Fri 13 Apr 2018

དགག་བྱ་ངོས་འཛིན་ཚུལ་གྱི་ཁུངས་ལ་དཔྱད་པ།

ཚད་གཞི།:
(1 འོས་བླུགས།)

དགག་བྱ་ངོས་འཛིན་ཚུལ་ལ་དབུ་སེམས་སོ་སོས་ཁུངས་གང་ལ་བཅོལ་བའི་གཞུང་དང་དེའི་སྒྲུབ་བྱེད་སོགས་ལ་དཔྱད་པ།

 སེར་ལྷོ་འབྲི་རུ་ལྷ་རམས་པ་ངག་དབང་ཐོགས་མེད།

འགྲོ་བ་ཀུན་གྱི་མ་འདྲིས་མཛའ་བཤེས་ཆེ། །
སྟོན་མཆོག་དོན་ཀུན་གྲུབ་དང་འཕགས་མཆོག་ཀླུ། ། 
འཇམ་མགོན་རྒྱལ་བ་གཉིས་པ་ཡབ་སྲས་སོགས། ། 
རྟེན་འབྱུང་གསལ་མཛད་རྣམས་ལ་གུས་པའི་འདུད། །

སྤྱིར་དགག་བྱ་ཞེས་པ་ནི།  འདོད་བྱའི་དོན་ཞིག་བསྒྲུབ་པ་ལ་བར་དུ་གཅོད་བྱེད་དངོས་སམ།  བར་དུ་གཅོད་བྱེད་ཀྱི་བློ་དེའི་འཛིན་སྟངས་ཡུལ་ལ་གོ་དགོས་པ་ཡིན།  དེ་ཡང་ནང་ཆོས་ནས་བཤད་པའི་དགག་བྱ་ལ་ཐར་བ་དང་ཐམས་ཅད་མཁྱེན་པ་ཐོབ་པ་ལ་བར་དུ་གཅོད་བྱེད་དངོས་སྒྲིབ་པ་གཉིས་དང་།   སྒྲིབ་པའི་གཉེན་པོ་ངོ་ཤེས་ནས་རང་རྒྱུད་ལ་བསྐྱེད་པ་ལ་ངེས་པར་ངོས་ཟིན་དགོས་པའི་གང་ཟག་གི་བདག་འཛིན་དང་།   ཆོས་ཀྱི་བདག་འཛིན་གཉིས་ཀྱི་ཞེན་ཡུལ་ཡང་དགག་བྱ་ཡིན།  དང་པོ་སྒྲིབ་གཉིས་དགག་བྱར་བཞག་པའི་དགག་བྱ་ནི་ངེས་པར་ཡོད་དགོས་ཏེ།  གཞན་དུ་ན་སེམས་ཅན་རྣམས་འབད་མེད་དུ་གྲོལ་བའི་སྐྱོན་ཡོད་ལ།  གང་ཟག་གི་བདག་དང་།  ཆོས་ཀྱི་བདག་དགག་བྱར་བཞག་པའི་དགག་བྱ་དེ་ལ་མེད་པ་ཞིག་དགོས་ཏེ།  འདི་འགོག་ཚུལ་ནི་མེད་པ་དེ་ཉིད་མེད་པ་ཡིན་པ་ངོ་འཕྲོད་པའམ་ཚད་མས་ངེས་པ་སྙེད་པ་ལ་བྱེད་པས་ཡོད་ན་དགག་མི་ནུས་པའི་ཕྱིར།

