སྤྱིའི་ཨང་། ༡༡
ཁྲིད་གཞུང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་ཉམས་མགུར།
འཁྲིད་མཁན། དགེ་བའི་བཤེས་གཉེན་སྐལ་བཟང་བསླབ་གསུམ་མཆོག།
འགྲེམ་སྤེལ་སྒྲིག་སྦྱོར། ནགས་ལྷ་རྩོམ་སྒྲིག་ཁང་།
༢༠༢༡ ལོར་སྒྲིག་སྦྱོར་བྱས།

ངོ་སྤྲོད་མདོར་བསྡུས།

རྗེ་བཙུན་བླ་མ་སྐལ་བཟང་བསླབ་གསུམ་མཆོག་ནི་སྤྱི་ལོ་༡༩༢༥ལོར་ནགས་ཤོད་འབྲི་རུ་སྦྲུལ་ནང་ཚ་ཕུ་ཞེས་པར་ཨ་ཕུར་ཚང་དུ་ངོ་མཚར་དགེ་མཚན་དུ་མ་བཅས་སྐུ་འཁྲུངས། ཆུང་གཞོན་ནུ་ཉིད་ནས་ཁྱབ་བདག་སྟག་ཕུ་བ་ཆེན་པོ་པདྨ་བཛྲ་གྱིས་རྗེས་སུ་བཟུང་ཞིང་ཁོང་གི་བཀའ་ལུང་བཞིན་ཡབ་ཡུམ་གྱི་གནང་བ་ཐོབ་སྟེ། སྒྲུབ་སྡེ་དགོན་དགེ་ལྡན་ལུགས་བཟང་ཀུན་འཕེལ་གླིང་དུ་སྒྲིག་ཞུགས་མཛད། བརྡ་སྤྲོད་སོགས་ཐ་སྙད་རིག་གནས་སྤྱི་དང་། དགོན་དེའི་འདོན་ཆོས་སོགས་སྦྱང་པ་མཐར་ཕྱིན། དགུང་གྲངས་བཅོ་བརྒྱད་ཐོག་དབུས་ཕྱོགས་སུ་ཕེབས་ནས་སེར་བྱེས་ལྷོ་པ་ཁང་མཚན་དུ་ཆོས་ཞུགས་གནང་ནས་མི་ལོ་ཉི་ཤུར་ཉེ་བ་མདོ་སྔགས་གཞུང་ཆེན་ཀུན་ལ་ཐོས་བསམ་སློབ་གཉེར་མཐར་ཕྱིན་མཛད། སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་དང་བྲག་རི་རིན་པོ་ཆེ། ཞབས་དྲུང་རིན་པོ་ཆེ་དང་སྟག་ཕུ་ཆོས་ཀྱི་ཉི་མ་སོགས་ལས་དབང་ལུང་ཁྲིད་མན་ངག་ཟབ་ཆོས་གྲངས་མེད་ཀྱི་བདུད་རྩི་མྱངས། དུས་འགྱུར་སྐབས་སུའང་ཐོས་དོན་སྒྲུབ་ལ་བརྩོན་ནས་བགྲང་བྱ་ཉི་ཤུ་ཙམ་རིང་མི་མངོན་པའི་ཚུལ་དུ་བཞུགས། སྲིད་ཇུས་ཅུང་ལྷོད་དུ་སོང་སྐབས་ཕ་ཡུལ་ནགས་ཤོད་ཡུལ་དུ་ཞབས་སོར་འཁོད་ནས་དགོན་པ་ཉམས་གསོ་དང། བསྟན་པའི་རྩ་བ་དགེ་འདུན་གྱི་སྡེ་ལ་རག་ལས་པར་གཟིགས་ནས། རབ་བྱུང་ཕོ་མོ་བརྒྱ་ཕྲག་མང་པོ་བསྒྲུབས་པ་དང། ཞལ་སློབ་གྲངས་ལས་འདས་པ་ལ་ལམ་རིམ་འཆད་ཉན་གྱིས་མཚོན་མདོ་སྔགས་དབང་ལུང་མན་ངག་མཐའ་ཡས་པའི་ཟབ་ཆོས་རྒྱ་ཆེར་གནང་བའི་སྒོ་ནས་བསྟན་པ་དང། འགྲོ་བའི་དོན་རླབས་པོ་ཆེ་བསྐྱངས་ནས། མཐར་སྤྱི་ལོ་༢༠༠༩ ལོར་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པ་བཅས་ཀྱི་རྣམ་ཐར་མདོར་བསྡུས་སོ།།

