- མདུན་ངོས།
- ནང་ཆོས།
- སྤྱོད་པའི་སྐོར།
- དཔྱད་རྩོམ།
Fri 13 Apr 2018
དཔྱད་རྩོམ།
ནགས་ཤོད་སྐལ་རྒྱན་པས།
ཐུབ་གསུང་རྒྱ་མཚོའི་གཏིང་རུམ་གནས་བཅས་ཤིང་། །
རྟེན་འབྱུང་ཞི་བའི་རླབས་ཕྲེང་རྟག་ཏུ་གཡོ། །
ལེགས་བཤད་ནོར་བུའི་མཛོད་ལ་མངའ་བརྙེས་པའི། །
བཤེས་གཉེན་ཀླུ་དབང་ཚོགས་ཀྱིས་རིང་དུ་སྐྱོངས། །
ངེས་དོན་བཤེས་ཀྱིས་གདམས་པའི་བཅུད་ཕྱུངས་པ། །
ཟབ་དོན་བཅུད་ལྡན་རོ་མངར་ཞིམ་པ་འདི། །
རོ་འཛིན་ལྗགས་ཀྱི་འདབ་མ་མ་ཉམས་པའི། །
བློ་ལྡན་བྱིས་པའི་ཚོགས་ལ་སྟོན་མོ་སྦྱིན། །
དེ་ཡང་རྣམ་བཤད་སྙིང་པོའི་རྒྱན་ལས། སྟོང་པ་ཉིད་རྟོགས་པའི་ཤེས་རབ་དང་བྲལ་བ་དང་། རྒྱུ་མཚན་སྔ་མ་གཉིས་གོ་ལྡོག་ནས་སྦྱོར་བ་ནི་གཞུང་འདིའི་དོན་མིན་པར་རྗེ་ཉིད་ཀྱི་གསུང་ལས་འབྱུང་བའོ། །ཞེས་པ་རྗེའི་གསུང་ལེགས་བཤད་གསེར་ཕྲེང་དུ་རྟོགས་དཀར། ཉན་ཐོས་ཀྱི་ལུགས་ལ་མྱང་འདས་ནི་དོན་དམ་པར་ཡོད་པའི་དངོས་པོ་ཡིན་ཏེ། རྟགས་པ་ཡིན་པའི་ཕྱིར། འཁོར་བ་ནི་དངོས་པོ་མེད་པ་སྟེ། སྤང་བྱ་ཡིན་པས་སོ། །ཞེས་དངོས་པོར་དམིགས་པ་མྱང་འདས་ལ་སྦྱར་བ་ནི་འདི་དང་རྒྱན་སྣང་དུ་སྙིང་བརྩེ་བ་དང་ཤེས་རབ་དང་བྲལ་བའི་ཕྱིར་རོ་ཞེས་སྙིང་རྗེ་དང་བྲལ་བ་སྔོན་ལ་བྱུང་བས་དེ་དང་མྱང་འདས་སྦྱར་དགོས་ལ། དངོས་པོར་དམིགས་པ་ཡང་སྔོན་ལ་བྱུང་བས་སོ་སྙམ་དུ་བསམས་སོ། །དེ་ནི་མ་ཡིན་ཏེ། སྔར་འཁོར་འདས་གཉིས་ལ་རྟག་ཆད་དུ་བཤད་པ་དང་། འདིར་ཡང་འོག་ཏུ་འཁོར་བ་དང་ཞེས་སྔོན་ལ་བྱུང་བས་སྙིང་བརྩེ་བ་དང་བྲལ་བ་སྔོན་ལ་བྱུང་བ་ཡང་སྡེབ་སྦྱོར་གྱི་ངོར་ཡིན་པས་ཤེར་སྒྲོན་ལྟར་ཤེས་རབ་དང་བྲལ་བ་དང་པོར་གདོན་ནོ། །ཞེས་གསུངས་པས། སྟོང་པ་ཉིད་རྟོགས་པའི་ཤེས་རབ་དང་བྲལ་བ་དང་རྒྱུ་མཚན་སྔ་མ་སྙིང་བརྩེ་བ་དང་བྲལ་བ་གཉིས་གོ་ལྡོག་ནས་སྦྱོར་བ་ནི་གཞུང་གི་དོན་མིན་ཞེས་པའོ། །དེའི་དོན་ཞིབ་ཏུ་བཤད་ན་སྙིང་བརྩེ་བ་དང་བྲལ་བ་མྱང་འདས་དང་སྦྱར་དགོས་པའི་རྒྱུ་མཚན་ནི་སྔོན་དུ་བྱུང་བས་སོ། །དངོས་པོ་དམིགས་པ་ཡང་མྱང་འདས་ལ་སྦྱར་དགོས་ཏེ། སྔོན་དུ་བྱུང་བའི་ཕྱིར་སྙམ་པའོ། །དེ་ལྟར་སྦྱོར་བ་གོ་ལྡོག་པའི་སྦྱོར་ཚུལ་ཡིན་པས་གཞུང་དོན་མིན་ལ། སྒྲུབ་བྱེད་ཀྱི་རྒྱུ་མཚན་བཟུང་བ་འང་ཡང་དག་མ་ཡིན་ཏེ། སྔར་འཁོར་འདས་གཉིས་ལ་རྟག་ཆད་དུ་བཤད་པ་དང་། འདིར་ཡང་འོག་ཏུ་འཁོར་བ་ཞེས་སྔོན་ལ་འཁོར་བ་བྱུང་བས་ཤེས་རབ་དང་བྲལ་བ་སྔོན་དུ་འདོན་དགོས་པའི་ཕྱིར་རོ། །དངོས་པོ་དམིགས་པ་ཡང་སྡོན་དུ་བྱུང་བས་འཁོར་བ་ལ་སྦྱོར་དགོས་པའི་ཕྱིར་སྙིང་བརྩེ་བ་དང་བྲལ་བ་དང་པོར་བྱུང་བའང་སྡེབ་སྦྱོར་གྱིི་ངོར་ཡིན་ནོ། ། དེས་ན་ཤེར་སྒྲོན་ལྟར་སྟོང་ཉིད་
རྟོགས་པའི་ཤེས་རབ་དང་བྲལ་བ་དང་པོར་བཏོན་ནས་འཁོར་བ་ལ་སྦྱར་བ་དང་། དངོས་པོར་དམིགས་པ་ཡང་དང་པོ་བྱུང་བའི་ཕྱིར་འཁོར་བ་ལ་སྦྱར་རོ།།སྙིང་བརྩེ་བ་དང་བྲལ་བ་ཕྱི་མར་བཞག་ནས་མྱང་འདས་ལ་སྦྱར་དགོས་པ་མ་ཟད་དངོས་པོ་མེད་པ་ཡང་ཕྱི་མར་བསྟན་པའི་ཕྱིར་མྱང་འདས་ལ་སྦྱར་ན་གཞུང་དོན་དངོས་སོ་ཞེས་པའོ། ། དེའི་དོན་རྟགས་གསལ་དུ་དྲིལ་བ་རྣམ་བཤད་སྙིང་རྒྱན་དུ། ཉན་རང་རྣམས་ཀྱིས་ཉི་ཚེ་བའི་ཚུལ་དུ་རང་གིས་རྟོགས་པ་ཙམ་གྱི་གཞི་ཤེས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་གནས་པའི་ཉན་ཐོས་ཆོས་ཅན། འཁོར་བའི་མཐའ་ལ་གནས་པ་ཡིན་ཏེ། འཁོར་བ་སྐྱེ་བའི་དངོས་པོ་ཙམ་ལ་མཐའ་གཅིག་ཏུ་དོར་བྱར་བཟུང་བའི་ཕྱིར། དེར་ཐལ། འཁོར་བ་སྐྱེ་བ་ལེན་པའི་རྒྱུ་སྙིང་བརྩེ་བ་དང་བྲལ་བའི་ཕྱིར། མྱ་ངན་ལས་འདས་པའི་མཐའ་ལ་གནས་པ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པས་རིགས་པ་དེའི་འགྲོས་ཀྱིས་མྱ་ངན་ལས་འདས་པའི་མཐལ་ལ་གནས་པ་ཡིན་པར་ཤེས་དགོས་པར་གསུངས་པ་ཡིན་གྱི་སྔ་མའི་ཆོས་ཅན་དེ་མྱ་ངན་ལས་འདས་པའི་མཐའ་ལ་གནས་པ་ཤེས་ཚུལ་མེད་དེ་མྱ་ངན་ལས་འདས་པའི་མཐའ་ལ་གནས་པ་མ་ཡིན་པའི་ཕྱིར། རིགས་འགྲེས་བྱ་ཚུལ་ནི། ཉན་རང་རྣམས་ཀྱིས་ཉི་ཚེ་བའི་ཚུལ་དུ་རང་གིས་རྟོགས་པ་ཙམ་གྱི་གཞི་ཤེས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པ་རྣམས་ཆོས་ཅན། མྱ་ངན་ལས་འདས་པའི་མཐའ་ལ་གནས་པ་ཡིན་ཏེ། སྲིད་པར་སྐྱེ་བ་ཙམ་ཆད་པ་ལས་ཐོབ་པའི་སྲིད་པར་སྐྱེ་བའི་དངོས་པོ་མེད་པ་བླང་བྱར་དམིགས་པ་ཉིད་ཀྱིས་སོ། །དེར་ཐལ། སྲིད་པར་སྐྱེ་བ་ཆད་པ་ཐོབ་འདོད་ཅིང་། ལས་ཉོན་གྱིས་སྐྱེ་བ་བཀག་ཀྱང་། སྲིད་པར་སྐྱེ་བ་བླངས་པ་ལ་བརྟེན་ནས་མྱང་འདས་སྒྲུབ་པའི་ཐབས་ཤེས་པའི་ཤེས་རབ་དང་བྲལ་བའི་ཕྱིར་ཞེས་པའོ། །རྒྱུ་མཚན་དེ་གཉིས་ཀྱིས་འཁོར་བའི་མཐའ་ལ་གནས་པ་དང་ཞི་བའི་མཐའ་ལ་གནས་པ་བསྒྲུབས་སོ། །མདོར་ན་སྐབས་འདིར་གཞན་དག་གིས་སྟོང་ཉིད་རྟོགས་པའི་ཤེས་རབ་དང་བྲལ་བ་དང་རྒྱུ་མཚན་སྔ་མ་གཉིས་ཞེས་པ་དངོས་པོ་དང་དངོས་པོ་མེད་པ་གཉིས་ལ་འཆད་པ་ནི་གཞུང་དོན་མ་གོ་བའི་རྣམ་འགྱུར་དུ་གསལ་སྟེ། སྟོང་ཉིད་རྟོགས་པའི་ཤེས་རབ་དང་བྲལ་བ་དང་རྒྱུ་མཚན་སྔ་མ་སྙིང་བརྩེ་བ་དང་བྲལ་བ་གཉིས་མི་བྱེད་པར་དངོས་པོ་དང་དངོས་པོ་མེད་པ་ལ་འཆད་ན་སྟོང་ཉིད་རྟོགས་པའི་ཤེས་རབ་དང་བྲལ་བ་དང་ཞེས་པའི་དང་སྒྲ་སྡུད་ཚིག་ཏུ་མ་སོང་བར་འབྱེད་པའི་སྒྲ་རུ་སོང་བས་སྟོང་ཉིད་རྟོགས་པའི་ཤེས་རབ་དང་བྲལ་བ་སྨྲོས་ པ་སྐབས་དོན་མ་འབྲེལ་བ་དང་། དངོས་པོ་དང་དངོས་པོ་མེད་པ་གཉིས་རྒྱུ་མཚན་ཡིན་ན་གང་གི་རྒྱུ་མཚན་ཡིན་སྨྲ་དགོས་སོ། །སྟོང་ཉིད་རྟོགས་པའི་ཤེས་རབ་དང་བྲལ་བ་དང་སྙིང་བརྩེ་བ་དང་བྲལ་བ་གཉིས་སྐབས་འདིར་འཁོར་བ་དང་ཞི་མཐའ་གནས་པའི་རྒྱུ་མཚན་ཡིན་པ་ཡབ་སྲས་ཀྱི་དགོངས་པ་སྨྲ་མེད་པའོ་ཞེས་ཁོ་བོས་སྨྲ་བར་བྱེད་དོ།།
ལེགས་བྱས་དངུལ་དཀར་གཞུན་མའི་ཉལ་འགྲོ་མ། །
ལེགས་གསུང་ཁ་བའི་ལྷུན་པོའི་སྤོ་ནས་གཞོལ། །
ལེགས་ཚོགས་ཆུ་ཀླུང་རྩེ་དགའི་རླབས་དང་བཅས། །
ལེགས་སྨོན་བྱང་ཆེན་རྒྱ་མཚོར་སོང་གྱུར་ཅིག །
ཤོག་ངོས་འདི་ཐེངས་ 574 བཀླགས་འདུག
སྡེ་ཚན།
སྤྱོད་པའི་སྐོར།
ནགས་ལྷ་དྲ་མཛོད།
ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།
གསར་ཤོས་དག : ནགས་ལྷ་དྲ་མཛོད།
སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་
འདུ་ཤེས་དགུ། »
དཔྱད་མཆན་འགོད་ས།
རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།
གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།
ནང་ཆོས་གསར་ཤོས།
སྐྱབས་འགྲོ།
སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 91
འཇམ་དབྱངས་མཁས་བཙུན། སྙིང་དོན། སྐྱབས་འགྲོ་ཞེས་པ་ནི་ཆོས་ལུགས་ཀྱི་བརྡ་ཆད་ཅིག་རེད། སྐྱབས་འགྲ... བཀླགས་འཕྲོ...
