Sat 14 Apr 2018

སྐད་ཡིག་སྲུང་སྐྱོབ་བྱ་དགོས་པ་གལ་ཆེ་བའི་ཚུལ།

ཚད་གཞི།:
(1 འོས་བླུགས།)

མི་རིགས་གང་ཞིག་ཡིན་ཡང་རང་གི་སྐད་ཡིག་སྲུང་སྐྱོབ་བྱ་དགོས་པ་གལ་ཆེ་བའི་ཚུལ།

༼༢༠༡༥ ལོའི་བགྲོ་གླེང་སྣེ་ཁྲིད་པའི་རྩོམ་ཤོག །༽
བསྟན་པ་དར་ཕྱུག
སྐད་ཡིག་གི་ནུས་པ།

མི་རིགས་ཤིག་གི་སེམས་ཁམས་མཚོན་པའི་ནུས་པ། ཡུལ་སྲོལ་གོམས་གཤིས་མཚོན་པའི་ནུས་པ།
ཡང་དག་རིག་གཞུང་མཚོན་པའི་ནུས་པ། མི་རིགས་གང་ཞིག་གསོན་པའི་ནུས་པ་ལྡན་པ།

མི་རིགས་དེའི་ཁྱད་ཆོས་གསལ་འདོན་བྱེད་པའི་ནུས་པ། བསམ་སྤྱོད་ཀྱི་སྟོབས་ཤུཊ་གཅིག་ཏུ་སྒྲིལ་བའི་ནུས་པ་སོཊ་ལྡན།

སྐད་ཡིག་ཤི་བའི་གྱོང་རྒུད།

མཁས་དབང་མང་དག་ཅིག་གིས་མགྲིན་གཅིག་ཏུ་སྐད་ཡིག་ནི་མི་རིགས་དེའི་ཐོ་ཡིག་དང་རྟགས་མཚན། དྲན་རྟེན་གྱི་རྡོ་རིང་ལྟ་བུ་སོགས་ཆེ་བསྟོད་བྱེད་ཀྱི་ཡོད་ལ་དོན་དུ་གནས་འདུག་སྙམ།  གལ་སྲིད་མི་རིགས་དེའི་སྐད་ཡིག་ཉམས་ཚེ་མི་རིགས་དེའི་མཚོན་རྟགས་བོར་བ་དང་ཐོ་ཡིག་ནོགས་པ།  དྲན་རྟེན་གྱི་རྡོ་རིང་་ཉིལ་བ་ཡིན་པས་མི་རིགས་དེ་ནི་རྣམ་ཤེས་བོར་བའི་བེམ་པོ་ལྟར་གཏད་སོ་ཅི་ཡང་མེད་པར་གྱུར་བ་རེད།  གང་ལྟར་མི་རིགས་ཤིག་གི་སྐད་ཡིག་ཉམས་ཚེ་མི་རིགས་ཤིག་ཤི་བ་རེད།   དེ་དང་མཉམ་དུ་སྐྱེ་བོ་གྲངས་མེད་ཅིག་གིས་དུས་རབས་དུ་མར་བསགས་པའི་ཤེས་བྱ། གསོ་རིག་དང་ལྷ་སྒྲུང་།   བསམ་བློ་དང་ཀུན་སྤྱོད། བསམ་པའི་འདུ་ཤེས་འཛིན་སྟངས། མི་རིགས་དེ་ཉིད་ཀྱི་མི་ཚེའི་ལྟ་བ་དང་འཇིག་རྟེན་ལྟ་བ་སོགས་ཀྱི་ཤེས་བྱ་གྲངས་ལས་འདས་པ་ཞིག་མཉམ་དུ་ཤི་བ་རེད།   དེ་འདྲའི་སྐད་དང་ཡི་གེ་ཇི་ལྟར་ཇེ་ཉུང་དུ་སོང་བ་དེ་ལྟར་དུ་མིའི་འཇིག་རྟེན་དུ་བསམ་བློ་དང་རིག་གནས་སྣ་ཁ་ཇེ་ཉུང་དུ་འགྲོ་བ་ཡིན་པས།   མིའི་རིགས་སྤྱི་ལ་གསབ་དཀའ་བའི་གྱོང་རྒུད་ཤིན་ཏུ་ཆེ།    དེ་ལྟར་ ༡༩༩༢ ལོར་ཁ་ན་ཏར་རྒྱལ་སྤྱིའི་སྐད་ཡིག་ཚོགས་ཆེན་སྐབས་སུ་མཁས་པ་ཐམས་ཅད་ཀྱི་ཚིག་གཅིག་བློ་འབབ་བྱས་ཏེ།   གཅིག་གང་ཞེ་ན།     སྐད་རིགས་གང་ཞིག་ནུབ་པར་གྱུར་ཀྱང་རུང་མིའི་རིགས་སྤྱི་ལ་གསོ་ཐབས་མེད་པའི་གྱོང་རྒུད་ཅིག་ཡིན་ཞེས་པ་དེའོ།།

གང་ལྟར་མི་རིགས་གང་འདྲ་ཞིག་ཡིན་རུང་གནའ་རབས་ནས་བརྒྱུད་པའི་རིག་གཞུང་ཐུན་མོང་མ་ཡིན་པ་ཞིག་ལོ་རྒྱུས་ཀྱི་རང་བཞིན་གྱི་ཐོག་ནས་གྲུབ་ཡོད།   རིག་གཞུང་གི་རྟེན་གཞི་གཙོ་བོ་སྐད་ཡིག་ཡིན་ཞིང་སྐད་ཡིག་ཉམས་ཆག་ཏུ་ཕྱིན་ཚེ་རིག་གཞུང་རྨེག་མེད་སོང་བ་རེད།    ཧ་ལིན་གྱིས་སྐད་ཡིག་རེ་རེ་མིའི་རིགས་ཀྱི་ཤེས་བྱའི་མཛོད་ཁང་ཆེན་མོ་རེ་ཡིན་ནོ་ཟེར་བ་ལྟར།     དེ་ལྟར་སྐད་ཡིག་མང་དག་ཅིག་སྲུང་སྐྱོབ་མི་བྱ་བར་ནུབ་ཏུ་བཅུག་ཚེ་དོན་དམ་འཛམ་གླིང་འདིའི་ཐོག་ནས་ཤེས་རིག་གི་མཛོད་ཁང་རེ་བརླག་ཏུ་བཅུག་པ་རེད། ཉིན་ཞིག་གོ་ལ་འདིའི་སྟེང་ཤེས་རིག་གི་མཛོད་ཁང་ཇེ་ཉུང་ཇེ་ཉུང་དུ་ཕྱིན་ནས་གཅིག་ལས་མ་ལྷག་ཚེ།    གོ་ལ་འདི་ནི་སྤུ་མེད་ཀྱི་ཀླད་དམར་ཞིག་ལྟར་མཛེས་སྡུག་ཅི་ཡང་མེད་པར་གྱུུར་བ་རེད།     དེར་བརྟེན་འཛམ་གླིང་གི་སྐྱེ་བོ་སུ་འདྲ་ཞིག་ཡིན་ཀྱང་ད་ལྟ་འཛམ་གླིང་འདི་ན་འཚོ་ཞིང་བཞུགས་པའི་སྐད་ཡིག་རྣམས་སྲུང་སྐྱོབ་བྱེད་རྒྱུ་ནི་ཡོད་ཚད་ཀྱི་འོས་འགན་ཞིག་རེད།   དེ་བཞིན་དུ་རང་རེ་བོད་ལ་མཚོན་ན་བོད་ཀྱི་སྐད་ཡིག་དང་རིག་གནས་ཐམས་ཅད་ནུབ་པར་གྱུར་ན་བོད་མི་ཡོངས་རྫོགས་མཉམ་ཤི་བྱས་པ་དང་མཚུངས་པས་ང་ཚོ་ལ་དེ་ལས་ཆེ་བའི་གྱོང་གུད་ཅིག་གཏན་ནས་མེད།   བོད་ཙམ་མ་ཟད་འཛམ་བུ་གླིང་ལ་གྱོང་གུད་ཧ་ཅང་ཆེ་བ་ཞིག་ཡིན་ཏེ།   ད་ལྟ་འཛམ་གླིང་ཐོག་ལ་ནང་ཆོས་ཀྱིས་གོ་ས་མཐོན་པོར་བཟུང་ཡོད་ལ་ནང་ཆོས་ཉམས་ལེན་བྱེད་མཁན་མི་གྲངས་མང་དག་ཅིག་ཡོད།   དེ་དག་གིས་ཉམས་ལེན་བྱེད་བཞིན་པའི་རིག་གཞུང་དེ་བོད་ཀྱི་སྐད་ཡིག་དང་ཟུང་དུ་སྦྲེལ་ཡོད། དེར་བརྟེན་ང་ཚོས་འཛམ་གླིང་སྤྱིའི་གྱོང་གུད་དང་སྒོས་སུ་རང་རེ་ལ་གྱོང་གུད་མ་ཕོག་པའི་ཆེད་དུ་སྐད་ཡིག་བདག་པོ་རྒྱག་རྒྱུ་ནི་ཧ་ཅང་གི་གལ་ཆེན་ཞིག་ཡིན་ནོ།།

