Fri 13 Apr 2018
ཚད་འགོག་ལ་དཔྱད་པ།
གྲངས་མེད་ཚོགས་གཉིས་རྡུལ་མང་བརྩེགས་པའི་སྐུ་བཞིའི་བང་རིམ་བརླིང་བའི་སྤོར།།
མཁྱེན་བརྩེ་ཉི་ཟླའི་རྒྱུ་བ་མི་འཆོལ་བསྡུ་བཞིའི་མཁའ་ལ་མངོན་པར་མཛེས། །
རྟེན་འབྱུང་སྣང་བའི་འོད་དཀར་བཀྱེ་བས་འགྲོ་བློའི་རྨོངས་མུན་ཀུན་གཞིལ་བའི། །
སྟོན་མཆོག་ཤཱཀྱ་སེངྒེ་ཞེས་གྲགས་སྟོན་པ་གསེར་རིའི་དབུས་ན་བརྗིད། །
མཚམས་སྤྲིན་གསར་པའི་ལྡིང་ཁང་ཕུབ་པའི་དམར་སེར་བླ་བྲེ་བྲིས་པའི་དབུས། །
མཚན་དཔེའི་དྲ་བ་ཀུན་ཏུ་དཀྲིགས་ཤིང་ཉི་གཞོན་གཟི་བྱིན་སྟོང་འབར་བའི། །
མཁྱེན་རབ་རལ་གྲིའི་འོད་ཞགས་རྣོན་པོས་རྨོངས་པའི་འཁྲི་ཤིང་ཀུན་བཅད་ནས། །
བདག་མགྲིན་འཁོར་ལོའི་རྒྱན་དུ་རོལ་ཅིག་རྒྱལ་ཀུན་ཡབ་ཅིག་འཇམ་དཔལ་དབྱངས། །
རྣམ་མང་རྒྱན་འཆང་འབུམ་དུ་སྒེག་ཅིང་སྙིང་དུ་བསྙེན་པའི་དབྱངས་ཅན་ཀྱེ། །
རྣམ་བཀྲའི་བློ་གྲོས་གློག་བཞིན་མྱུར་བའི་ཞི་བསིལ་འཇམ་པོའི་ཏམྦུ་ར། །
རྣམ་དག་ལྷག་བསམ་སོར་མོའི་འཕྲུལ་གྱིས་རྒྱུད་མངས་འབུམ་ཕྲག་བརྡུང་པ་ལས། །
རྣམ་དཀར་བརྩེ་བའི་སྒྲ་བརྒྱ་བརྩེགས་པའི་རྣར་སྙན་དཔྱིད་གླུ་དེང་འདིར་ལོན། །
ཟབ་མོ་དབུ་མའི་གཞུང་གི་དཀའ་བའི་གནད། །
ལུང་རིགས་བླ་མའི་མན་ངག་ལྷན་ཅིག་ཏུ། །
བློ་གསལ་མགྲིན་གླུ་གྱེར་པའི་དབྱངས་གཅིག་གིས། །
མ་ཐོགས་ལྷུག་པོར་བཀྲལ་ལ་སུ་མི་སྤྲོ། །
དེ་ཡང༌། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། གལ་ཏེ་རང་ལས་ཚད་མ་གྲུབ། །གཞལ་བྱ་རྣམས་ལ་མ་ལྟོས་པར། །ཁྱོད་ཀྱི་ཚད་མ་གྲུབ་འགྱུར་འདིར། །གཞན་ལ་མི་ལྟོས་རབ་གྲུབ་འགྱུར། །ཞེས་གསུངས་པ། འདི་པའི་ལུགས་ལ་ཚད་མ་འགྲུབ་པ་ལ་གཞལ་བྱ་གྲུབ་པ་ཙམ་གྱིས་ཆོག་ལ། གལ་ཏེ་དེས་མི་ཆོག་པར་ཚད་མ་རང་ལས་ཚད་མ་འགྲུབ་པ་གཞན་དག་འདོད་པ་ལྟར་ཡིན་ན་གཞལ་བྱ་ལ་མ་ལྟོས་པར་ཚད་མར་འགྲུབ་པར་འགྱུར་རོ།། དེ་འདོད་ན་དངོས་པོ་རྣམས་རྒྱུ་རྐྱེན་གཞན་ལ་མ་ལྟོས་པར་རབ་ཏུ་གྲུབ་པར་འགྱུར་རོ།། དེས་ན་གཞལ་བྱ་གྲུབ་པ་ཙམ་གྱིས་ཚད་མ་གྲུབ་པར་ཤུགས་ཀྱིས་བསྟན་ཏོ།། འོ་ན་ཚད་མ་ནི་གང༌། དེ་ལ་གྲངས་དུ་ཡོད་ཅེ་ན། རང་གི་འཛིན་སྟངས་ཡུལ་ལ་མི་བསླུ་བའི་རིག་པ་ནི་ཚད་མ་ཡིན་ལ། དབྱེ་ན་མངོན་སུམ་དང༌། རྗེས་དཔག་ལུང་གི་ཚད་མ། དཔེ་ཉེར་འཇལ་གྱི་ཚད་མ་དང་བཞི་ལས་ཕྱི་མ་གཉིས་ནི་རྗེས་དཔག་ཏུ་འདུ་ལ། རྣལ་འབྱོར་མངོན་སུམ་ཡིད་མངོན་དུ་འདུ། སྐབས་འདིར་རང་རིག་ཁས་མི་ལེན་པས་ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་སོ།། མངོན་སུམ་ཚད་མ་ལ་ཡང་ཚད་མ་ནས་བཤད་པ་ལྟར་མི་བཞེད་མོད། ཡིད་ཀྱི་མངོན་སུམ་ཚད་མ་མི་བཞེད་པ་ནི་མ་ཡིན་ནོ།།
དེ་ལྟའི་མངོན་སུམ་ཚད་མ་ལ་ཡང་དབང་པོ་མངོན་སུམ་དང་ཡིད་ཀྱི་མངོན་སུམ་གཉིས་ལས། དབང་པོ་མངོན་སུམ་གྱིས་ནི་གཟུགས་སྒྲ་སོགས་ཡོངས་སུ་གཅོད་དོ།། ཡིད་ཀྱི་མངོན་སུམ་གྱིས་ནི་དབང་ཤེས་ཀྱི་སྟོབས་ཀྱིས་རིག་གི་དབང་ཤེས་བཞིན་དུ་དངོས་སུ་མི་རིག་པ་གསུངས་སོ།། བཞི་བརྒྱ་པའི་འགྲེལ་བ་ལས། ཚོར་བ་ལ་སོགས་པ་ལྟར་ཉམས་སུ་མྱོང་བའི་རྣམ་པ་ཡང་མ་ཡིན་ལ། གཟུགས་དང་སྒྲ་ལ་སོགས་པ་བཞིན་དབང་པོའི་སྒོ་ནས་ཡོངས་སུ་བཅད་པ་བྱ་བ་ཡང་མ་ཡིན་ནོ། ཞེས་གསུངས་པས་མངོན་འགྱུར་དུ་འཇལ་བ་ལ་དབང་ཤེས་ཀྱི་གཟུགས་སོགས་གཅོད་པ་ལྟ་བུ་དང༌། ཚོར་བ་བདེ་སྡུག་ལ་སོགས་པ་ལྟར་ཉམས་མྱོང་གིས་ཡོངས་སུ་གཅོད་པ་གཉིས་གསུངས་སོ།། དེའི་དོན་ལ་ཁ་ཅིག་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ཡིད་མངོན་དུ་འཇོག་ཟེར་ན། ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་པོ་གང་རུང་ཡིན་ན་རང་ཡུལ་དུ་གྱུར་པའི་དེ་གསུམ་པོ་གང་རུང་མངོན་སུམ་དུ་རྟོགས་པས་ཁྱབ་པར་ཐལ།དམ་བཅའ་འཐད་པའི་ཕྱིར། འདོད་ན། དབང་ཤེས་འཁོར་གྱི་ཚོར་བ་དང་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གྱི་འཁོར་གྱི་ཚོར་བ་བཏང་སྙོམས་གཉིས་རེ་རེ་ནས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། གཟུགས་ཁོ་ནའི་ཡུལ་ཅན་དང་སློབ་པའི་རྒྱུད་ཀྱི་དོན་དམ་དངོས་ཡུལ་དུ་བྱེད་པའི་བློ་རེ་རེ་ནས་ཡིན་པའི་ཕྱིར། ཁྱབ་སྟེ། སློབ་ལམ་ན་བློ་གཅིག་གིས་བདེན་གཉིས་གཅིག་ཅར་མངོན་སུམ་དུ་རྟོགས་པ་མེད་པའི་ཕྱིར་རོ། རང་ལུགས་ནི། བདག་མེད་ཕྲ་རགས་གང་ཡང་མ་རྟོགས་པའི་རྟོག་པར་གྱུར་བའི་ཡིད་ཤེས་འཁོར་གྱི་ཚོར་བ་ལ་དགོངས་པ་ཡིན་ནོ།
འོ་ན་བདག་མེད་ཕྲ་རགས་གང་ཡང་མ་རྟོགས་པའི་རྟོག་པར་གྱུར་བའི་ཡིད་ཤེས་འཁོར་གྱི་ཚོར་བ་ཡིན་ན། རང་ཡུལ་དུ་གྱུར་པའི་ཚོར་བ་མངོན་སུམ་དུ་རྟོགས་པས་ཁྱབ་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། བདག་མེད་ཕྲ་རགས་གང་ཡང་མ་རྟོགས་པའི་ནམ་མཁའ་རྟོགས་པའི་རྗེས་དཔག་ཚད་མའི་འཁོར་དུ་བྱུང་བའི་ཚོར་བ་ཆོས་ཅན། རང་ཡུལ་དུ་གྱུར་པའི་ཚོར་བ་མངོན་སུམ་དུ་རྟོགས་པར་ཐལ། བདག་མེད་ཕྲ་རགས་གང་ཡང་མ་རྟོགས་པའི་རྟོག་པར་གྱུར་བའི་ཡིད་ཤེས་འཁོར་གྱི་ཚོར་བ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། ནམ་མཁའ་མ་ཡིན་དགག་ཏུ་ཐལ་ལོ། འདོད་མི་ནུས་ཏེ། མེད་དགག་ཡིན་པའི་ཕྱིར་རོ། རིགས་པའི་གནོད་བྱེད་ལ་དོགས་པའི་མཁས་པ་ཁ་ཅིག །བདག་མེད་ཕྲ་རགས་གང་ཡང་མ་རྟོགས་པའི་རྟོག་པར་གྱུར་བའི་ཡིད་ཤེས་འཁོར་གྱི་ཚོར་བ་སྤྱི་ལྡོག་ནས་བཞག་པ་ཡིན་གྱིས། མཐའ་དཔྱད་པའི་དབང་དུ་བྱས་པ་མ་ཡིན་ནོ་ཞེས་སྨྲ་མོད། དེ་ཡང་རིགས་པ་མ་ཡིན་ཏེ། རང་ལུགས་ཀྱིས་སྔར་གྱི་ཁ་ཅིག་གི་དགོངས་གཞི་རྣམས་མཐའ་དཔྱད་ནས་བཀག་པ་གང་ཞིག སྐབས་འདིར་ཁྱབ་མཐའ་བཟུང་དགོས་པ་ལས་འོས་གཞན་མེད་པའི་ཕྱིར།
དེ་ལྟར་དོགས་པའི་གནས་མེད་དེ།སྐབས་འདིར་ཡིད་མངོན་ལ་དོགས་པ་གཅོད་པ་གང་ཞིག །ནམ་མཁའ་རྟོགས་པའི་རྗེས་དཔག་ཚད་མའི་འཁོར་དུ་བྱུང་བའི་ཚོར་བ་དེ་ཡིད་མངོན་མ་ཡིན་པའི་ཕྱིར། དེར་ཐལ། རྗེས་དཔག་ཡིན་པའི་ཕྱིར་ཏེ། ནམ་མཁའ་རྟོགས་པའི་རྗེས་དཔག་ཚད་མ་དང་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཡིན་པའི་ཕྱིར། དེར་ཐལ། དེའི་འཁོར་གྱི་ཚོར་བ་ཡིན་པའི་ཕྱིར། རྩ་བར་མ་ཁྱབ་ན། མངོན་རྗེས་ཀྱི་ཚད་མ་གཉིས་ཀྱི་གྲངས་ངེས་ཉམས་པར་འགྱུར་བའི་ཕྱིར། དེར་ཐལ། དགག་ཕྱོགས་དང་སྒྲུབ་ཕྱོགས་ཀྱི་ཕུང་གསུམ་མི་སེལ་བར་འགྱུར་ བའི་ཕྱིར་ཏེ།རྗེས་དཔག་ཚད་མའི་འཁོར་དུ་བྱུང་བའི་ཚོར་བ་དེ་རྗེས་དཔག་ཚད་མ་ཡིན་པ་དངོས་སུ་གཞལ་སྟོབས་ཀྱིས་མངོན་སུམ་ཚད་མ་མ་ཡིན་པ་ཤུགས་ལ་རྟོགས་མི་ནུས་པའི་ཕྱིར་ཏེ། དེ་མངོན་རྗེས་གཉིས་ཀྱི་གཞི་མཐུན་ཡིན་པའི་ཕྱིར།རྟགས་ཁྱབ་ཁས། དེས་ན་བདག་མེད་ཕྲ་རགས་གང་ཡང་མ་རྟོགས་པའི་རྟོག་པར་གྱུར་བའི་ཡིད་ཤེས་འཁོར་གྱི་ཚོར་བ་ལ་དགོངས་པ་ཡིན་ནོ། ཞེས་གསུངས་པ་ནི་བདག་མེད་ཕྲ་རགས་གང་ཡང་མ་རྟོགས་པའི་རྟོག་པར་གྱུར་བའི་ཡིད་ཤེས་འཁོར་གྱི་ཚོར་བ་ཡིན་པ་ཙམ་ལ་མི་འཇོག་གི །སྐབས་འདིར་མངོན་སུམ་ལ་རྟོག་པ་དང་རྟོག་མེད་གཉིས་ཡོད་པའི་མངོན་སུམ་གྱི་ངོ་བོར་གྱུར་པའི་བདག་མེད་ཕྲ་རགས་གང་ཡང་མ་རྟོགས་པའི་རྟོག་པར་གྱུར་བའི་ཡིད་ཤེས་འཁོར་གྱི་ཚོར་བ་ལ་དགོངས་པས། ནམ་མཁའ་རྟོགས་པའི་རྗེས་དཔག་ཚད་མའི་འཁོར་གྱི་ཚོར་བ་ཆོས་ཅན་དུ་བཟུང་ནས་སུན་འབྱིན་བརྗོད་པས་ཅི་ཡང་མི་གནོད་དོ། རྟོག་མེད་མངོན་སུམ་ལ་ཡང་དོགས་པའི་གནས་མེད་དེ། ཊིཀ་ཆེན་ལས། རྣལ་འབྱོར་མངོན་སུམ་དང་དབང་པོ་མངོན་སུམ་རང་ རིག་མངོན་སུམ་ཚད་མར་བཞག་ཏུ་མི་རུང་བས། ཞེས་གསུངས་པས། གསུང་འདི་ལ་དགོངས་ནས་འཇམ་དབྱངས་མི་ཡི་རྣམ་རོལ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས། བདག་མེད་ཕྲ་རགས་གང་ཡང་མ་རྟོགས་པའི་རྟོག་པར་གྱུར་བའི་ཡིད་ཤེས་འཁོར་གྱི་ཚོར་བ་ལ་དགོངས་པ་ཡིན་ནོ་ཞེས་འགྱུར་མེད་གསུང་གི་ཕྱག་རྒྱ་འདི་བསྩལ་ཏོ།
བདག་མེད་ཕྲ་རགས་གང་ཡང་མ་རྟོགས་པའི་རྟོག་པར་གྱུར་བའི་ཡིད་ཤེས་འཁོར་གྱི་ཚོར་བ་བདེ་བ་དེས་རང་ཡུལ་དུ་གྱུར་པའི་བདེ་བ་མངོན་སུམ་དུ་རྟོགས་ཏེ། དེས་བདེ་བ་ཉམས་སུ་མྱོང་བ་གང་ཞིག །དེའི་སྟོབས་ཀྱིས་རྟོགས་པའི་ཕྱིར། ཁྱབ་སྟེ། ཚད་མ་གཉིས་ཀྱིས་རྟོགས་ཚུལ་ལ་རྟགས་སྟོབས་ཀྱིས་རྟོགས་ཚུལ་དང༌། མྱོང་སྟོབས་ཀྱིས་རྟོགས་ཚུལ་གཉིས་སུ་ཡོད་པས་ཕྱི་མ་ནི་མངོན་སུམ་གྱིས་རྟོགས་ཚུལ་ཡིན་ནོ། དེ་འདྲའི་ཚོར་བ་དེས་བདེ་བ་ཉམས་སུ་མྱོང་སྟེ། རྣམ་འགྲེལ་ལས། རང་ཉིད་གསལ་བ་བདག་མྱོང་ཡིན། །ཞེས་གསུངས་པའི་ཕྱིར་དང༌། ཐར་ལམ་གསལ་བྱེད་ལས་ཀྱང༌། མྱོང་བྱེད་རང་ཉིད་མྱོང་བྱའི་ངོ་བོར་གསལ་བར་སྐྱེས་པའི་སྒོ་ནས་མྱོང་བྱའི་བདག་ཉིད་མྱོང་བར་འཇོག་པ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་དང༌། འཇིག་རྟེན་གྱི་ཐ་སྙད་ལས་ཀྱང༌། ངས་བདེ་བ་མྱོང་སྡུག་བསྔལ་ཉམས་སུ་མྱོང་ཞེས་བརྗོད་པའི་ཕྱིར་རོ།། འདི་ལྟར་བགྱིས་པའི་རབ་དཀར་གངས་རིའི་ཟླ། །རྣམ་དཀར་དགེ་བའི་ཚོགས་ཀྱི་ཆ་མཆིས་ན། །ལེགས་བཤད་ནོར་བུའི་མཛོད་ལ་དབང་འབྱོར་བའི། །ངེས་དོན་བཤེས་ཀྱིས་འཛིན་པའི་རྒྱུ་རུ་བསྔོ། །
ནགས་ཤོད་འབྲི་རུ་བ་སྐལ་རྒྱན།
རྩོམ་ཡིག་འདི་ཐེངས་ 1464 བཀླགས་འདུག
ཤོག་ངོས་འདི་ཐེངས་ 2233 བཀླགས་འདུག
སྡེ་ཚན།
བརྒལ་བརྟག
ནགས་ལྷ་དྲ་མཛོད།
ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།
གསར་ཤོས་དག : ནགས་ལྷ་དྲ་མཛོད།
སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་
« དྲིས་ལན་གཟུར་གནས་དགྱེས་པའི་གཏམ།
སེམས་ཀྱི་རང་བཞིན་གསལ་བའི་མེ་ལོང་། »
དཔྱད་མཆན་འགོད་ས།
རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།
གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།
ནང་ཆོས་གསར་ཤོས།
སྐྱབས་འགྲོ།
སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 91
འཇམ་དབྱངས་མཁས་བཙུན། སྙིང་དོན། སྐྱབས་འགྲོ་ཞེས་པ་ནི་ཆོས་ལུགས་ཀྱི་བརྡ་ཆད་ཅིག་རེད། སྐྱབས་འགྲ... བཀླགས་འཕྲོ...
བློ་སྦྱོང་ཚིག་བརྒྱད་མའི་རོབ་འག…
སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 91
ལྕེ་རླུང་འཚུབ། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། ། དེ་ཡི་རྗེས་འཇུག་འཕགས་བོད་མཁས་གྲུབ་... བཀླགས་འཕྲོ...
