོན་མཐུན་གྱི་བློ་ཞིག་ཡིན། བདག་འཛིན་ཡིན་ན་མ་འབྲེལ་ཏེ། སྤྱིར་ངའོ་སྙམས་པའི་བློ་དང་ང་འགྲོ་ང་འདུག་བསམ་པའི་བློ་དེ་དོན་མཐུན་དུ་གསུངས་པས། དེ་ཡང་ཚོར་སྣང་དྲག་པོའི་སྐབས་དེར་མངོན་དུ་གྱུར་པ་དང་། གཉིད་སོགས་དྲན་པ་མི་གསལ་པའི་དུས་སུ་བག་ཉལ་གྱི་ཚུལ་དུ་གནས་པས་འཕེལ་གྲིབ་ཡོད་པ་འོས་མེད་ཀྱིས་རིགས་པས་གྲུབ་པའི་ཕྱིར་རོ། །ཅི་སྟེ་དོན་མཐུན་གྱི་བློ་ཞིག་འདོད་ན་ནི་རྣམ་པར་འཁྱམས་ཏེ། བདག་འཛིན་ནི་བློ་གཞན་དང་མི་འདྲ་བར་ཐོགས་མེད་ནས་བརྒྱུད་པས་རྒྱུན་བརྟན་པ་དང་།ཐ་མལ་བའི་ལེགས་ཉེས་ཐམས་ཅད་ཀྱི་ཀུན་སློང་དུ་ཞུགས་པར་གསུངས་པས་ན་ཤུགས་དྲག་པས། ཚོར་སྣང་དྲག་པོའི་སྐབས་དེར་མངོན་དུ་མི་འགྱུར་བར་མི་སྲིད་པ་དང་། དབུ་མའི་གཞུང་དུ་མ་ནས་དེ་ཉིད་བདག་འཛིན་དུ་ངོས་བཟུང་པའི་ཕྱིར་དང་། སྐབས་དོན་ཡང་སྟོར་བ་འགྱུར་རོ། །ཅི་སྟེ་སྐབས་དེར་དོན་མཐུན་གྱི་བློ་དང་བདག་འཛིན་གཉིས་ཀ་མངོན་དུ་གྱུར་པ་འདོད་ན། དེ་ལྟར་ན་རང་སྐྱ་བའི་བདག་འཛིན་དང་གཅེས་འཛིན་སོགས་དུ་མ་ཞིག་མངོན་དུ་གྱུར་བར་འདོད་དགོས་པས་དེ་དག་གི་འཛིན་སྟངས་འདྲེས་ནས་སྣང་བས་དགག་བྱའི་བདག་དང་བདག་འཛིན་ངོས་འཕྲོད་
པར་དཀའ་བས་དེ་དག་ལ་ལན་འདེབས་ཡོད་པ་དང་། ད་དུང་འདི་ལྟར་དོགས་ཏེ། བདག་དེ་རང་ངོས་ནས་གྲུབ་ན་ཕུང་པོ་དང་ཆ་མེད་ཀྱི་གཅིག་ཏུ་ཐལ་བ་དང་། ཡང་ན་འབྲེལ་མེད་དོན་གཞན་དུ་ཐལ་བ་སོགས་མང་དུ་བཏང་འདུག་པས། དེ་འདྲའི་བདག་དེ་ཕུང་པོ་དང་ཐ་དད་དུ་གྲུབ་ན་འབྲེལ་མེད་དོན་གཞན་དུ་གྲུབ་དགོས་དོན་ཅི་ཡིན་ནམ། ཅི་སྟེ་དེ་ལྟར་གྲུབ་དགོས་དོན་ནི་ལྷན་སྐྱེས་བདག་འཛིན་ལ་དེ་འདྲའི་བདག་དེ་ཕུང་པོ་དང་འབྲེལ་མེད་དུ་སྣང་བས་སོ་སྙམ་ན། འོ་ན་སློབ་དཔོན་ལེགས་ལྡན་ལ་སོགས་པའི་ལུགས་ལ་ཡང་དེ་ལྟར་གྲུབ་ན་ལྟོས་མེད་དུ་གྲུབ་དགོས་པར་འགྱུར་ཏེ། ལེགས་ལྡན་སོགས་ཀྱིས་ཐལ་འགྱུར་བས་འདོད་པའི་དགག་བྱའི་བདག་དང་བདག་འཛིན་ལེགས་པར་ངོ་འཕྲོད་པས་སོ། །གལ་ཏེ་ངོས་མ་ཟིན་པར་རྩོད་ན་ནི་ཐལ་རང་གི་རྩོད་པ་ཚིག་ཙམ་གྱི་རྩོད་པ་ཡིན་པར་
གདོན་མི་ཟ་བར་འགྱུར་རོ། །

