- མདུན་ངོས།
- རིག་གནས།
- བརྡ་སྤྲོད།
- བོད་ཡིག་འདི་ཉིད་ད་ལྟའི་སྐབས་སུ་སྤྱོད་སྒོ་ཇི་ཙམ་ཡོད་པ་དང་།
Sat 14 Apr 2018
བོད་ཡིག་འདི་ཉིད་ད་ལྟའི་སྐབས་སུ་སྤྱོད་སྒོ་ཇི་ཙམ་ཡོད་པ་དང་།
བོད་ཡིག་འདི་ཉིད་ད་ལྟའི་སྐབས་སུ་སྤྱོད་སྒོ་ཇི་ཙམ་ཡོད་པ་དང་། མ་འོངས་པར་ཇི་ལྟར་འགྱུར་སྲིད་པའི་སྐོར།
༼༢༠༡༥ ལོའི་བགྲོ་གླེང་སྣེ་ཁྲིད་པའི་རྩོམ་ཤོག །༽
དཀོན་མཆོག་རབ་བརྟན།
༡༽སྤྱོད་སྒོའི་གོ་དོན།
"ད་ལྟའི་སྐབས་སུ་བོད་ཡིག་འདི་ཉིད་སྤྱོད་སྒོ་ཇི་ཙམ་ཡོད"ཅེས་པའི་བརྗོད་གཞི་འདིའི་ཐོག་ལ་སྐད་ཆ་མ་བཤད་གོང་དུ། ང་ཚོས་ཐོག་མར་"སྤྱོད་སྒོ་"ཞེས་པའི་ཚིག་འབྲུ་འདི་གཉིས་ཀྱི་གོ་བ་ཡག་པོ་ཞིག་ལོན་པར་བྱེད་རྒྱུ་གལ་ཆེ་བ་སྣང་། གལ་སྲིད་ང་ཚོས་ཚིག་དེ་གཉིས་ཀྱི་དོན་ཡག་པོ་ཞིག་མ་རྟོགས་པ་ཡིན་ན། དེའི་སྐོར་ལ་སྐད་ཆ་བཤད་ཐབས་བྲལ་བ་དང་བཤད་ཀྱང་གནད་ལ་མི་འཁེལ་བ་ཞིག་ཡིན་པ་སྨོས་ཅི་ལ་དགོས། དེ་བས་ཐོག་མར་ང་ཚོས་"སྤྱོད་སྒོའི་"དོན་གསལ་པོ་ཞིག་རྟོགས་པ་བྱས་ནས། དེ་རྗེས་ད་ལྟའི་སྐབས་སུ་བོད་ཡིག་ལ་"དེ"ཇི་ཙམ་ཡོད་མེད་བལྟས་ན་གསལ་པོ་ཆགས་པར་མཐོང་། བདག་གིས་བལྟས་ན། སྤྱོད་སྒོ"ཞེས་པའི་ཚིག་འདིའི་དོན་ངོ་མ་ནི་"ཕན་ཐོགས"དང་"དགོས་མཁོ"ཡིན་པ་མཐོང་སྟེ། དཔེར་ན། ང་ཚོས་ཅ་དངོས་གང་རུང་ཞིག་ལ་སྤྱོད་སྒོ་ཡོད་མེད་གླེང་སྐབས། དོན་དངོས་སུ་ང་ཚོས་ཅ་དངོས་དེས་ང་ཚོའི་འཕྲལ་ཕུགས་ཀྱི་འཚོ་གནས་ལ་ཕན་ཐོགས་མིན་དང་དགོས་མཁོ་ཡོད་མེད་གླེང་གི་ཡོད། དེར་བརྟེན་སྐབས་བབས་ཀྱི་བརྗོད་གཞི་"ད་ལྟའི་སྐབས་སུ་བོད་ཡིག་ལ་སྤྱོད་སྒོ་ཇི་ཙམ་ཡོད་པ"་གླེང་དུས། དོན་དངོས་སུ་དུས་རབས་ཉེར་གཅིག་འདིའི་ནང་དུ་ང་ཚོའི་འཚོ་གནས་ལ་བོད་ཡིག་འདི་ཉིད་དགོས་མཁོ་དང་ཕན་ཐོགས་ག་ཚོད་ཡོད་ཅེས་པའོ།།
༢༽ཤེས་ཡོན་སློབ་གསོ་ལ་བོད་ཡིག་སྤྱོད་སྒོ་ཆུང་བ།