ལྟར་སྨོན་དགོན་གྱི་དུར་ཁྲོད་ཀྱི…
སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 104
དགེ་བཤེས་ལྷ་རམས་པ་ངག་དབང་ཐོགས་མེད། བལྟས་པ་ཙམ་གྱིས་མོས་པ་སྐྱེ་བའི་དགོན། ། མདོ་སྔགས་ཆོས་འཁ... བཀླགས་འཕྲོ...
ཤྲི་ལང་ཀར་བསྐྱོད་པའི་ཟིན་ཐོ།
དགེ་བཤེས་ལྷ་རམས་པ་ངག་དབང་བསྟན་པ། ཕྱི་ལོ་༢༠༢༡ཟླ་༡༢ཚེས་༡༩ཉིན་ཤྲི་ལང་ཀ་རུ་འབྱོར། ད…
མཆན་གསར་ཤོས།
- ནགས་ཤོད་ནགས་ལ་ས་མཐའ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། རྩོམ་ཡིག་འདིའི་ནང་གི་རྒྱབ་རྟེན་ལུང་དང་སྒྲུབ་བྱེད་རིགས་པ་གཉིས་ལ་བལྟས་ན་ས་མཐའ་ཡོད་པའི་ཕྱོགས་ལ་ཉེ། རྩོམ་པ་པོ། : མི་ནག་མདུང་ཐུང་། on Thu 23 Aug 2018 ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ། (དཔྱད་རྩོམ།)
- དྲིས་ལན་གཟུར་གནས་དགྱེས་པའི་གཏམ་དྲིས་ལན་བཅུ་བརྒྱད་པོ་གནད་ལ་ཕིགས་པའི་དྲིས་ལན་གནང་འདུག་སྙིང་ནས་བཀའ་དྲིན་ཆེ། རྩོམ་པ་པོ། : མིང་འདིར་བྲིས། on Thu 31 May 2018 དྲིས་ལན་གཟུར་གནས་དགྱེས་པའི་གཏམ། (བརྒལ་བརྟག)
མཆན་མང་ཤོས།
-
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན།
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན། ནགས་ཤོད་ཚོ་དགུ་ནི།…
-
ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ།
དགའ་ལྡན་སྙན་བརྒྱུད་སྤྲུལ་པའི་གླེགས་བམ་ལ་བརྟེན་ནས་གསར་རྩོམ་ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ་བཞུགས་སོ།། ན་མོ་གུ་རུ་ཛཱ་ཡ་ཨིཎྜ་ཡ།…
-
དེ་རིང་།
ནགས་ཀྱི་ཤིང་ལོ་ནས། མེ་ལྟར་ཚ་བའི་ཉི་མ་དེས།།ས་གཞི་འདི་ཡང་འབར་རམ་ཅི།།བར་སྣང་ལས་ཀྱས་མེ་འོད་འཕྲོས།།རྐང་འཐུང་ཚོགས་རྣམས་ཉོབ་ཅིང་དུབ།།…
-
དྲིས་ལན་གཟུར་གནས་དགྱེས་པའི་གཏམ།
ཀླུ་སྒྲུབ་བསྟན་པ་ལྗོངས་འདིར་སྤེལ་བ་ལ།།གངས་ཅན་མཁས་པ་ཡོངས་ཀྱི་ཅོད་པཎ་ཞེས། །…
-
ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
འབྲི་རུ་སྐལ་བཟང་རྒྱལ་མཚན། སྟོན་པ་མཆོག་དང་འཕགས་བོད་པཎ་གྲུབ་སྤྱི།།མེས་དབོན་རྣམས་ལ་གུས་པས་རབ་བཏུད་ནས།།ནགས་ཤོད་ནགས་ལ་ས་མཐའ་ཡོད་མེད་ཀྱི།།དགག་སྒྲུབ་གཏམ་གྱི་སྦྱོར་བ་མདོ་ཙམ་སྤེལ།།…