སྤྱིའི་ཨང་། ༡༠
ཁྲིད་གཞུང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོ་ཐལ་འགྱུར་ཆ་ཚང་།
འཁྲིད་མཁན། དགེ་བཤེས་ངག་དབང་ཐོགས་མེད།
འགྲེམ་སྤེལ་སྒྲིག་སྦྱོར། ནགས་ལྷ་རྩོམ་སྒྲིག་ཁང་།
༢༠༢༡ ལོར་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་ལྷ་རམས་པ་དགེ་བཤེས་ངག་དབང་ཐོགས་མེད་མཆོག་ནི་ནགས་ཤོད་འབྲི་རུའི་ཡུལ་དུ་འཁྲུངས། ལྟར་མོས་དགོན་དུ་ཆོས་ཞུགས་གནང་ནས་དགོན་དེའི་སློབ་གཉེར་ཆ་ལག་དང་བཅས་པ་ལེགས་པར་སྦྱངས། སྤྱི་ལོ་ ༡༩༩༣ ལོར་འཕགས་ཡུལ་དུ་ཕེབས་ནས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཞུགས། གཞུང་ལུགས་ཁག་ལ་སློབ་གཉེར་རིམ་པར་གནང་ནས་ཟུར་གསར་འཛིན་གྲྭའི་སྐབས་སྦྱངས་འབྲས་རྩེར་སོན་གྱིས་རིགས་ཆུང་ཨང་དང་པོའི་མཚན་གནས་བཞེས། དབུ་གསར་འཛིན་གྲྭར་ཕེབས་སྐབས་དོན་གཉེར་ཅན་རྣམས་ལ་དཔེ་ཁྲིད་གནང་བའི་དབུ་བཙུགས། འདུལ་བ་འཛིན་གྲྭར་ཕེབས་སྐབས་གདན་ས་གསུམ་གྱི་མཁས་མང་འདུས་པའི་དབུས་སུ་འཇང་དགུན་ཆོས་ཀྱི་མཚན་ཕུད་དམ་བཅའ་བཞག །སྤྱི་ལོ་ ༢༠༠༩ ལོར་དགེ་ལུགས་རྒྱུགས་སྤྲོད་ལ་ཕེབས། ལྷ་རམས་ལོ་རིམ་གཉིས་ལ་ཨང་དང་པོ་དང་གཉིས་པའི་མཚན་གནས་བཞེས། སྤྱི་ལོ་༢༠༡༤ ལོར་ལྷ་རམས་དགེ་བཤེས་ཀྱི་མཚན་གནས་བཞེས། སྤྱི་ལོ་༢༠༡༥ ལོར་རྒྱུད་ལ་ཞུགས་ནས་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་ལ་སྦྱངས། ལོ་གསུམ་རེའི་ནང་རྩོད་རྒྱུགས་ཐེངས་རེ་གནང་སྲོལ་ཡོད་པ་བཞིན་རྩོད་གྲྭར་ཞུགས་ནས་ཨང་གཉིས་པའི་མཚན་གནས་བཞེས། དེ་ནས་གདན་སར་ཕེབས་ནས་སློབ་མའི་ཚོགས་ལ་གཞུང་ཆེན་ཁག་གི་དཔེ་ཁྲིད་གནང་བཞིན་བཞུགས་ཡོད།

སྒྲ་སྐད།