Sat 14 Apr 2018
བདག་གིས་སངས་རྒྱས་གསོན་པོར་མཇལ་བ།
འབྲོང་ངུར་ཕོ་ཉ །༼འདི་ནི་སྒྲོ་འདོགས་ཤིག་གིས་བརྡ་ཆད་བཙན་གྱིས་སྦྱར་བ་མིན་པར་འོད་གསལ་ཕྱག་རྒྱ་ཆེན་པོའི་ལམ་ནས་ཚེ་གཅིག་སྐུ་བཞིའི་རྒྱལ་སར་གཤེགས་པའི་བླ་མ་དམ་པའི་ཡིན་ལུགས་ཀྱི་སྒོ་ནས་མཚན་བརྗོད་ཚུལ་ཞིག ༽
ཁ་བྱང་གི་འགྲེལ་པ།
ང་རང་ལོ་ན་ཧ་ཅང་ཕྲ་མོའི་དུས་ཤིག་ཡིན་པས་དུས་ཚོད་ངེས་གཏན་ཁ་ཚོན་ཆོད་པ་ཞིག་མི་དྲན་མོད། ཚོད་དཔག་བགྱིས་ན་ཧ་ལམ་སྤྱི་ལོ་ ༡༩༨༧ ཡས་མས་ཤིག་ལ་ཡིན་པ་ཡོད། ངས་སྐྱབས་རྗེ་བླ་མའི་མཚན་ཐོག་མར་ཐོས་པ་དང་སེམས་ལ་བག་ཆགས་ཟབ་མོ་ཡོང་དགོས་དོན་ནི། དྲིན་ཅན་ཨ་མ་ལགས་ཀྱི་བཀའ་དྲིན་ཡིན། དེ་ཡང་གྲུབ་དབང་བླ་མ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན། རྗེ་བཙུན་ཆོས་བཟང་རྡོ་རྗེ་འཆང་ཆེན་པོ་གང་ཉིད་རྒྱལ་བ་འབྲོང་ངུར་པ་ཆེན་པོའི་གདན་ས་བཀའ་བརྒྱུད་འཕེལ་རྒྱས་གླིང་དུ་གདན་དྲངས་ཏེ་སྐལ་ལྡན་གདུལ་བྱ་རྣམས་ལ་དྲང་ངེས་ཀྱི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་སྐོར་སྐབས་ཕྲན་གྱི་ཕ་མ་གཉིས་ཀྱང་ཆོས་གྲལ་དེར་ཞུགས་ཐུབ་པའི་སྐལ་བཟང་མངོན་དུ་གྱུར་འདུག་པས། ཨ་མས་རྒྱུན་དུ་རྗེ་བླ་མའི་གསང་གསུམ་གྱི་རྣམ་ཐར་མོ་རང་གི་མོས་ངོར་གང་མཇལ་གླེང་དྲག་པ་དང་། ཕ་མ་ལ་ཡག་པོ་མ་བྱས་ན། སངས་རྒྱས་ལ་ལྟག་སྒོ་འབིགས་རྒྱུ་ཡོད་མ་རེད། ཅེས་བླ་མས་གསུང་གི་འདུག་གདའ། ཞེས་ཕྲུ་གུ་ཚོར་སློབ་གསོ་རྒྱག་རྒྱུའི་ལུང་འདྲེན་ཡོད་ན་མེད་ན་དེ་རེད་འདུག་པས། ངའི་སེམས་ཀྱི་གཏིང་རུམ་ན་ཟུབ་དཀའ་བའི་རི་མོ་ལྟར་དུ་རྗེ་བཙུན་མཐོང་བ་དོན་ལྡན་གང་ཉིད་གསལ་ལེར་གནས་གདའ། འོན་ཀྱང་ང་རང་དངོས་སུ་མཇལ་བའི་བགོ་སྐལ་ཐོབ་རྒྱུ་ལ་ད་དུང་དུས་ཚོད་རིང་པོར་ཐོགས་བྱུང་། རྒྱུ་མཚན་ནི་རྗེ་བླ་མ་བཞུགས་ས་ས་ཐག་རིང་བ་དང་གཅིག གཙོ་བོར་ཡིད་བཞིན་ནོར་བུ་གང་ཉིད་དུས་ཚོད་ཕལ་ཆེར་སྨྲ་བཅད་དང་སྒྲུབ་པ་ཁོ་ནར་བཞུགས་ཡོད་པས་ཡིན།