   དེས་ན་བྱེ་བྲག་སེམས་ཙམ་པའི་དགག་བྱ་ངོས་འཛིན་ཀྱི་གཞུང་དང་།   དབུ་མ་པའི་དགག་བྱ་ངོས་འཛིན་ཀྱི་གཞུང་གཉིས་ལས།   དང་པོ་ནི།   མདོ་ཡི་དབང་དུ་བྱེད་ན། དགོངས་འགྲེལ་སོགས་དུ་མ་ཡོད་དེ།   དགོངས་འགྲེལ་ལས།   དེ་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན།   ཀུན་བཏགས་པའི་མཚན་ཉིད་གང་ཡིན་པའོ།   དེ་ཅིའི་ཕྱིར་ཞེ་ན།  འདི་ལྟར་དེ་ནི་མིང་དང་བརྡས་རྣམ་པར་བཞག་པའི་མཚན་ཉིད་ཡིན་ཀྱི་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་དེའི་ཕྱིར་དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ།   ཞེས་གཟུགས་སོགས་ཀྱི་ཆོས་རྣམས་སྒྲ་རྟོག་གི་གཞིར་མིང་བརྡས་བཞག་པ་ཙམ་ཡིན་པ་དང་།   དེ་མིང་བརྡས་བཞག་ཙམ་མིན་པར་རང་གི་མཚན་ཀྱིས་གྲུབ་པ་དེ།   ལུགས་འདིའི་དགག་ཚད་ཡིན།   བསྟན་བཅོས་ཀྱི་དབང་དུ་བྱེད་ན་བྱང་ས་དང་བསྡུ་བ་སོགས་དུ་མ་ཡོད་དེ།    བྱང་ས་ལས། གཟུགས་ལ་སོགས་པའི་ཆོས་རྣམས་དང་གཟུགས་ལ་སོགས་པའི་དངོས་པོ་ལ་འདོགས་པའི་ཚིག་གི་ངོ་བོ་ཉིད་ཀྱི་རང་གི་མཚན་ཉིད་ཡོད་པ་མ་ཡིན་པ་ལ་སྒྲོ་བཏགས་ནས་མངོན་པར་ཞེན་པ་གང་ཡིན་པ་དང་། ཞེས་པས་གཟུགས་སོགས་ཀྱི་ཆོས་རྣམས་སྒྲའི་འཇུག་གཞིར་དང་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱི་གྲུབ་པ་འཛིན་པ་ཆོས་ཀྱི་བདག་འཛིན་དུ་གསུང་པས། དེའི་ཞེན་ཡུལ་ཐ་སྙད་དུ་འགོག་རྒྱུའི་དགག་བྱར་བསྟན་པ་ཡིན་ནོ།

གཉིས་པ་དབུ་མ་པའི་ལུགས་ཀྱི་དབུ་མའི་ལྟ་བ་གཏན་ལ་འབེབས་པ་ལ་ངེས་པར་དུ་ཤེས་དགོས་པའི་ཡུལ་ཀྱི་དགག་བྱ་ནི།  ཡུམ་བར་མ་ལས།  འདི་ནི་འཇིག་རྟེན་གྱི་ཐ་སྙད་དུ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ།   ཞེས་སོགས་དང་།   མགོན་པོ་ཀླུ་སྒྲུབ་ཀྱི་རིགས་ཚོགས་རྣམས་ལས།   འཇིག་རྟེན་མ་རིག་རྐྱེན་ཅན་དུ། །  ཞེས་སོགས་དང་།  སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། །  ཡང་དག་མ་ཡིན།   ཞེས་སོགས་ལ་བརྟེན་ནས་རྟེན་ནས་འབྱུང་བ་ཙམ་ལས་གཞན་ཡང་དག་པར་གྲུབ་པའམ།   དོན་དམ་པར་གྲུབ་པ་དགག་བྱར་འདོད་པ་ནི་ཐལ་རང་གཉིས་ཀ་ཁྱད་མེད་ཡིན།   འོན་ཀྱང་རྟེན་ནས་བརྟགས་པ་འམ་རྟེན་ནས་འབྱུང་བ་ལ་འཇོག་ཚུལ་ཕྲ་རག་གི་དབང་གིས་དོན་དམ་པར་གྲུབ་པ་ཡུལ་གྱི་དགག་བྱ་མཐར་ཐུག་ཡིན་ཞེས་པའི་ཐ་སྙད་མཐུན་ཀྱང་།   དོན་དམ་པར་གྲུབ་ཚད་མི་མཐུན་པ་ཡིན་ནོ། འོ་ན་ཐལ་རང་གི་ཁྱད་པར་གང་གིས་འབྱེད་སྙམ་ན།   ཐོགས་མར་འདི་ཤེས་དགོས་ཏེ།   ཐལ་རང་གཉིས་ཀས་འཁོར་འདས་ཀྱི་ཆོས་རྣམས་ཐ་སྙད་དུ་ཡོད་པར་འདོད་པ་མཚུངས་ཀྱང་།   ཡོད་ཚུལ་མི་འདྲ་བ་ཡིན།   དབུ་མའི་སློབ་དཔོན་ཆེན་པོ་ལེགས་ལྡན་རྗེས་འབྲངས་དང་བཅས་པས།   ཡུལ་ཁོ་རང་ངོས་ནས་གྲུབ་པ་ཞིག་མེད་ཀྱང་ཡོད་པ་འཇོག་ན་བློས་གང་བཟོ་རུ་འགྱུར་ནས་རི་བོང་ལ་རྭ་མེད་གཡག་ལ་ར་ཡོད་ཅེས་པ་དང་། བདེན་གྲུབ་མེད་བདེན་མེད་ཡོད་ཅེས་པའི་ཡོད་མེད་ཀྱིརྣམ་གཞག་གཏན་ནས་མི་རུང་སྙམ་ནས་ཡུལ་གྱི་ངོས་ནས་ཡོད་པར་འདོད་དེ།   ལེགས་ལྡན་འབྱེད་ཀྱིས། དགོངས་འགྲེལ་ལས་ཀུན་བརྟགས་རང་གིས་མཚན་ཉིད་མེད་པར་གསུངས་པའི་མེད་རྒྱུའི་ཀུན་བརྟགས་དེ་བདེན་པར་གྲུབ་པ་ལ་བྱེད་ཀྱི།   དེ་ལས་གཞན་མིང་བརྡས་བཞག་པའི་ཀུན་བརྟགས་དང་།   འདོགས་བྱེད་ཀྱི་སྒྲ་བློ་གང་ལ་བྱེད་ཀྱང་བསྐུར་འདེབས་སུ་གསུངས་པས།   ཡོད་ན་རང་གི་མཚན་ཉིད་ཀྱིས་གྲུབ་པའམ་རང་ངོས་ནས་ཡོད་པའི་ཁྱབ་པ་བཞེད་པ་ཡིན་ལ། དེ་བཞིན་དུ་སློབ་དཔོན་ཡེ་ཤེས་སྙིང་པོའི་བདེན་གཉིས་རང་འགྲེལ་ལས།   དགག་བྱ་བདེན་གྲུབ་དབང་ཤེས་ལ་མི་སྣང་པར་གསུངས་པས།   དབང་ཤེས་ལ་གཟུགས་སོགས་རང་ངོས་ནས་ཡོད་པ་སྣང་ཀྱང་དེ་དགག་བྱའི་སྣང་ཚུལ་དུ་མི་བཞག་པའི་ཕྱིར་དང་། དཔལ་ལྡན་ཟླ་བས།   གལ་ཏེ་རང་གི་མཚན་ཉིད་བརྟེན་གྱུར་ན།   ཞེས་སོགས་ཀྱི་རང་འགྲེལ་ལས།  འདིར་སྨྲས་པ།  དོན་དམ་པར་སྐྱེ་བ་མེད་པས་བདག་དང་གཞན་ལས་སྐྱེ་བ་དགག་ལ་རག་མོད།   གཟུགས་དང་ཚོར་བ་ལ་སོགས་པ་གང་དག་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་དམིགས་པ་དེ་དག་གི་རང་བཞིན་ནི་གདོན་མི་བཟའ་བར་གཞན་ལས་སྐྱེ་བར་འགྱུར་རོ། ཅི་སྟེ་དེ་ལྟར་མི་འདོད་ན་ནི་བདེན་པ་གཉིས་ཅི་སྟེ་བརྗོད་དེ། བདེན་པ་གཅིག་ཁོ་ནར་འགྱུར་རོ། དེ ་ཕྱིར་གཞན་ལས་སྐྱེ་བ་ཡོད་པ་ཉིད་དོ།།    ཞེས་པའི་ཕྱོགས་སྔ་རང་རྒྱུད་པ་ལས་འོས་མེད་དོ།

རྒྱུ་མཚན་དེས་ན་རང་རྒྱུད་པས་དོན་དམ་པར་གྲུབ་པ་དགག་ཚད་དུ་འདོད་ཀྱང་།  རང་གི་མཚན་ཉིད་ཀྱིས་གྲུབ་པ་དགག་ཚད་དུ་མི་འཇོག་སྟེ།  རང་གི་མཚན་ཉིད་ཀྱིས་ཡོད་པ་དང་ཡོད་པ་གཉིས་ལ་ཁྱད་པར་མི་འབྱེད་པའི་ཕྱིར།  འོ་ན་འདིའི་ལུགས་ལ་དེ་ཁོ་ན་ཉིད་གཏན་ལ་འབེབས་པའི་ཡུལ་ཀྱི་དགག་ཚད་གང་ཡིན་སྙམ་ན།  འཇུག་ཡུལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་སྣང་བའི་ཆ་ལ་མ་འཁྲུལ་བའི་བློ་གནོད་མེད་ལ་སྣང་བའི་དབང་གི་བཞག་པ་མ་ཡིན་པར་ཡུལ་རང་གིས་ཐུན་མོང་མ་ཡིན་པའི་སྡོད་ལུགས་ངོས་ནས་གྲུབ་པ་དེ་འཇོག་པ་ཡིན་ཏེ།  དབུ་མ་སྣང་བ་ལས།   དེའི་ཕྱིར་དེ་དག་གི་བསམ་པའི་དབང་གིས་དངོས་པོ་བརྫུན་པའི་ངོ་བོ་ཐམས་ཅད་ནི་ཀུན་རྫོབ་ཏུ་ཡོད་པ་ཁོ་ནའོ།   ཞེས་དང་འཇུག་ཏྲིག་ལས།   དབུ་མ་སྣང་བར་ཀུན་རྫོབ་ཏུ་ཡོད་ཚུལ་གསུངས་པའི་ལྡོག་ཕྱོགས་ཀྱི་ཡོད་པ་ནི་དོན་དམ་པར་བདེན་གྲུབ་ཏུ་ཡོད་པར་ཤེས་པས།   ཞེས་དང་།   མདོའི་དྲང་ངེས་ཁྱད་པར་བཞག་པ་ན་ངེས་དོན་ཀྱི་མདོ་ལ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་བ་ཞིག་དགོས་པར་འདོད་པ་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་ལན་པའི་གནད་འདི་ལ་ཐུག་པ་ཡིན་ནོ། 

དེ་ཡང་ངེས་དོན་མདོ་ལ།   དབུ་མ་སྣང་བ་ལས་ངེས་པའི་དོན་ཀྱང་གང་ལ་བྱ་ཞེ་ན་ཚད་མ་དང་བཅས་པ་དང་དོན་དམ་པའི་དབང་དུ་མཛད་ནས་བཤད་པ་གང་ཡིན་པ་སྟེ།   དེ་ནི་དེ་ལས་ལོགས་ཤིག་ཏུ་གཞན་གྱིས་གང་དུ་ཡང་དྲང་བར་མི་ནུས། ཞེས་གསུངས་པའི་ཕྱིར་རོ།།