དེ་སྔོན་མི་རིགས་གང་དག་གིས་སྐད་ཡིག་སྲུང་སྐྱོབ་བྱ་མ་ཐུབ་ནས་སྐྱོན་ཆ་བྱུང་བ་།
སྐད་ཡིག་ཤི་བ་ནི་འཛམ་གླིང་ཡོངས་སུ་ཡོད་པའི་སྣང་ཚུལ་ཞིག་རེད།   དེ་ལྟར་དུས་རབས་ཉི་ཤུའི་ནང་དུ་སྐད་ཡིག་སྟོང་གཅིག་ཙམ་ནུབ་པར་བཤད་ལ་མ་འོངས་ལོ་བརྒྱའི་ནང་ད་ལྟའི་སྐད་ཡིག་གི་བརྒྱ་ཆ་ལྔ་བཅུ་ཐམ་པ་ནུས་མེད་དུ་འགྱུར་ཞེས་མཁས་པ་མང་པོས་གླེང་།   དཔེར་ན།   སྔར་ཨ་རིའི་བྱང་མར་སྐད་རིགས་མི་འདྲ་བ་ ༡༠༠༠ ཡོད་ཀྱང་ད་ལྟ་ ༡༠ གྲངས་ཙམ་ལས་མེད་སྐད།༡༩༨༡ ལོར་ཁ་ན་ཏར་ཡུལ་སྐད་ ༥༠ ཙམ་ཡོད་ཀྱང་༡༩༩༦ ལོར་སྨྲ་མཁན་མི་མང་ཙམ་ཡོད་པའི་སྐད་རིགས་གསུམ་ལས་ལྷག་མེད།   ཨོ་སེ་ཐྲོ་ལི་ཡར་དུས་རབས་ ༡༨ སྐབས་ཡུལ་སྐད་ ༢༥༠ ཙམ་ཡོད་ཀྱང་ད་ལྟ་ ༢༤ ལས་ལྷག་མེད།ཀྲུང་གོའི་ཐོའུ་ཅ་མི་རིགས་ལ་ད་ལྟ་ས་ཡ་བརྒྱད་ཡོད།   འོན་ཀྱང་དེའི་ནང་ན་མི་རིགས་རང་གི་སྐད་ཤེས་མཁན་བརྒྱ་ཆ་གཅིག་ལས་ཟིན་མེད་སྐད་སོགས་སྐད་ཡིག་ཉམས་པའི་ལོ་རྒྱུས་མང་དག་ཅིག་མངོན་དུ་ཡོད།   དེ་འདྲའི་སྐད་ཡིག་མང་པོ་ཉམས་དགོས་པའི་རྒྱུ་མཚན་དེད་ཚེ་མི་རིགས་རང་གིས་རང་གི་སྐད་ཡིག་སྐྱོན་དུ་མཐོང་ནས་སྲུང་སྐྱོབ་བྱེད་པའི་འདོད་པ་བརླག་པའི་སྐྱོན་དང་།   ཡང་ན་ཕྱིའི་རྐྱེན་ཞིག་ལ་བརྟེན་ནས་སྲུང་སྐྱོབ་ཀྱི་ནུས་པ་ཤོར་བའི་སྐྱོན་གྱིས་ཡིན་ངེས།    དེ་ལྟར་སྐད་ཡིག་སྲུང་སྐྱོབ་བྱེད་མ་ཐུབ་པར་སྐྱོན་ཆ་བྱུང་བའི་དཔེ་མཚོན་གཙོ་བོ་ནི།   ང་ཚོ་དང་ཅུང་ཁ་ཐག་ཉེ་ཞིང་རྒྱུན་དུ་ཐོས་རྒྱུ་ཡོད་པའི་མན་ཇུ་མི་རིགས་ཀྱི་སྐད་ཡིག་ཉམས་སྟངས་སྐོར་ཡིན།   སྤྱི་ལོ་ ༡༦༤༤ ལོར་རྒྱ་ནག་གི་ཧེ་ལོང་ཅང་སོགས་ན་གནས་པའི་མན་རིགས་ཀྱི་དམག་གིས་འགག་སྒོ་བརྟོལ་ནས་རྒྱ་ནག་གི་ཡུལ་རྣམས་དབང་དུ་བསྡུས་པ་དང་།   དེ་ནས་སྔར་རྒྱལ་ས་ཧྲིན་ཡང་ན་ཡོད་པ་ལས་དེང་གི་རྒྱལ་ས་པེ་ཅིང་དུ་སྤོས་ནས་ཆིང་རྒྱལ་རབས་བཙུགས།   དབང་བསྒྱུར་པའི་དགོས་མཁོའི་དབང་གིས་རྒྱལ་ཡོངས་ཀྱི་ས་གནད་ཆེ་ས་ཐམས་ཅད་མི་རིགས་ཀྱི་དཔོན་རིགས་དེ་དག་དང་དམག་བཅས་བགོས་ནས་བཅའ་སྡོད་བྱས།   འོན་ཀྱང་ཉེ་འཁོར་གྱི་ཡུལ་གྲུ་ཆེན་པོ་ན་གནས་པ་ཐམས་ཅད་རྒྱའི་མི་དམངས་ཡིན །   དབང་བསྒྱུར་པའི་སེམས་སུ་རྒྱའི་སྐད་ཡིག་མ་ཤེས་པ་སྐྱོན་དུ་མཐོང་ནས་རྒྱའི་སྐད་ཡིག་བསླབ་འགོ་བཙུགས།   དུས་ཡུན་རིང་པོ་སོང་བ་ན་རྒྱ་དང་འབྲེལ་འདྲེས་སོང་བ་མ་ཟད་རྒྱའི་སྐད་ཡིག་དང་རིག་གནས་བསླབ་པའི་ཤུགས་ཇེ་ཆེར་སོང་།   དེ་ལྟར་ཐོག་མར་རྒྱའི་རྣམ་པར་གྱུར་བའི་མན་རིགས་ནི་ས་གནས་སོ་སོར་གནས་པའི་དཔོན་རིགས་རྣམས་ཡིན་པ་དང་།  བར་དུ་འགྱུར་བ་ནི་པེ་ཅིང་གྲོང་ཁྱེར་ན་ཡོད་པའི་མན་རིགས་རྣམས།   ཐ་མར་འགྱུར་བ་ནི་ཧེ་ལོང་ཅང་སོགས་བྱང་ཤར་གྱི་ཞིང་ཆེན་གསུམ་སྟེ་མན་རིགས་ཀྱི་ཕ་ཡུལ་ན་ཡོད་པ་རྣམས་ཡིན།   ད་ལྟ་འགྲིམ་འགྲུལ་སྟབས་མི་བདེ་ཞིང་གཞན་དང་འབྲེལ་འདྲེས་ཉུང་པའི་རི་གྲོང་རེ་ཟུང་ལ་མན་རིགས་སྨྲ་མཁན་གྱི་རྒས་པོ་འགའ་རེ་ཡོད་པ་སྣང་ལ་དེ་དག་ནི་མན་སྐད་སྨྲ་མཁན་མཐའ་མ་ཡིན་སྐད།     

