སྤྱིའི་ཨང་། ༡༡
ཁྲིད་གཞུང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་ཉམས་མགུར།
འཁྲིད་མཁན། དགེ་བའི་བཤེས་གཉེན་སྐལ་བཟང་བསླབ་གསུམ་མཆོག།
འགྲེམ་སྤེལ་སྒྲིག་སྦྱོར། ནགས་ལྷ་རྩོམ་སྒྲིག་ཁང་།
༢༠༢༡ ལོར་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
རྗེ་བཙུན་བླ་མ་སྐལ་བཟང་བསླབ་གསུམ་མཆོག་ནི་སྤྱི་ལོ་༡༩༢༥ལོར་ནགས་ཤོད་འབྲི་རུ་སྦྲུལ་ནང་ཚ་ཕུ་ཞེས་པར་ཨ་ཕུར་ཚང་དུ་ངོ་མཚར་དགེ་མཚན་དུ་མ་བཅས་སྐུ་འཁྲུངས། ཆུང་གཞོན་ནུ་ཉིད་ནས་ཁྱབ་བདག་སྟག་ཕུ་བ་ཆེན་པོ་པདྨ་བཛྲ་གྱིས་རྗེས་སུ་བཟུང་ཞིང་ཁོང་གི་བཀའ་ལུང་བཞིན་ཡབ་ཡུམ་གྱི་གནང་བ་ཐོབ་སྟེ། སྒྲུབ་སྡེ་དགོན་དགེ་ལྡན་ལུགས་བཟང་ཀུན་འཕེལ་གླིང་དུ་སྒྲིག་ཞུགས་མཛད། བརྡ་སྤྲོད་སོགས་ཐ་སྙད་རིག་གནས་སྤྱི་དང་། དགོན་དེའི་འདོན་ཆོས་སོགས་སྦྱང་པ་མཐར་ཕྱིན། དགུང་གྲངས་བཅོ་བརྒྱད་ཐོག་དབུས་ཕྱོགས་སུ་ཕེབས་ནས་སེར་བྱེས་ལྷོ་པ་ཁང་མཚན་དུ་ཆོས་ཞུགས་གནང་ནས་མི་ལོ་ཉི་ཤུར་ཉེ་བ་མདོ་སྔགས་གཞུང་ཆེན་ཀུན་ལ་ཐོས་བསམ་སློབ་གཉེར་མཐར་ཕྱིན་མཛད། སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་དང་བྲག་རི་རིན་པོ་ཆེ། ཞབས་དྲུང་རིན་པོ་ཆེ་དང་སྟག་ཕུ་ཆོས་ཀྱི་ཉི་མ་སོགས་ལས་དབང་ལུང་ཁྲིད་མན་ངག་ཟབ་ཆོས་གྲངས་མེད་ཀྱི་བདུད་རྩི་མྱངས། དུས་འགྱུར་སྐབས་སུའང་ཐོས་དོན་སྒྲུབ་ལ་བརྩོན་ནས་བགྲང་བྱ་ཉི་ཤུ་ཙམ་རིང་མི་མངོན་པའི་ཚུལ་དུ་བཞུགས། སྲིད་ཇུས་ཅུང་ལྷོད་དུ་སོང་སྐབས་ཕ་ཡུལ་ནགས་ཤོད་ཡུལ་དུ་ཞབས་སོར་འཁོད་ནས་དགོན་པ་ཉམས་གསོ་དང། བསྟན་པའི་རྩ་བ་དགེ་འདུན་གྱི་སྡེ་ལ་རག་ལས་པར་གཟིགས་ནས། རབ་བྱུང་ཕོ་མོ་བརྒྱ་ཕྲག་མང་པོ་བསྒྲུབས་པ་དང། ཞལ་སློབ་གྲངས་ལས་འདས་པ་ལ་ལམ་རིམ་འཆད་ཉན་གྱིས་མཚོན་མདོ་སྔགས་དབང་ལུང་མན་ངག་མཐའ་ཡས་པའི་ཟབ་ཆོས་རྒྱ་ཆེར་གནང་བའི་སྒོ་ནས་བསྟན་པ་དང། འགྲོ་བའི་དོན་རླབས་པོ་ཆེ་བསྐྱངས་ནས། མཐར་སྤྱི་ལོ་༢༠༠༩ ལོར་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པ་བཅས་ཀྱི་རྣམ་ཐར་མདོར་བསྡུས་སོ།།