དྲི་བ་ལྔ་པ།
ཡང་འདི་ལྟར་ཐ་སྙད་ཚད་གྲུབ་ཏུ་འདོད་པའི་རྗེ་ཡི་རིང་ལུགས་པ་རྣམས་ཀྱིས་དབུ་མའི་གསུང་རབ་སྤྱི་དང་ཁྱད་པར་བཞི་བརྒྱ་པ་ཁུངས་སུ་བྱས་ནས་གཞི་གྲུབ་ན་ཆ་བཅས་ཀྱི་ཁྱབ་པ་དང་། འདུ་བྱས་ཡིན་ན་རང་གི་བདག་ཉིད་ལ་སྔ་ཕྱིའི་ཆ་གསུམ་ཕྱེ་རྒྱུ་ཡོད་པའི་ཁྱབ་པ་བཞེད་པར་སྣང་བས། དེ་ལ་འདི་ལྟར་འདྲི་སྟེ། ཚེས་སུམ་ཅུའི་སྐད་གཅིག་ཐ་མ་ཡོད་དམ་མེད། མེད་ན་ཚེས་གཅིག་ཤར་བའི་དུས་མི་སྲིད་པ་འགྱུར་བ་དང་། ཁས་ཡང་མི་ལེན་ནོ། །སྐད་གཅིག་ཐ་མ་ཡོད་ན་དེ་ལ་སྔ་ཕྱིའི་ཆ་གསུམ་ཕྱེ་རྒྱུ་ཡོད་པ་དང་། ཡང་དེའི་ཆ་གསུམ་ཕྱེས་པའི་ཕྱི་མ་ལ་ཡང་རང་གི་བདག་ཉིད་ལ་ཆ་གསུམ་ཕྱེ་བ་སོགས་ཇི་ཙམ་བགྲངས་བ་ན་དེ་ཙམ་གྱིས་ཆ་ཕྱེ་རྒྱུ་ཡོད་དགོས་པས་ན་རྫོགས་པའི་དུས་མེད་པར་འགྱུར་བ་དང་། རྫོགས་པའི་དུས་མེད་ན་ནི་ཚེས་གཅིག་ཤར་བའི་དུས་མི་སྲིད་པར་འགྱུར་བའི་ཕྱིར་རོ། །རང་གི་བདག་ཉིད་ལ་སྔ་ཕྱིའི་ཆ་ཕྱེ་རྒྱུ་མེད་པ་ཞིག་ཡོད་ན་ཆ་མེད་ཡོད་པ་ལུང་རིགས་གཉིས་ཀྱིས་གྲུབ་པས་མ་སྤྲོས་སོ། །
ཅི་སྟེ་དེ་ལྟར་ཆ་ཕྱེས་པ་བློས་ཕྱེས་པ་ཙམ་ཡིན་གྱི་དངོས་པོ་ལ་མི་གནས་སོ་སྙམ་ན་དེ་ལྟར་ཕྱེ་བའི་བློ་ཐ་སྙད་པའི་ཚད་མ་དང་ལོག་ཤེས་གང་ཡིན། ཐ་སྙད་པའི་ཚད་མ་ཡིན་ན་དེས་ཕྱེ་བ་ཕྱེ་བའི་གོ་ཆོད་པ་ཁྱེད་རྣམས་ཀྱིས་རྩ་བའི་ཁས་ལེན་མ་ཡིན་ནམ། ལོག་ཤེས་ཡིིན་ན་ལོག་ཤེས་ཀྱི་ངོ་ན་ཕྱེ་རྒྱུ་ཡོད་པས་སྤྱིར་ཕྱེ་རྒྱུ་ཡོད་པར་ཇི་ལྟར་འཇོག དེ་ལྟར་སྨྲ་བ་དེས་ནི་དངོས་པོ་ལ་ཆ་མེད་ཡོད་པ་དང་། ཐ་སྙད་པའི་ཚད་མ་ལ་ཚད་མའི་གོ་མི་ཆོད་པ་དོན་གྱིས་ཁས་བླངས་པས་ཐ་སྙད་ཚད་གྲུབ་འདོད་པ་ཉམས་སོ། །