༼མན་ཇུའི་སྐད་ཡིག་ཉམས་པའི་རྒྱུ་རྐྱེན་གཙོ་བོ་གསུམ།༽

སྐད་ཡིག་རྒྱ་བསྐྱེད་གཏོང་བའི་ཐོག་མའི་བསམ་བློ་མ་འདང་པ།
དཔོན་རིགས་རྣམས་ཀྱིས་རྒྱའི་སྐད་ཡིག་བསླབ་པར་ནན་སྐུལ་བྱས་པ།

མི་རིགས་གཞན་གྱི་ཁྲོད་དུ་ཁ་འཐོར་དུ་གནས་པ།
མི་རིགས་གང་འདྲ་ཞིག་གི་སྐད་ཡིག་ཉམས་པ་ཡིན་ན་དེ་ལ་རྒྱུ་རྐྱེན་མང་དག་ཅིག་ཡོད་དེ།  མན་ཇུ་ནི་གཙོ་བོར་གོང་དུ་ལབ་པའི་རྒྱུ་རྐྱེན་གསུམ་གྱི་ཐོག་ནས་སྐད་ཡིག་ཉམས་ཆག་ཏུ་ཕྱིན་པར་སྙམ།   སྟོབས་འབྱོར་ལྡན་པའི་མི་རིགས་ཤིག་གིས་མི་རིགས་གཞན་ཞིག་དབང་འོག་ཏུ་བསྡུས་ཚར་བའི་རྗེས་མི་རིགས་དེ་རྩ་མེད་བཟོ་བའི་ཐུན་མོང་གི་ཐབས་ལམ་གཅིག་ཡོད་པ་ནི་མི་རིགས་དེའི་སྐད་ཡིག་རྩ་མེད་བཟོ་རྒྱུ་དེ་རེད།   འོན་ཀྱང་མན་ཇུ་མི་རིགས་ཀྱིས་ཐབས་ལམ་དེ་ལས་ཡོངས་སུ་ལྡོག་སྟེ་སོ་སོ་རང་ཉིད་ཀྱིས་དབང་འོག་ཏུ་བསྡུས་པའི་རྒྱ་མི་རིགས་ཀྱི་སྐད་ཡིག་སྦྱངས་པ་རེད།    སྐབས་དེར་མན་ཇུའི་དཔོན་རིགས་རྣམས་ཀྱི་སེམས་སུ་རྒྱ་ནག་གི་སྐད་ཡིག་སྦྱང་ན་རྒྱ་མི་རིགས་དབང་བསྒྱུར་བྱེད་པའི་མགྱོགས་ལམ་དེ་ཡིན་དྲན་པ་ལས། མན་རིགས་རང་ཉིད་ཀྱི་སྐད་ཡིག་རྒྱ་བསྐྱེད་བཏང་ནས་རྒྱ་ནག་རྣམས་མན་རིགས་སུ་བསྒྱུར་རྒྱུའི་བསམ་བློ་དེ་བཏང་ཐུབ་མེད།    དེར་བརྟེན་མན་རིགས་ཀྱི་དཔོན་རིགས་ཚོས་རང་ཉིད་དང་རང་ཉིད་ཀྱི་བྱིས་པ།    རང་གི་དབང་འོག་ཏུ་ཡོད་པའི་འབངས་མི་རྣམས་རྒྱའི་སྐད་ཡིག་སྦྱང་དུ་བཅུག་ནས་མཐར་རང་ཉིད་ཀྱི་སེམས་ལ་ཡང་འཁོར་མི་ཐུབ་པའི་ད་ལྟའི་གནས་སྟངས་འདིའི་གནས་སུ་བསྐྱལ་བ་རེད།དེ་བཞིན་དུ་གོང་དུ་ལབ་པ་ལྟར་མན་ཇུས་རྒྱ་ནག་དབང་འོག་ཏུ་བསྡུས་ཚར་བའི་རྗེས་ལ་དབང་བསྒྱུར་པའི་དགོས་མཁོའི་དབང་གིས་རྒྱ་ནག་གི་ས་གནད་ཆེ་ས་དཔོན་རིགས་རྣམས་ལ་བགོས་ནས་བཅའ་སྡོད་བྱས།   སྤྱིར་མན་ཇུའི་མི་རིགས་ནི་རྒྱ་མི་རིགས་ཀྱི་གྲངས་དང་བསྡུར་ན་ལྡབ་ཁ་ཤས་ཀྱིས་ཉུང་བའི་ཁར་དེ་ལྟར་ཁ་འཐོར་རུ་བསྡད་དུས།   རིག་གནས་ཀྱི་སྟོབས་ཤུགས་གཅིག་ཏུ་སྦྲེལ་མ་ཐུབ་པ་དང་།ས་གནད་སོ་སོར་བསྡད་པའི་དཔོན་རིགས་རྣམས་ཀྱིས་གནས་སྐབས་རང་གི་དགོས་མཁོ་ཡི་ཆེད་དུ་གཞན་དང་འབྲེལ་འདྲེས་ཇེ་ཆེ་གྱུར་བས། མཐར་མན་རིགས་ཀྱི་མི་གྲངས་ལས་ལྡབ་ཀྱིས་མང་བའི་རྒྱ་མི་རིགས་ཀྱི་སྐད་ཡིག་དང་རི་གནས་ཀྱིས་ཤན་ཤུགས་ཐེབས་ནས་མི་རིགས་དེ་ཡོངས་སུ་ཉམས་པ་རེད།