འདས་པའི་དུས་རབས་དག་གི་ནང་དུ་དཔའ་རྩལ་དང་དཔུང་པས་འཇིག་རྟེན་ཁ་ལོ་བསྒྱུར་བར་སྣང་སྟེ། སུ་ལ་(རྒྱལ་ཁབ་དང་མི་སྒེར)་དཔའ་དང་དཔུང་པ་ཡོད་ན་འཛམ་གླིང་དེ་ལ་དབང་བ་གྷི་རིག་རྒྱལ་པོ་ལ་ལག་ཛན་ཌར(Alexander the Great)་དང་སོག་པོའི་རྒྱལ་པོ་ཆིན་ཁི་སི་ཁང་གི་ལོ་རྒྱུས་ལས་ཤེས་ཐུབ། འོན་ཀྱང་ད་ལྟ་དུས་རབས་ཉེར་གཅིག་འདིའི་ནང་དུ་འཛམ་གླིང་དབང་སྒྱུར་བྱེད་པའི་སྟོབས་ཤུགས་དང་ནུས་པ་གཙོ་བོ་ནི་དཔལ་འབྱོར་དང་ཤེས་ཡོན་ཡིན་པ་མ་ཟད། དུས་རབས་འདིའི་ནང་འཚོ་གནས་བྱེད་པར་ཡང་དེ་གཉིས་དགོས་ངེས་ཀྱི་ཆ་རྐྱེན་གལ་ཆེན་ཞིག་ཡིན། དེ་ཡང་དཔལ་འབྱོར་དང་ཤེས་ཡོན་གཉིས་འབྲེལ་བ་ཤིན་ཏུ་ཆེ་བ་དང་། དཔལ་འབྱོར་ཡོད་ན་ཤེས་ཡོན་ཉོ་ཆོག་ཅིང་ཤེས་ཡོན་ལྡན་ན་དཔལ་འབྱོར་སྒྲུབ་ནུས། འཛམ་གླིང་གི་སྟོབས་ཤུགས་དང་འཚོ་གནས་ཀྱི་དགོས་མཁོ་ཡིན་པའི་ཤེས་ཡོན་དང་དཔལ་འབྱོར་ལེན་སྒྲུབ་བྱེད་པར་བོད་ཡིག་ཕལ་ཆེར་མི་དགོས་ཤིང་ཕན་ཐོགས་མེད། སྐད་ཆ་འདི་ནི་བོད་ཡིག་ལ་དུང་ཞིང་བརྩེ་བའི་བོད་པ་ཚོས་ཁས་ལེན་བྱེད་སྙིང་མི་འདོད་པ་ཞིག་ཡིན་མོད། འོན་ཀྱང་འདི་ནི་དངོས་ཡོད་ཅིག་ཡིན་པས་ཁས་ལེན་བྱས་དང་མ་བྱས་ལ་ཁྱད་པར་གཏན་ནས་མི་འགྲོ། དཔེར་ན། ང་ཚོས་དངོས་ཁམས་རིག་པ་དང་། རྫས་སྦྱོར་རིག་པ། སྐྱེ་ཁམས་རིག་པ་སོགས་ཀྱིས་གཙོས་པའི་ཚན་རིག་གྱི་ཤེས་བྱ་རྣམས་སློབ་སྦྱོང་བྱེད་པར་བོད་ཡིག་དགོས་སམ། ཡང་ན་ཡིན་གཅིག་མི་དགོས་ཀྱང་བོད་ཡིག་ལ་བརྟེན་ནས་དེ་དག་སློབ་སྦྱོང་བྱེད་ཐུབ་བམ། དེ་བཞིན་ང་ཚོས་བོད་ཡིག་ལ་བརྟེན་ནས་དཔལ་འབྱོར་རིག་པ་དང་། ཆབ་སྲིད་རིག་པ། ཁྲིམས་ལུགས། ས་ཁམས་རིག་པ་སོགས་སྤྱི་ཚོགས་ཚན་རིག་གི་ཤེས་བྱ་གང་ཡང་སློབ་སྦྱོང་བྱེད་མི་ཐུབ་པ་མ་ཟད། ཐ་ན་གློག་བརྙན་དང་རོལ་དབྱངས་བཟོ་སྟངས་དང་། གློག་ཀླད་དང་ཉེར་ཐོན་གྱི་འཕྲུལ་ཆས་དག་བེད་སྤྱོད་བྱེད་སྟངས(བཟོ་སྟངས་ཕར་ཞོག)ཀྱང་བོད་ཡིག་ལ་བརྟེན་ནས་ཤེས་པའི་གོ་སྐབས་ཡོད་དམ། དུས་རབས་ཉེར་གཅིག་ནང་འཚོ་གནས་བྱེད་པར་དེ་དག་ནི་མེད་ཐབས་མེད་པའི་མ་མཐའི་ཆ་རྐྱེན་ཡིན་ཡང་། བོད་ཡིག་ནང་དེ་དག་གི་སྣེ་གཅིག་ཀྱང་སྦྱོང་མི་ཐུབ་པས་"བོད་ཡིག་སྦྱངས་ནས་ཅི་བྱེད་དགོས་རེད"ཅེས་པའི་སྐད་ཆ་དེ་ལའང་་རྒྱུ་མཚན་གཏན་ནས་མེད་པ་མ་ཡིན་པར་མངོན།
ང་ཚོ་བོད་པ་ཚོས་དུས་རྒྱུན་བོད་ཡིག་གི་གལ་ཆེས་རང་བཞིན་བརྗོད་སྐབས། སྤྱིར་ནང་པ་སངས་རྒྱས་པའི་ཆོས་གལ་ཆེ་ཚུལ་དང་སྒོས་བོད་རྒྱུད་ནང་བསྟན་ནི་མེད་ཐབས་མེད་པའི་འཛམ་གླིང་གི་ནོར་བུ་ཞིག་ཡིན་པ་དང་། དེ་ལྟ་བུའི་རྩ་ཆེན་གྱི་རིག་གཞུང་ཞིག་སློབ་སྦྱོང་བྱེད་པར་བོད་ཡིག་ལ་མ་བརྟེན་ན་མེད་པས་བོད་ཡིག་ནི་འཛམ་གླིང་གི་མེད་ཐབས་མེད་པའི་སྐད་ཡིག་ཅིག་ཡིན་ཟེར། གནས་ཚུལ་དེ་ད་བར་བདེན་པ་ཡིན་མོད། འོན་ཀྱང་བཀའ་འགྱུར་བསྟན་འགྱུར་གྱིས་གཙོས་པའི་བོད་རྒྱུད་ནང་བསྟན་གྱི་བསྟན་བཅོས་རྣམས་དབྱིན་སྒྱུར་བྱེད་པའི་ལས་རིམ་དེས་ནང་ཆོས་སློབ་སྦྱོང་བྱེད་པར་ངེས་པར་དུ་བོད་ཡིག་ལ་བརྟེན་དགོས་པའི་གནས་ཚུལ་དེ་འགྱུར་བ་གཏོང་བཞིན་ཡོད་དེ། ད་ནས་བཟུང་བོད་རྒྱུད་ནང་བསྟན་སློབ་སྦྱོང་བྱེད་པར་ཡིན་གཅིག་བོད་ཡིག་མི་དགོས་པར་དབྱིན་ཡིག་ཐོག་ནས་ཀྱང་སློབ་སྦྱོང་བྱེད་ཐུབ། དེར་བརྟེན་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་འཚོ་གནས་ལ་བོད་ཡིག་གི་སྤྱོད་སྒོའམ་དགོས་མཁོ་ཤིན་ཏུ་ཆུང་བས། བོད་ཡིག་ནི་ཡོད་ན་འགྲིག་ལ་མེད་ནའང་ཆོག་པའི་སྐད་ཡིག་ཅིག་ཏུ་གྱུར་དང་འགྱུར་མུས་སུ་ཡོད།
༣༽ཉིན་རེའི་འཚོ་བའི་ནང་དུ་བོད་ཡིག་གི་སྤྱོད་སྒོ་ཆུང་བ།