བློ་སྦྱོང་ཚིག་བརྒྱད་མའི་རོབ་འག…
སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 91
ལྕེ་རླུང་འཚུབ། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། ། དེ་ཡི་རྗེས་འཇུག་འཕགས་བོད་མཁས་གྲུབ་... བཀླགས་འཕྲོ...
ལྟར་སྨོན་དགོན་གྱི་དུར་ཁྲོད་ཀྱི…
སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 104
དགེ་བཤེས་ལྷ་རམས་པ་ངག་དབང་ཐོགས་མེད། བལྟས་པ་ཙམ་གྱིས་མོས་པ་སྐྱེ་བའི་དགོན། ། མདོ་སྔགས་ཆོས་འཁ... བཀླགས་འཕྲོ...
ཤྲི་ལང་ཀར་བསྐྱོད་པའི་ཟིན་ཐོ།
དགེ་བཤེས་ལྷ་རམས་པ་ངག་དབང་བསྟན་པ། ཕྱི་ལོ་༢༠༢༡ཟླ་༡༢ཚེས་༡༩ཉིན་ཤྲི་ལང་ཀ་རུ་འབྱོར། ད…
མཆན་གསར་ཤོས།
- ནགས་ཤོད་ནགས་ལ་ས་མཐའ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། རྩོམ་ཡིག་འདིའི་ནང་གི་རྒྱབ་རྟེན་ལུང་དང་སྒྲུབ་བྱེད་རིགས་པ་གཉིས་ལ་བལྟས་ན་ས་མཐའ་ཡོད་པའི་ཕྱོགས་ལ་ཉེ། རྩོམ་པ་པོ། : མི་ནག་མདུང་ཐུང་། on Thu 23 Aug 2018 ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ། (དཔྱད་རྩོམ།)
- དྲིས་ལན་གཟུར་གནས་དགྱེས་པའི་གཏམ་དྲིས་ལན་བཅུ་བརྒྱད་པོ་གནད་ལ་ཕིགས་པའི་དྲིས་ལན་གནང་འདུག་སྙིང་ནས་བཀའ་དྲིན་ཆེ། རྩོམ་པ་པོ། : མིང་འདིར་བྲིས། on Thu 31 May 2018 དྲིས་ལན་གཟུར་གནས་དགྱེས་པའི་གཏམ། (བརྒལ་བརྟག)
མཆན་མང་ཤོས།
-
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན།
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན། ནགས་ཤོད་ཚོ་དགུ་ནི།…
-
ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ།
དགའ་ལྡན་སྙན་བརྒྱུད་སྤྲུལ་པའི་གླེགས་བམ་ལ་བརྟེན་ནས་གསར་རྩོམ་ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ་བཞུགས་སོ།། ན་མོ་གུ་རུ་ཛཱ་ཡ་ཨིཎྜ་ཡ།…
-
དེ་རིང་།
ནགས་ཀྱི་ཤིང་ལོ་ནས། མེ་ལྟར་ཚ་བའི་ཉི་མ་དེས།།ས་གཞི་འདི་ཡང་འབར་རམ་ཅི།།བར་སྣང་ལས་ཀྱས་མེ་འོད་འཕྲོས།།རྐང་འཐུང་ཚོགས་རྣམས་ཉོབ་ཅིང་དུབ།།…
-
དྲིས་ལན་གཟུར་གནས་དགྱེས་པའི་གཏམ།
ཀླུ་སྒྲུབ་བསྟན་པ་ལྗོངས་འདིར་སྤེལ་བ་ལ།།གངས་ཅན་མཁས་པ་ཡོངས་ཀྱི་ཅོད་པཎ་ཞེས། །…
-
ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
འབྲི་རུ་སྐལ་བཟང་རྒྱལ་མཚན། སྟོན་པ་མཆོག་དང་འཕགས་བོད་པཎ་གྲུབ་སྤྱི།།མེས་དབོན་རྣམས་ལ་གུས་པས་རབ་བཏུད་ནས།།ནགས་ཤོད་ནགས་ལ་ས་མཐའ་ཡོད་མེད་ཀྱི།།དགག་སྒྲུབ་གཏམ་གྱི་སྦྱོར་བ་མདོ་ཙམ་སྤེལ།།…