   ཐལ་འགྱུར་བས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་ཡོད་ཚུལ་ནི་མིང་དང་རྟོག་པས་བཏགས་པ་ཙམ་མ་གཏོགས་རང་ངོས་ནས་ཅུང་ཟད་ཀྱང་མེད་པར་འདོད་དེ།   ལམ་རིམ་ཆེན་མོ་ལས། མ་དྲོས་པས་ཞུས་པ་ལས་ཀྱང་།  གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན།   །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད།    །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན།   །ཞེས་རྐང་པ་དང་པོས།    རྐྱེན་ལས་སྐྱེས་པ་དེ་མ་སྐྱེས།   །ཞེས་གསུངས་ནས་མ་སྐྱེས་ལུགས་སྟོན་པ་ནི་རྐང་པ་གཉིས་པས།   དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན།   །ཞེས་དགག་བྱ་ལ་ཁྱད་པར་སྦྱར་བ་སྟེ་རང་བཞིན་གྱིས་མ་སྐྱེས་པའོ།     དེ་ལྟ་བུ་མི་ཤེས་ཤིང་ཚིག་དེ་དག་ཐོས་པ་འགའ་ཞིག་སྐྱེས་པ་ཁོ་ནས་མ་སྐྱེས་ལ་བརྟེན་པ་ཁོ་ནས་མ་བརྟེན་པ་ཞེས་པའི་ཚུལ་གྱིས་འགལ་འདུ་འབའ་ཞིག་སྨྲ་བའི་སྨྲ་ཁམ་གང་ཆེ་ལ་ལྟ་བ་མཐོ་བར་བྱེད་པར་སྣང་ངོ་། །

    ཚིག་གསལ་དུ་དྲངས་པའི་ལངས་གཤེགས་ལས་ཀྱང་།  བློ་གྲོས་ཆེན་པོ་རང་བཞིན་གྱིས་མ་སྐྱེས་པ་ལ་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་པའོ།   ཞེས་གསུངས་ཞེས་ཤིན་ཏུ་གསལ་བར་གསུངས་སོ།    ཞེས་སོགས་ཀྱིས་རང་བཞིན་གྱིས་སྐྱེས་པ་བརྟེན་ནས་སྐྱེས་པ་གཉིས་ཁྱད་པར་གསལ་བར་གསུངས་པའི་ཕྱིར།    དེ་བཞིན་དུ་ཟླ་བས། ཀྱེ་མ་ཀྱི་ཧུད་རྣ་བ་དང་སྙིང་མེད་པས་ཀྱང་བརྒལ་བར་འགྱུར་བ་འདི་ནི་ཁོ་བོ་ཅག་ལ་དཀའ་བ་ཞིག་བབ་བོ། །   གང་གི་ཚེ་ཁོ་བོ་ཅག་གིས་གང་བརྟེན་ནས་སྐྱེས་པ་དེ་གཟུགས་བརྙན་བཞིན་དུ་རང་བཞིན་གྱིས་མ་སྐྱེས་སོ་ཞེས་སྨྲས་པ་དེའི་ཚེ་བརྒོལ་བའི་གོ་སྐབས་ག་ལ་ཡོད།    ཅེས་སོགས་ཀྱིས་རང་བཞིན་གྱིས་སྐྱེ་བ་མེད་པ་དང་།     བརྟེན་ནས་སྐྱེ་བ་ཡོད་པའི་ཁྱད་པར་ཤིན་ཏུ་གསལ་བ་ཡིན་ནོ།    