གང་ཞིག་གིས་སྲུང་སྐྱོབ་བྱས་ནས་དགེ་མཚན་བྱུང་པའི་སྐོར།
སྤྱིར་འཛམ་གླིང་འདིའི་ཐོག་སྐད་ཡིག་སྲུང་སྐྱོབ་བྱས་ནས་མི་རིགས་དེ་གོ་ལ་འདིའི་ཐོག་འགྱིང་ངེར་གནས་པའི་ལོ་རྒྱུས་མང་པོ་ཞིག་མཆིས་མོད།   མི་རིགས་རང་ཉིད་ཀྱི་སྐད་ཡིག་ཁོ་ན་ལས་མི་ཤེས་པའི་མི་ཞིག་གིས་དེའི་སྐོར་གླེང་བ་ནི་འཆད་ཉན་གཉིས་ཀྱི་དུས་ཚོད་འཕྲོག་བརླག་ཙམ་དུ་ཟད་པས།   དེ་ལས་ངས་བོད་མི་རིགས་རང་གིས་རང་གི་སྐད་ཡིག་སྲུང་སྐྱོབ་བྱས་ནས་དགེ་མཚན་བྱུང་བ་བཤད་ན་ཅུང་འཚམ་པར་སྙམ། ལོ་མང་པོའི་སྔོན་སྟེ་བོད་པ་རང་བཙན་གཙང་མ་ཡོད་པའི་སྐབས་སུ་བོང་ནང་དགོན་སྡེ་ཁག་གི་གྲྭ་བཙུན་རིགས་མ་གཏོགས།མང་ཚོགས་བྱིངས་སློབ་སྦྱོང་ལ་དོ་སྣང་མེད་པས་ཡི་གེ་ཤེས་མཁན་ཉུང་ཉུང་ཡིན་པ་ང་ཚོས་ཁས་ལེན་མ་བྱས་ཀ་མེད་ཡིན། འོན་ཀྱང་།   སྤྱི་ལོ་ ༡༩༤༩ ཡས་མས་སུ་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱེད་འགོ་བཙུགས་ནས་བོད་མིའི་ལས་དབང་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་རེད།    དེ་སྔོན་ཤེས་ཡོན་གྱི་ལྟེ་གནས་སུ་གྱུར་བའི་དགོན་སྡེ་ཡོད་ཚད་ཐལ་བར་བཏང་བ་དང་།    གདུག་རྩུབ་ཆེ་བའི་ལས་འགུལ་འདྲ་མིན་ཁྲོད་བོད་མིའི་ཆོས་དང་རིག་གཞུང་ལ་ཉམས་ཉེས་གས་ཆག་ཚབ་ཆེན་ཤོར་བ་རེད།   མ་གཞི་སྐབས་དེར་རྒྱ་དམར་གཞུང་གིས་བོད་ས་གང་སར་སློབ་གྲྭ་གང་མང་ཞིག་བཙུགས་ཡོད་མོད་།   འོན་ཀྱང་དམར་པོའི་ལྟ་སྤྱོད་སྤྱི་དང་བྱེ་བྲག་མོའོ་ཙེ་ཏུང་གི་རྩོམ་བཏུས་མང་པོ་ཞིག་བོད་བསྒྱུར་བྱས་ནས་སློབ་བཅུག་པས།   བོད་མིའི་ལམ་དང་ལུགས་སྲོལ་གཉིས་ཀར་འགྱུར་བ་ཆེན་པོ་ཐེབས་ཡོད་པ་སྨོས་མི་དགོས།   གང་ལྟར་སྐབས་དེར་བོད་ཡིག་གི་ནང་དོན་ཆ་ནས་སྔ་མོ་བཅུ་ཕྲག་རིག་པ་དང་ལྷག་པར་དུ་ནང་དོན་རིག་པ་རྐྱང་བྲིས་ནས་བསྡད་པ་དེ་འདྲ་མ་ཡིན་པར།དམར་ཤོག་ཀྱི་ལྟ་བ་ཁོ་ནས་ཁེངས་ཡོད་པས།བོད་སྐད་ཡིག་ནི་དམར་པོའི་ལྟ་བ་སློབ་སྦྱོང་བྱེད་སྤྱད་ཀྱི་ལག་ཆ་ཙམ་ལས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་པའི་ནུས་པ་གཏན་ནས་མེད་པར་གྱུར་ཡོད།