ད་ལྟའི་དུས་རབས་འདི་དང་བོད་རྒྱལ་ཁབ་ཀྱི་ཡིད་སྐྱོ་བའི་གནས་སྟངས་འདིའི་འོག་ཏུ། བོད་མི་ཚོའི་(མི་རིགས་གཞན་དག་ཕར་ཞོག)ཉིན་རེའི་འཚོ་བའི་ནང་དུ་བོད་ཡིག་གི་སྤྱོད་སྒོའམ་དགོས་མཁོ་ཉིན་རེ་ནས་ཉིན་རེར་ཇེ་ཆུང་དུ་འགྲོ་བཞིན་ཡོད་དེ། དཔེར་ན་ཆེ་སྣ་འཛོམས་ཁྲོམ་རཱ་ནས་ཆུང་ཅ་དངོས་ཙག་ཙིག་ཉོ་སའི་ཚོང་ཁང་བར་བོད་ཡིག་བཀོལ་ཏེ་ཉོ་ཚོང་བྱེད་ས་ཞིག་ཧ་ལམ་མེད་པ་ནི། རྒྱུན་པར་བོད་ཡིག་དང་བོད་སྐད་ཁོ་ན་ལས་མི་ཤེས་པའི་བོད་མི་(རྒྱ་གར་ནག་གཉིས་ཀའི་ནང་དུ་ཡོད་པའི་བོད་མི)རྣམས་ཉོ་ཚོང་བྱེད་པར་འགྲོ་ཚེ། རྒྱ་སྐད་དང་ཧིན་སྐད་ཤེས་མཁན་རེ་ལྷན་དུ་འཁྲིད་དགོས་པའི་གནས་ཚུལ་དེས་གསལ་པོར་སྟོན་གྱི་འདུག་སྙམ། དེ་བཞིན་ཟ་མ་བཟའ་བར་འགྲོ་དུས། མི་རིགས་གཞན་གྱི་ཟ་ཁང་རྣམས་ལྟ་ཅི་སྨོས་བོད་པའི་ཟ་ཁང་དག་གི་ཟས་ཐོའང་བོད་ཡིག་ནང་བྲིས་པ་ཤིན་ཏུ་ཉུང་བས། བོད་ཡིག་ནི་ཟ་ཁང་ནང་དུ་འགྲོ་བར་ཡང་ཕན་མི་ཐོགས་པའི་ཚད་དུ་སླེབ་ཡོད།
སྔོན་ཆད་དང་གཏན་ནས་མི་འདྲ་བའི་དུས་རབས་ཉེར་གཅིག་འདིའི་ནང་དུ། འཕྲུལ་ཆས་དང་ཚན་རྩལ་གོང་མཐོར་འགྲོ་བ་དང་བསྟུན་ནས་འཛམ་གླིང་ཧྲིལ་བོ་ཇེ་ཆུང་དུ་འགྲོ་བཞིན་ཡོད་པས། གྲོང་ཁྱེར་ནས་གྲོང་ཁྱེར་དང་། རྒྱལ་ཁབ་ནས་རྒྱལ་ཁབ། མཐའ་ན་གླིང་ཆེན་ནས་གླིང་ཆེན་ལ་ཕར་འགྲོ་ཚུར་འོང་བྱེད་རྒྱུ་ནི་དུས་རབས་འདིའི་མི་རྣམས་ཀྱི་འཚོ་བའི་གྲུབ་ཆའམ་དགོས་མཁོ་ཞིག་ཏུ་ཆགས་ཡོད་མོད། འོན་ཀྱང་འཚོ་བའི་གྲུབ་ཆ་དེའི་ནང་དུ་བོད་ཡིག་གིས་ཕན་མི་ཐོགས་ཤིང་དགོས་མཁོ་མེད་དེ། དཔེར་ན། བོད་མི་ཞིག་ལྷ་ས་ནས་རྒྱ་ཡུལ་དུ་འགྲོ་དགོས་ན། ཐོག་མར་འགྲེམ་འགྲུལ་ལས་ཁུངས་ནས་གནམ་གྲུའམ་མེ་འཁོར་གྱི་འཛིན་བྱང་ཉོ་དུས། རྒྱ་སྐད་ཤེས་ན་མ་གཏོགས་བོད་ཡིག་གིས་ཁོ་ལ་ཕན་མི་ཐོགས་ཤིང་། དེ་རྗེས་འབབ་ཚུགས་སུ་སླེབ་སྐབས། རང་གི་གནམ་གྲུའམ་མེ་འཁོར་གྱི་ཨང་གྲངས་དང་དུས་ཚོད། ཡར་འཛུལ་མར་དོན་བྱེད་ས། རྐུབ་སྟེགས་ཀྱི་ཨང་