དེའི་ཕྱིར་ཐལ་འགྱུརབས་སྟོང་ཉིད་དམ་གནས་ལུགས་མཐར་ཐུག་ཡིན་ཚུལ་ངོ་མ་མངོན་སུམ་དུ་རྟོགས་པའི་བློ་ལས་གཞན་པ་ཐམས་ཅད་འཁྲུལ་ཤེས་སུ་འཇོག་དགོས་དོན་ཡང་རང་ངོས་ནས་གྲུབ་པ་ཁས་མི་ལན་པ་འདི་ལ་ཐུག་པ་ཡིན།        ཐག་ཁྲ་སྦྲུལ་དུ་འཁྲུལ་བའི་ཚེ་གང་དུ་སྦྲུལ་འདུག་བསམ་སའི་ཐག་ཁྲའི་ཚོགས་པ་དང་རྒྱུན་དབྱིབས་དང་ཁ་དོག་ཆ་ཤས་སོགས་གང་གི་ངོས་ནས་སྦྲུལ་བརྙེད་དུ་མེད་པ་དེ་བཞིན་དུ།   གང་དུ་མིའམ་གང་ཟག་འོ་སྙམ་པའི་བློ་སྐྱེ་སའི་གདག་གཞི་ཕུང་པོའི་ཚོགས་རྒྱུན་སོགས་གང་དུ་གང་ཟག་བརྙེད་དུ་མེད་པ་དེ་དང་མཚུངས་པ་ཡིན།    འོ་ན་ཐག་ཁྲའི་སྦྲུལ་ལྟར་ཆོས་ཐམས་ཅད་རྟོག་བཏགས་འབའ་ཞིག་ལ་འཇོག་ན།   ཐག་ཁྲའི་སྦྲུལ་ལྟར་ཆོས་ཐམས་ཅད་ཡེ་མེད་དུ་འགྱུར་རོ་སྙམ་ན།     དེ་གཉིས་གདགས་གཞིའི་ངོས་ནས་མེད་པ་རྟོག་པས་ཕར་བཏགས་ཙམ་དུ་མཚུངས་ཀྱང་ཡོད་མེད་མི་མཚུངས་པར་འདོད་དོ།       རང་བཞིན་གྱིས་མེད་ཀྱང་ཐ་སྙད་དུ་ལས་འབྲས་སོགས་ཀྱི་རྣམ་གཞག་འཐད་ལྡན་དུ་འཇོག་ཐོབ་པ་འདི་ཤིན་ཏུ་དཀའ་བ་ཡིན་ཏེ།    འཇུགཔའི་ཏྲིག་ཆེན་ལས།   རྟོག་པས་བཞག་པ་དེ་ལ་རང་རང་གི་བྱ་བྱེད་འཐད་པ་ནི།    ཚིག་དང་དོན་གྱི་འགྲེལ་མཛད་རྣམས་ཀྱི་ནང་ནས།    སངས་རྒྱས་བསྐྱངས་དང་ཞི་བ་ལྷ་དང་སློབ་དཔོན་འདི་གསུམ་གྱིས་འཕགས་པ་ཡབ་སྲས་གཉིས་ཀྱི་འགྲེལ་ལུགས་ཐུན་མོང་མ་ཡིན་པའོ།།    དབུ་མའི་ལྟ་བ་མཐར་ཐུག་པའི་དཀའ་ས་ཡང་འདི་ཉིད་དོ། ཞེས་དང་དེ་བཞིན་དུ།    རྩ་ཤེས་ཏྲིག་ཆེན་ལས།     བསྐྱེད་བྱ་སྐྱེད་བྱེད་རང་གི་མཚན་ཉིད་ཀྱིས་གྲུབ་པའི་སྟེང་ནས་འཇོག་པ་ལ་གོམས་ཆེས་པས་དེ་བཀག་པ་ན་མིང་གི་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་ལ་དེ་དག་འཇོག་པ་བློ་ལ་མི་བདེ་ཡང་།     འཇོག་ཚུལ་གཉིས་ལས་ནི་མེད་ལ་སྔ་མ་ལ་མི་འཐད་ན་ཕྱི་མ་ལ་འཇོག་པ་འོས་མེད་དོ་སྙམ་དུ་བློ་དེ་ཡི་ཕྱོགས་སུ་དྲང་དགོས་སོ།   

ཞེས་དང་ལམ་རིམ་ཆེན་མོ་ལས།   ཟབ་མོ་དབུ་མའི་གཞུང་ལ་སྦྱོང་པའི་གྲོགས།   །ཁྱེད་ཀྱི་བློ་ངོར་རང་བཞིན་མེད་པ་ལ།   །རྒྱུ་འབྲས་རྟེན་འབྲེལ་འཇོགཔ་དཀའ་མོད་ཀྱང་།    །དེ་འདྲ་དབུ་མའི་ལུགས་ནི་ཡིན་ནོ་ཞེས།    །དེ་སྐད་སྨྲ་བའི་ཚུལ་ལ་བརྟེན་ན་མཛེས།   །དེ་ལྟ་མིན་པར་གཞན་ལ་བཀོད་པའི་སྐྱོན།   །རང་གིས་ཇི་བཞིན་སྤོང་བར་མ་ནུས་ནས།   །ལུགས་མེད་པ་ལ་རེ་ན་ད་དུང་སློབས། །    ཞེས་དང་ཡང་མདོ་ལས།    ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།   །ཞེས་སོགས་དང་མགོན་པོ་ཀླུ་སྒྲུབ་ཀྱིས།     ཐུབ་པའི་ཐུགས་ནི་ཆོས་བསྟན་ལས།    །རབ་ཏུ་ལོག་པར་གྱུར་པ་ཡིན།    །  ཞེས་སོགས་མདོ་དང་བསྟན་བཅོས་ཐམས་ཅད་ཀྱིས་སྟོང་པ་ཉིད་ཀྱི་བལྟ་བ་ཤིན་ཏུ་རྟོགས་དཀའ་བར་གསུངས་པའི་སྟོང་ཉིད་ནི་ཐལ་འགྱུར་བའི་ལུགས་ཀྱི་སྟོང་ཉིད་འདི་ལ་ཟེར་བ་ཡིན་ནོ།     འདིའི་ལུགས་ཀྱི་སྟོང་པ་ཉིད་ཀྱི་བལྟ་བ་རྒྱུད་ལ་སྐྱེ་བ་ལ་དགག་བྱ་ངོས་ཟིན་དགོས་ཞེས་པའི་དགག་བྱ་ནི།    རང་གི་མཚན་ཉིད་ཀྱིས་གྲུབ་པའམ་རང་ངོས་ནས་གྲུབ་པ་ལ་བྱ་དགོས་པ་གོང་གིས་ལུང་རྣམས་ལས་ཤིན་ཏུ་གསལ་བས།      དེ་ངོས་འཛིན་ཚུལ་ནི་རྟོག་པའི་བརྟགས་ཙམ་ལ་གོ་བ་ཅི་ཆགས་བྱེད་དགོས་པ་ཡིན་ཏེ།     རྟོག་བརྟགས་ལྟོས་གྲུབ་ལ་གོ་བ་ཆགས་རིམ་བཞིན་དུ་ལྟོས་མེད་རང་དབང་བ་མེད་ཚུལ་གསལ་དུ་གསལ་དུ་འགྲོ་བ་ཡིན་པས།      དགག་བྱ་ངོས་འཛིན་གཞུང་ལ།    ཉེ་བར་འཁོར་གྱིས་ཞུས་པ་ལས།    སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་བྱེ་ཞིང་།   །གསེར་གྱི་ཁང་མཆོག་འབར་བ་ཡིད་འོང་བ།    །འདི་ན་དེའང་བྱེད་པོ་འགའ་མེད་དེ།   །དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན།    །རྟོག་པའི་དབང་གིས་འཇིག་རྟེན་རྣམ་བཏགས་ཏེ།    །ཞེས་ཆོས་རྣམས་རྟོག་པའི་དབང་གིས་བཞག་པར་གསུངས་པ་དང་།    རིགས་པ་དྲུག་ཅུ་པ་ལས་ཀྱང་།  འཇིག་རྟེན་མ་རིག་རྐྱེན་ཅན་དུ།   །གང་ཕྱིར་རྫོགས་པའི་སངས་རྒྱས་གསུང་།   །དེ་ཡི་ཕྱིར་ན་འཇིག་རྟེན་འདི།   །རྣམ་རྟོག་ཡིན་ཞེས་ཅིས་མ་འཐད།   །ཅེས་གསུངས་པའི་དོན་འགྲེལ་བར་འཇིག་རྟེན་རྣམས་རང་གི་ངོ་བོས་མ་གྲུབ་པ།   རྟོག་པས་བཏགས་ཙམ་དུ་བཤད་ཅིང་།     བརྒྱ་པ་ལས་ཀྱང་།    རྟོག་པ་མེད་པར་འདོད་ཆགས་ལ།   །སོགས་ལ་ཡོད་ཉིད་ཡོད་མིན་ན།    །ཡང་དག་དོན་དང་རྟོག་པ་ཞེས།   །བློ་དང་ལྡན་པ་སུ་ཞིག་འཛིན།    །ཞེས་གསུངས་ཤིང་།     དེའི་འགྲེལ་བ་ལས་ཀྱང་། རྟོག་པ་ཡོད་པ་ཁོ་ནས་ཡོད་པ་ཉིད་དང་།     རྟོག་པ་མེད་པར་ཡོད་པ་ཉིད་མེད་པ་དེ་དག་ནི།     གོར་མ་ཆག་པ་ཐག་པ་བསྡོགས་པ་ལ་བཏགས་པའི་སྦྲུལ་ལྟར་རང་གི་ངོ་བོས་མ་གྲུབ་པར་ངེས་སོ།      ཞེས་དང་ལམ་རིམ་ལས།     ཞེས་རང་གི་ངོ་བོས་མ་གྲུབ་བཞིན་དུ་བཏགས་པའི་ཆ་ནས་ཆགས་སོགས་རྣམས་ཐག་པ་ལ་སྦྲུལ་དུ་བཏགས་པ་དང་འདྲ་བར་བཤད་དོ།     དེ་དང་ཆགས་སོགས་རྣམས་ཐ་སྙད་དུ་ཡོད་མེད་མཚུངས་པ་ནི་མིན་ནོ།     ཞེས་སོགས་ཀྱིས་ཆོས་རྣམས་རྟོག་པས་ཕར་བཏགས་ཙམ་མ་ཡིན་པར་གདགས་གཞིའི་ངོས་ནས་ཡོད་པ་དེ་ལུགས་འདིས་དེ་ཁོ་ན་ཉིད་གཏན་ལ་འབེབ་པའི་ཡུལ་གྱི་དགག་ཚད་ཡིན་ནོ།    དེ་ལྟར་ཐལ་རང་གཉིས་སེམས་ཙམ་པ་དང་བཅས་པའི་རང་རང་གི་ཆོས་ཀྱི་བདག་མེད་གཏན་ལ་འབེབ་པའི་དགག་བྱ་གང་ལ་འཇོག་པའི་ཤེས་བྱེད་མདོ་དང་བསྟན་བཅོས་ཀྱི་ཁུངས་དང་བཅས་པ་ཅུང་ཟད་བཀོད་པའོ།།