༼རང་མི་རིགས་ཀྱི་ཚེ་སྲོག་དང་རིག་གཞུང་། སྐད་ཡིག་བཅས་ལ་གནོད་སྐྱོང་ཚབ་ཆེན་གཏོང་བྱེད་ཀྱི་སྟ་རེ།༽

བའི་བཅིངས་འགྲོལ།          དམངས་གཙོ་བཅོས་བསྒྱུར།                 རིག་གནས་གསར་བརྗེ།        རྙིང་བཞི་རྩ་གཏོར།

སྤྱི་ལོ་ ༡༩༨༠ ཙམ་ནས་རྒྱ་ནག་གི་སྲིད་ཇུས་ཅུང་གུ་ཡངས་ཀྱི་རྣམ་པ་ཐོན་པ་དང་ལྷན། འཆི་ལ་ཁད་པའི་ང་ཚོའི་སྐད་ཡིག་སྲུང་སྐྱོབ་ཡོང་བར་འཇུ་ས་ཞིག་རག་སྟེ།བཙོན་ནས་གློད་པའི་དགེ་བཤེས་ལྷག་བསམ་ཅན་ཁག་ཅིག་གཞོན་སྐྱེས་ལ་རྒྱ་ཅན་སྐོར་ཞིག་ལྷག་ཏུ་པཎ་ཆེན་རིན་པོ་ཆེ་སོགས་ཀྱིས་རྒྱ་གཞུང་ནས་ཁྲིམས་ཀྱི་ནང་དོན་ལག་བསྟར་དགོས་པའི་ཞུ་བསྐུལ་གྱིས།   རང་སྐྱོང་ས་ཁོངས་སྤྱི་མཚུངས་ལྟར་བོད་ལ་ཡང་ལྗོངས་དང་ཞིང་ཆེན་ལྔའི་མཉམ་བསྒྲིགས་སློབ་གཞི་བརྩམས་ཏེ།  རང་སྐྱོང་གི་རྫོང་དང་ས་ཁུལ།ལྗོངས་སོགས་སུ་སློབ་ཆུང་ནས་སློབ་གྲྭ་ཆེན་མོ་བར་རྒྱའི་སྐད་ཡིག་ཙམ་ལས་བསླབ་གཞི་ཡོངས་བོད་ཡིག་ནང་སློབ་ཁྲིད་ཀྱི་གོ་སྐབས་བྱུང་བ་རེད།   དེ་ལྟར་བོད་ཡིག་སྟེང་སྔར་མེད་ཀྱི་གསར་ཤོག་དང་དུས་དེབ་ཀྱི་རིགས་བརྒྱ་ཕྲག་བརྒལ་བ་བྱུང་ཡོད་ཅིང་།   ནུབ་ཕྱོགས་དང་རྒྱ་ནག་སོགས་ཀྱི་རིག་གནས་སྣ་ཚོགས་བོད་བསྒྱུར་བྱེད་ཐུབ་པ་མ་ཟད་བོད་མི་རང་གིས་དེང་རབས་ཀྱི་སྒྲུང་རྩོམ་དང་།  སྙན་ངག་གསར་པ།   དཔྱད་རྩོམ་རིགས་སོགས་ཁྲི་ཚོ་བྲིས་ཐུབ་ཡོད།   གང་ལྟར་བཀའ་དྲིན་བླ་མེད་ཀྱི་པཎ་རིན་པོ་ཆེ་གཙོས་བོད་ཀྱི་མཁས་དབང་རྣམས་ཀྱི་སྙིང་སྟོབས་དང་སྡུག་རུས་ལ་བརྟེན་ནས་རྒྱ་གཞུང་གིས་ཐབས་ལམ་འདྲ་མིན་སྤྱད་ནས་སྐད་ཡིག་གསོད་པར་བརྩམས་ཀྱང་མ་ཉམས་པར།   ད་ལྟ་འཛམ་གླིང་འདིའི་ཐོག་བོད་ཀྱི་སྐད་ཡིག་སྔར་བཞིན་གནས་ཡོད་ལ།རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ལྔ་བཅུ་ལྷག་གི་ཁྲོད་དུ་སྐད་ཡིག་ཉམས་ཆག་འགྲོ་ཆུང་ཤོས་ཀྱི་གྲལ་ལ་སླེབས་ཡོད་པས།   ང་ཚོས་དུས་རྟག་ཏུ་པཎ་ཆེན་རིན་པོ་ཆེ་གཙོས་མཁས་དབང་རྣམས་ཀྱི་བཀའ་དྲིན་གཏན་ནས་བརྗེད་མི་རུང་། ༧གོང་ས་མཆོག་གིས"ང་ཚོའི་སྐད་ལ་ཡི་གེ་ཡོད།   ཡི་གེ་དེའང་ལེགས་སྦྱར་སྐད་དང་གདན་ཐོབ་འདྲ་འདྲར་གནས་པ་ང་ཚོ་བོད་ཀྱི་སྐད་ཡིག་ཆགས་བསྡད་ཡོད་པ་མ་གཏོགས།བོད་པའི་སྐད་ཡིག་སྐྱོ་བོ་མ་རེད།དེ་བས་ང་ཚོའི་སྐད་ཡིག་དངོས་གནས་སྤོབས་པ་སྐྱེ་འོས་པ་ཞིག་རེད་མ་གཏོགས།ངོ་ཚ་དགོས་ཡག་གི་སྐད་ཡིག་མ་རེད།དེ་འདྲའི་སྐད་ཡིག་ཅིག་ཡོད་བཞིན་དུ་དེ་ལ་བདག་པོ་མ་བརྒྱབ་ན་ལྐུགས་པ་རེད།བྱབ་ཆུང་རེད།   དེ་ལ་བདག་པོ་ཡག་པོ་རྒྱག་དགོས"ཞེས་པའི་གསུང་ཚིག་འདིས་མཇུག་བསྡུས་པ་ཡིན།