གྲངས་སོགས་བོད་ཡིག་གི་ཐོག་ནས་ཤེས་ཐབས་མེད་པ་དང་། རྒྱ་སྐད་དང་དབྱིན་སྐད་གང་རུང་ཞིག་ཤེས་ན་མ་གཏོགས་བོད་སྐད་ཀྱིས་ཞབས་ཞུ་བ་ལ་སྐད་ཆ་འདྲི་བའི་ནུས་པའང་མེད་པའི་གནས་སྟངས་ཡིད་སྐྱོ་བོ་ཞིག་ཆགས་ཡོད། གནས་སྟངས་དེ་ལ་བརྟེན་ནས་རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་སེ་འབྲས་དགེ་གསུམ་གྱི་ཉེ་འཁོར་རྒྱ་གར་བ་རྣམས་ཀྱིས། "མི་ལོ་ཉི་ཤུ་སུམ་ཅུ་ལ་འབད་བརྩོན་གྱིས་སྦྱངས་པའི་དགེ་བཤེས་དག་གི་སློབ་སྦྱོང་ནི་དགོན་པའི་ལྕགས་རི་བརྒལ་རྗེས་བེད་སྤྱོད་མེད།"ཅེས་པའི་བཤད་སྲོལ་དེ་བྱུང་བ་རེད་ལ་བདེན་པའང་ཧ་ཅང་ཆེ། མདོར་བསྡུས་ནས་བཤད་ན། ད་ལྟའི་སྐབས་འདི་དང་གནས་སྟངས་འདིའི་འོག་ཏུ་བོད་ཡིག་གིས་ང་ཚོའི་ཤེས་ཡོན་སློབ་གསོའི་འཚོ་གནས་དང་། ཉི་མ་རེ་རེའི་འཚོ་གནས་ལ་ཕན་ཐོགས་དེ་ཙམ་མེད་པས། བོད་ཡིག་ནི་ཤེས་ན་བཟང་ཞིང་མ་ཤེས་ན་ཡང་འགྲིག་པའི་སྐད་ཡིག་ཅིག་ཡིན་པ་ལས། རྒྱ་ཡིག་དང་དབྱིན་ཡིག་ལྟར་མ་ཤེས་ཐབས་མེད་ཀྱི་སྐད་ཡིག་ཅིག་མིན།
༤༽མ་འོངས་པར་བོད་ཡིག་ལ་ཉེན་ཁ་ཆེ་བ།
གོང་དུ་ཞུས་པའི་གནས་ཚུལ་དེ་དག་ལ་རགས་ཙམ་བལྟས་ན། ང་ཚོའི་བློ་ངོས་སུ་མ་འོངས་པར་བོད་ཀྱི་སྐད་ཡིག་འདི་ཅི་འདྲ་ཞིག་ཏུ་འགྱུར་སྲིད་པ་གསལ་པོ་འཆར་ཐུབ་པ་ཞིག་རེད་དེ། དགོས་མཁོ་དང་ཕན་ཐོགས་མེད་པའི་ཅ་དངོས་ཅི་དང་གང་ཡིན་ཡང་ག་ལེར་འཇིག་རྟེན་འདི་ནས་མེད་འགྲོ་བ་ནི་ཆོས་ཉིད་རེད། འོན་ཀྱང་གསལ་པོ་བཟོ་དགོས་པའི་གནད་དོན་གཅིག་ནི། གོང་གི་གནས་ཚུལ་དེ་དག་ནི་ང་རང་ཉིད་ཀྱིས་གང་ནུས་ཅི་ལྕོགས་ཀྱིས་བརྟག་དཔྱད་དང་བསམ་བློ་བཏང་ནས་མཐོང་བའི་དངོས་ཡོད་གནས་ཚུལ་(འདི་ལའང་ནོར་བ་ཡོད་སྲིད)ཡིན་པ་ལས། བོད་ཡིག་སློབ་སྦྱོང་བྱེད་མི་དགོས་པ་དང་བྱེད་མི་ཉན་པའི་སྐད་ཆ་གཏན་ནས་བརྗོད་ཀྱི་མེད། དེ་ལས་ལྡོག་སྟེ་བོད་པ་ཚོས་ངེས་པར་དུ་བོད་ཡིག་སློབ་སྦྱོང་བྱེད་དགོས། ཤེས་ཡོན་སློབ་གསོ་དང་ཉིན་རེའི་འཚོ་བའི་ནང་དུ་དགོས་མཁོ་དེ་ཙམ་མེད་ཀྱང་བོད་པ་ཚོས་ངེད་པར་དུ་བོད་ཡིག་སློབ་སྦྱོང་བྱས་ནས་སྲུང་སྐྱོབས་བྱེད་རྒྱུར་འབད་དགོས། རྒྱུ་མཚན་ནི་བོད་པ་ཡིན་པས་སོ། བདག་གིས་དེ་ལས་ལྷག་པའི་རྒྱུ་མཚན་ཞིག་རྙེད་མ་སོང་ལ་རྙེད་ཀྱང་མི་དགོས་པར་མཐོང་། གལ་སྲིད་བོད་པ་ཚོས་བོད་པ་ཡིན་པའི་རྒྱུ་མཚན་གྱིས་བོད་ཡིག་སློབ་སྦྱོང་དང་ཁྱབ་སྤེལ། སྲུང་སྐྱོབས་བྱེད་པར་སྙིང་ནས་འབད་བརྩོན་བྱས་པ་ཡིན་ན། བོད་ཡིག་གི་ཚེ་སྲོག་གྱི་རྒྱུན་ད་དུང་ཡང་ལོ་ངོ་སྟོང་ཕྲག་མང་པོ་གནས་ཐུབ་བོ།།
རྩོམ་ཡིག་འདི་ཐེངས་ 1023 བཀླགས་འདུག
ཤོག་ངོས་འདི་ཐེངས་ 832 བཀླགས་འདུག
སྡེ་ཚན།
བརྡ་སྤྲོད།
ནགས་ལྷ་དྲ་མཛོད།
ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།
གསར་ཤོས་དག : ནགས་ལྷ་དྲ་མཛོད།
སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་
« ང་ཚོས་རྩོམ་ཡིག་འབྲི་སྐབས་རྒྱུན་དུ་འབད་བརྩོན་གནང་དགོས་པ།
མི་རིགས་ཀྱི་སྐད་ཡིག་གླེང་བ། »
དཔྱད་མཆན་འགོད་ས།
རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།
གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།
རིག་གནས་གསར་ཤོས།
སྐད་ཡིག་ནི་ཚེ་སྲོག་དང་འབྲེལ།
སྡེ་ཚན། སྐད་ཡིག | ཟླ་ཚེས་ 14-04-2018 | ཀློག་གྲངས། 2895
སྐད་ཡིག་ནི་ཚེ་སྲོག་དང་འབྲེལ། མེས་པོའི་ཚེ་སྲོག་ལས་གྲུབ་པའི་བོད་ཀྱི་སྐད་ཡིག །སྦྲ་ནག་གྲུ་བཞ... བཀླགས་འཕྲོ...
ཤན་སྐད་དྭངས་གསལ་གྱི་ལམ་སྟེགས།
སྡེ་ཚན། སྐད་ཡིག | ཟླ་ཚེས་ 14-04-2018 | ཀློག་གྲངས། 2818
བོད་མི་རིགས་ལ་དུང་ཞེན་ཆེ་ཞིང་གནའ་དེང་གི་རིག་གཞུང་ལ་སྦྱངས་མཐར་ཕྱིན་པའི་ཁ་བ་ཅན་པའི་མཁས་མིང་འ... བཀླགས་འཕྲོ...