 

   མི་འདོད་སྡུག་བསྔལ་འདམ་ནས་འདྲེན་མཛདཅིང་།།
   འགྲོ་ཀུན་ཐར་པའི་སྐམ་ས་ཆེན་པོ་རུ།།
  འཁྲིད་མཛད་ཚང་ལ་མ་ནོར་ལུགས་བཟང་མཆོག།། 
   ཆ་ཙམ་ཉམས་པ་མེད་པར་ཡུན་གནས་ཤོག།།

 

རྩོམ་ཡིག་འདི་ཐེངས་ 2702 བཀླགས་འདུག

ཤོག་ངོས་འདི་ཐེངས་ 856 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་ « རྟེན་འབྱུང་། དགག་བྱ་ངོས་འཛིན་གྱི་བློ་ཚད་མ་ཡིན་མིན། »

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

 གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།

ནང་ཆོས་གསར་ཤོས།

སྐྱབས་འགྲོ།

སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 91

འཇམ་དབྱངས་མཁས་བཙུན། སྙིང་དོན། སྐྱབས་འགྲོ་ཞེས་པ་ནི་ཆོས་ལུགས་ཀྱི་བརྡ་ཆད་ཅིག་རེད། སྐྱབས་འགྲ... བཀླགས་འཕྲོ...

བློ་སྦྱོང་ཚིག་བརྒྱད་མའི་རོབ་འག…

སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 91

ལྕེ་རླུང་འཚུབ། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། ། དེ་ཡི་རྗེས་འཇུག་འཕགས་བོད་མཁས་གྲུབ་... བཀླགས་འཕྲོ...

ལྟར་སྨོན་དགོན་གྱི་དུར་ཁྲོད་ཀྱི…

སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 104

དགེ་བཤེས་ལྷ་རམས་པ་ངག་དབང་ཐོགས་མེད། བལྟས་པ་ཙམ་གྱིས་མོས་པ་སྐྱེ་བའི་དགོན། ། མདོ་སྔགས་ཆོས་འཁ... བཀླགས་འཕྲོ...

མཆན་མང་ཤོས།