བློ་གསལ་སྒྲོན་མེ་མཆེད་པའི་མཁའ་ངོས་དེར། །
བདག་བློའི་རྣམ་རིག་ཡུང་མར་ཕུལ་བ་འདིས། །
མེ་ལྕེ་དགུང་ལ་བསྙེགས་པའི་མཐུན་རྐྱེན་ལས། །
བུད་ཤིང་རླན་གཤེར་འགྱུར་ལ་དོགས་ཅི་དགོས། །

མ་རིག་རྒྱ་རྫོང་སྟུགས་པོའི་ནགས་ཁྲོད་དེར། །
དབུ་མའི་རིགས་ཚུགས་དུས་མཐའི་མེ་རླབས་ལ། །
བདག་བློའི་རྣམ་དཔྱོད་རླུང་གི་འཕུར་མདའ་ཕབ། །
ལོགས་རྟོག་ཚང་ཚིང་དྲུང་ནས་བསྲེག་ལ་ཉེ། །

ཟབ་མོ་དབུ་མའི་གཞུང་ལུགས་ལ། །
བྱིས་པ་རྩེད་མོའི་བདེ་འཇུག་ལྟར། །
རབ་དང་མངོན་པར་དགའ་བ་ཡི། །

༢༠༡༢ ༡༠ ༢༩
ཉིན་རང་ཤག་རྫ་མའི་ཁང་རྒན་དུ་བྲིས་པའོ།

 

 

རྩོམ་ཡིག་འདི་ཐེངས་ 1880བཀླགས་འདུག

 

ཤོག་ངོས་འདི་ཐེངས་ 1351 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

 གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།

ནང་ཆོས་གསར་ཤོས།

སྐྱབས་འགྲོ།

སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 91

འཇམ་དབྱངས་མཁས་བཙུན། སྙིང་དོན། སྐྱབས་འགྲོ་ཞེས་པ་ནི་ཆོས་ལུགས་ཀྱི་བརྡ་ཆད་ཅིག་རེད། སྐྱབས་འགྲ... བཀླགས་འཕྲོ...

བློ་སྦྱོང་ཚིག་བརྒྱད་མའི་རོབ་འག…

སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 91

ལྕེ་རླུང་འཚུབ། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། ། དེ་ཡི་རྗེས་འཇུག་འཕགས་བོད་མཁས་གྲུབ་... བཀླགས་འཕྲོ...

ལྟར་སྨོན་དགོན་གྱི་དུར་ཁྲོད་ཀྱི…

སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 104

དགེ་བཤེས་ལྷ་རམས་པ་ངག་དབང་ཐོགས་མེད། བལྟས་པ་ཙམ་གྱིས་མོས་པ་སྐྱེ་བའི་དགོན། ། མདོ་སྔགས་ཆོས་འཁ... བཀླགས་འཕྲོ...

མཆན་མང་ཤོས།