མཐའ་དོན་ནགས་ལྷ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་རྣམས་ཀྱིས་རང་རེ་བདེ་སྡུག་ཕྲག་ཏུ་འཁུར་ཞིང་བཀའ་སྡུག་ཡོད་ཚད་ལ་གདོང་ལེན་བྱས་ནས་ལོ་ལྟར་ནགས་ལྷའི་སྒྲོན་མེ་འཇིག་རྟེན་འདིར་ཕུད་པ་མ་ཟད།ནགས་ཤོད་འབྲི་རུའི་སློབ་མ་རྣམས་ཀྱི་གནས་ཚད་གོང་མཐོར་ཡོང་བའི་ཆེད་དུ་ལོ་ལྟར་བརྡ་སྤྲོད་རིག་པའི་བགྲོ་གླེང་གོ་སྒྲིག་གནང་བ་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ།

 

 

 

རྩོམ་ཡིག་འདི་ཐེངས་ 1775 བཀླགས་འདུག

ཤོག་ངོས་འདི་ཐེངས་ 467 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

 གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།

རིག་གནས་གསར་ཤོས།

སྐད་ཡིག་ནི་ཚེ་སྲོག་དང་འབྲེལ།

སྡེ་ཚན། སྐད་ཡིག | ཟླ་ཚེས་ 14-04-2018 | ཀློག་གྲངས། 2895

སྐད་ཡིག་ནི་ཚེ་སྲོག་དང་འབྲེལ། མེས་པོའི་ཚེ་སྲོག་ལས་གྲུབ་པའི་བོད་ཀྱི་སྐད་ཡིག  །སྦྲ་ནག་གྲུ་བཞ... བཀླགས་འཕྲོ...

ཤན་སྐད་དྭངས་གསལ་གྱི་ལམ་སྟེགས།

སྡེ་ཚན། སྐད་ཡིག | ཟླ་ཚེས་ 14-04-2018 | ཀློག་གྲངས། 2819

བོད་མི་རིགས་ལ་དུང་ཞེན་ཆེ་ཞིང་གནའ་དེང་གི་རིག་གཞུང་ལ་སྦྱངས་མཐར་ཕྱིན་པའི་ཁ་བ་ཅན་པའི་མཁས་མིང་འ... བཀླགས་འཕྲོ...

བརྡ་སྤྲོད་རིག་པའི་གཞུང་ལས་མིང་…

སྡེ་ཚན། བརྡ་སྤྲོད། | ཟླ་ཚེས་ 14-04-2018 | ཀློག་གྲངས། 4354

འགྲོ་བའི་རྨོངས་ཆེན་སེལ་བའི་ཕྱིར། །མགོན་པོས་མིང་ནི་གདགས་པར་མཛད། །ཅེས་འགྲོ་བའི་མི་ཤེས་པའི་རྨ... བཀླགས་འཕྲོ...

མཆན་མང་ཤོས།