བརྡ་སྤྲོད་རིག་པའི་གཞུང་ལས་མིང་…
སྡེ་ཚན། བརྡ་སྤྲོད། | ཟླ་ཚེས་ 14-04-2018 | ཀློག་གྲངས། 4353
འགྲོ་བའི་རྨོངས་ཆེན་སེལ་བའི་ཕྱིར། །མགོན་པོས་མིང་ནི་གདགས་པར་མཛད། །ཅེས་འགྲོ་བའི་མི་ཤེས་པའི་རྨ... བཀླགས་འཕྲོ...
དགོས་ཆེད་ལ་རགས་ཙམ་དཔྱད་པ།
མཚམས་སྤྲིན་གསར་པའི་བླ་གོས་ཀྱིས་མཛེས་ལྷུན་ཆགས་རི་བོ་འགྱིངས་བའི་སྤོར། །མཁྱེན་རབ་རལ…
མཆན་གསར་ཤོས།
- ནགས་ཤོད་ནགས་ལ་ས་མཐའ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། རྩོམ་ཡིག་འདིའི་ནང་གི་རྒྱབ་རྟེན་ལུང་དང་སྒྲུབ་བྱེད་རིགས་པ་གཉིས་ལ་བལྟས་ན་ས་མཐའ་ཡོད་པའི་ཕྱོགས་ལ་ཉེ། རྩོམ་པ་པོ། : མི་ནག་མདུང་ཐུང་། on Thu 23 Aug 2018 ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ། (དཔྱད་རྩོམ།)
- དྲིས་ལན་གཟུར་གནས་དགྱེས་པའི་གཏམ་དྲིས་ལན་བཅུ་བརྒྱད་པོ་གནད་ལ་ཕིགས་པའི་དྲིས་ལན་གནང་འདུག་སྙིང་ནས་བཀའ་དྲིན་ཆེ། རྩོམ་པ་པོ། : མིང་འདིར་བྲིས། on Thu 31 May 2018 དྲིས་ལན་གཟུར་གནས་དགྱེས་པའི་གཏམ། (བརྒལ་བརྟག)
མཆན་མང་ཤོས།
-
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན།
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན། ནགས་ཤོད་ཚོ་དགུ་ནི།…
-
ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ།
དགའ་ལྡན་སྙན་བརྒྱུད་སྤྲུལ་པའི་གླེགས་བམ་ལ་བརྟེན་ནས་གསར་རྩོམ་ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ་བཞུགས་སོ།། ན་མོ་གུ་རུ་ཛཱ་ཡ་ཨིཎྜ་ཡ།…
-
དེ་རིང་།
ནགས་ཀྱི་ཤིང་ལོ་ནས། མེ་ལྟར་ཚ་བའི་ཉི་མ་དེས།།ས་གཞི་འདི་ཡང་འབར་རམ་ཅི།།བར་སྣང་ལས་ཀྱས་མེ་འོད་འཕྲོས།།རྐང་འཐུང་ཚོགས་རྣམས་ཉོབ་ཅིང་དུབ།།…
-
དྲིས་ལན་གཟུར་གནས་དགྱེས་པའི་གཏམ།
ཀླུ་སྒྲུབ་བསྟན་པ་ལྗོངས་འདིར་སྤེལ་བ་ལ།།གངས་ཅན་མཁས་པ་ཡོངས་ཀྱི་ཅོད་པཎ་ཞེས། །…
-
ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
འབྲི་རུ་སྐལ་བཟང་རྒྱལ་མཚན། སྟོན་པ་མཆོག་དང་འཕགས་བོད་པཎ་གྲུབ་སྤྱི།།མེས་དབོན་རྣམས་ལ་གུས་པས་རབ་བཏུད་ནས།།ནགས་ཤོད་ནགས་ལ་ས་མཐའ་ཡོད་མེད་ཀྱི།།དགག་སྒྲུབ་གཏམ་གྱི་སྦྱོར་བ་མདོ་ཙམ་སྤེལ།།…