ནགས་ཤོད་སྟོད་སྨད་བར་གསུམ་དུ་བླ་མའི་མཚན་སྙན་ཉིན་རེར་ཇེ་ཆེར་འགྲོ་བ་དང་མཇལ་འདོད་མི་སྣ་བགྲང་དཀའ་བ་ཞིག་ཡོང་གི་ཡོད་པ་བཞིན་ང་རང་ཡང་གྲྭ་པ་བཟོས་པའི་རྗེས་ཙམ་ནས་ཁོང་གི་དྲུང་དུ་ཆོས་ཞུ་རུ་འགྲོ་འདོད་ཧ་ཅང་གིས་ཆེ་ནའང་རྒྱུ་རྐྱེན་འགས་ལོ་ཤས་བར་ད་དུང་ནར་ལུས་སུ་གྱུར། སྒོ་ཆུ་ནས་བླ་མ་བློ་བཟང་དང་། གླང་དིལ་དགོན་གྱི་གནད་ཡོད་མི་སྣ་མང་པོས་བཀའ་འགྱུར་ལུང་ཞིག་གནང་དགོས་པར་གསོལ་བ་ལོ་མང་བཏབ་མཐར་བྲམ་ལག་འབུམ་པར་གནང་རྒྱུའི་ཞལ་བཞེས་གནང་བའི་གཏམ་སྙན་གང་སར་ཁྱབ་ཅིང་མཐར་སྤྱི་ལོ་ ༡༩༩༦ ལོའི་བོད་ཟླ་བརྒྱད་པའི་ནང་ས་ཕྱོགས་དུ་མ་ནས་འདུ་བ་ཆར་སྤྲིན་བཞིན་འདུས་ཏེ་རྒྱལ་བའི་བཀའ་འགྱུར་ལྗགས་ལུང་དང་ཟབ་རྒྱས་ཆོས་ཆར་འབེབས་པའི་སྐལ་བཟང་རྨད་དུ་བྱུང་བ་ཞིག་ནགས་ཤོད་ལུང་པར་ཤར་བས་ང་རང་འགྲོ་འདོད་ཤིན་ཏུ་ཆེ་ནའང་རང་དགོན་ནས་དགོངས་པ་མ་ཐོབ་པ་དང་། ཐེག་མཆོག་རིན་པོ་ཆེ་ལས་གཅོད་ཀྱི་དབང་ལུང་ཁྲིད་གསུམ་ཞུ་རྒྱུར་དུས་བཏབ་ཡོད་པ་དང་འགྲིགས་པས་གོ་སྐབས་བཟང་པོ་དེ་ཡང་ང་ལ་གཏན་མེད་དུ་གྱུར། རྗེས་སུ་ལུང་ཞུ་བ་རྣམས་ཡར་སླེབས་དུས་རིན་པོ་ཆེའི་བཀའ་སློབ་ཟིན་བྲིས་སུ་བཏབ་པ་འགའ་ཞིག་ནས་ཁྱེར་འདུག་ལ་མདོར་ན་དེར་ཡོད་སྐལ་ལྡན་ཀུན་གྱིས་རྗེ་བླ་མའི་གསང་གསུམ་ཡོན་ཏན་ཡང་ཡང་བརྗོད་པས་ང་རང་འགྲོ་མ་ཐུབ་པར་བློ་འགྱོད་གྲངས་མེད་སྐྱེ་མྱོང་། དེ་ནས་འཆར་ཅན་ལྟར་ཕྱི་ལོའི་བོད་ཟླ་དྲུག་པ་བར་དུ་སྐུ་མཚམས་བཞུགས་རྒྱུར་སོང་། དེ་བར་ངང་སྒུག་བྱ་བ་ལས་ཐབས་གཞན་མ་རྙེད་ཅིང་བར་དེར་རང་ཉིད་གཅོད་ཀྱི་བསྙེན་མཚམས་སོགས་བསྡད་ཅིང་དུས་ནི་ཤུགས་ཀྱིས་སྐོར་བའི་འཁོར་ལོ་བཞིན་སླར་ཡང་བོད་ཟླ་དྲུག་པ་ཤར་བྱུང་། སྔོན་འཆར་ལྟར་དགོན་པ་ནས་དགོངས་པ་རག་རྒྱུ་ཁག་པོ་ཡིན་པས་གསང་སྟབས་ཀྱིས་སྤྱི་ལོ་ ༡༩༩༧ ལོ་སྟེ། བྲམ་ལག་འབུམ་པར་སྙུང་གནས་བླ་མར་མགོན་པོ་གང་ཉིད་སྐུ་མཚམས་གྲོལ་ནས་མཛད་ཀྱིན་ཡོད་པས་སྤུན་མཆེད་གཅིག་དང་དགོན་སར་གྲྭ་པ་ཞིག་འགྲོ་རོགས་འོག་རིན་པོ་ཆེ་མཇལ་བར་བསྐྱོད་པ་ཡིན། ང་ཚོ་འབྲི་ལུང་ཤའང་ནས་རླངས་འཁོར་མ་རག་པར་ཉིན་མ་མང་པོ་འགོར་རྐྱེན་བོད་ཟླ་དྲུག་པའི་ཚེས་བཅུ་བཞི་བར་འབུམ་པར་སླེབས་མ་ཐུབ། སྐབས་དེར་གད་མོ་ཤོར་བའི་གནས་ཚུལ་ཆུང་ཆུང་ཞིག་བྱུང་། ང་ཚོ་འབུམ་པའི་ཞབས་དེར་མོ་ཊ་ལས་བབས་ཏེ་རྡོག་དྲིལ་ཁྱེར་ཞིང་ཡར་འགྲོ་དུས་མ་རྒན་འགས་སྐོར་ལམ་ནས་གུས་ཞབས་ཆེན་པོས་རིན་པོ་ཆེ་ག་དུས་ཕེབས་ཀྱི་རེད་ཅེས་དྲིས་བྱུང་། ངའི་བསམ་པར་ད་བྱས་མི་འདུག་རིན་པོ་ཆེ་སྐུ་མཚམས་མ་གྲོལ་བ་འདྲ་སྙམ་ཞིང་ཡིད་བློང་བློང་པོར་གྱུར་ན་ཡང་རྣམ་འགྱུར་མི་མངོན་པ་བྱས་ཏེ་ཧ་གོ་མ་སོང་ཞེས་ལན་སྟབས་བདེ་ཞིག་རྒྱབ་ཅིང་། ཤར་རེར་འབུམ་པའི་ཐབ་ཚང་དུ་བསྐྱོད་པ་ཡིན་ལ་དེ་ནས་སྣེ་ལེན་གང་ཡག་བྱས་བྱུང་། སྙུང་གནས་པ་རྣམས་ཏོག་ཙམ་ནས་ཉིན་གུང་གསོལ་ཚིགས་བཞེས་སོང་ལ་དེ་ནས་ངའི་རོགས་པ་དགོན་སར་གྲྭ་པ་ཚུལ་ཁྲིམས་མར་སྒོར་ཐོན་སོང་ནས་ཡུན་མི་རིང་ཙམ་ནས་ཡར་གྲྭ་པ་ཞིག་དང་མཉམ་དུ་བྲེལ་སྟབས་བཅས་འཛུལ་ཏེ་རིན་པོ་ཆེ་མཇལ་ཁར་ཤོག་ཟེར། ང་ནི་ད་དུང་འཐོམ་སངས་མེད་པས་རིན་པོ་ཆེ་སུ་ཡིན་ནམ་སྙམ་ཞིང་ཁ་དར་གཅིག་ཁྱེར་ཞིང་ཁོའི་རྗེས་སུ་སྙེག། སྤུན་མཆེད་ཀྱང་ངའི་རྗེས་སུ་བསླེབས་བྱུང་ལ་འབུམ་པའི་ལྷ་ཁང་ནང་དུ་མི་ཚོགས་ཀྱི་དཀྱིལ་གཤགས་ཏེ་ཡར་འཛུལ་བ་ཡིན། མདུན་གྲལ་ནར་མོ་ཞིག་གི་མགོར་ཆེས་སྤྱིར་བཏང་གི་རྐྱང་གདན་ཞིག་གི་ཐོག་ཏུ་གཟི་བརྗིད་ལྟ་བས་ཆོག་མི་ཤེས་པའི་གྲྭ་རྒན་དབུ་ངང་སེང་ངེ་བ། ཞལ་མདངས་འོད་འཕྲོ་བ་ཞི་འཛུམ་ཉམས་མངོན་པར་གསལ་བ། སྤྱན་ཤེལ་ནག་པོ་མཆོད་པ་ཞིག་གསོལ་སྤགས་བཞེས་ཤིང་ཞུགས་པ་ཞིག་མཇལ་བས། ཡིད་ལ་སྨྲར་མི་བཏུབ་པའི་བདེ་བས་ཁྱབ་ཅིང་དལ་ཅིག་དྲན་རིག་འགགས་པ་བྱུང་ཞིང་། དགའ་དད་ཀྱིས་ལུས་ཡོངས་རྫོགས་ཚ་ཟིང་ངེ་ལྟ་བུ་བྱུང་ནས་ཕྱག་དབང་མེད་དུ་ཕུལ་བ་ཡིན། ཤིང་བལ་ལྟར་འཇམ་པའི་ཕྱག་མགོར་བཞག་ནས་འབྲོང་སྣ་དགོན་པའི་གྲྭ་པ་ཡིན་ནམ། ཞེས་བཀའ་བརྩད་གནང་བར་མིན་ང་ཝ་ཐང་དགོན་པའི་གྲྭ་པ་ཡིན་ཅེས་ལན་དོན་མཐུན་ཞིག་ཕུལ་ནས་ང་རང་རེ་ཞིག་འཐོམ་མེར་ཧད་འདུག དེ་མཚམས་ནས་ཡ་ཡ་ཐབ་ཚང་ནང་གསོལ་ཇ་མཆོད་ཕེབས་ཞེས་དང་ངའི་རོགས་པ་ཚུལ་ཁྲིམས་ལའང་སྣེ་ལེན་དགོས་པའི་མངགས་བཅོལ་ཡང་མཛད་གནང་སོང་། དེ་རིང་ང་ཚོ་རྗེས་ལུས་ཐེབས་པས་སྙུང་གནས་བསྡད་རྒྱུ་མ་བྱུང་། རྗེས་མར་ཡིད་བཞིན་ནོར་བུའི་དྲུང་དུ་གནས་དེར་སྙུང་གནས་བསྡད་རྒྱུ་བྱུང་།
སྤྱིར་ན་བྲམ་ལག་ཤེལ་དཀར་འབུམ་པ་ནི་ནགས་ཤོད་ཀྱི་གནས་ཆེན་ཞིག་ཡིན་ལ་རིག་གསར་སྐབས་རྨིང་མེད་དུ་གྱུར་ན་ཡང་རྗེ་སྐྱབས་མཆོག་མཐོང་བ་དོན་ལྡན་མཆོག་གིས་ཉམས་པ་གསོས་ཏེ་ལོ་ལྟར་བོད་ཟླ་དྲུག་པ་དང་དགུ་པའི་ནང་ལ་སྙུང་གནས་ཆ་རེ་བཞུགས་ཀྱི་ཡོད་པ་དང་སྦྱིན་བདག་གཙོ་བོ་ཡང་མགོན་པོ་གང་གིས་གནང་གི་ཡོད། རྗེ་ཡིད་བཞིན་ནོར་བུས་དབུ་བཞུགས་གནང་གི་ཡོད་པར་བརྟེན། སྙུང་གནས་སྡོད་མཁན་ཡང་མི་སྣ་སྟོང་ཕྲག་ལྷག་པ་ཡོད་རེད་ལ། གལ་ཏེ་སྙུང་གནས་བསྡད་མི་ཐུབ་པ་ཡིན་ནའང་ས་ཕྱོགས་ཉེ་འགྱངས་དུ་མ་ནས་མཇལ་ཁ་ཞུ་རུ་ཡོང་བ་སོགས་མི་ཚོགས་ཀྱིས་རེ་ཞིག་ལུང་པ་འགེངས་འགྲོ་ཡི་ཡོད། རྗེ་བཙུན་མཆོག་གིས་ང་མཚམས་ལས་གྲོལ་དགོས་དུས་ཤི་དགོས་པ་ལྟ་བུའི་འཚེར་སྣང་ཡོང་གི་འདུག་ཀྱང་མི་ཚོས་འབུམ་པར་སྙུང་གནས་ཡག་པོ་ཞིག་སྡོད་ཀྱི་འདུག་པས་ངས་མགོས་རོ་དྲུད་ནས་ཐོན་ཡོང་བ་ཡིན་གསུངས་པ་ད་དུང་ཡང་བརྗེད་ཐུབ་ཀྱི་མི་འདུག གང་ལྟར་དེ་ནས་ང་ཚོ་འབུམ་པའི་མགོན་བླའི་གསོལ་ཐབ་ཁང་དུ་སོང་བ་ཡིན་ལ་ངའི་སེམས་པར་ད་དུང་བླ་མ་དེ་སུ་ཞུ་བ་ཡིན་ནམ། འདི་འདྲའི་བླ་མ་ཡག་པོ་ཞིག་ཡོད་འདུག་ཀྱང་སྐད་གྲགས་མེད་པ་ཅི་ཡིན་ནམ་སོགས་བསམ་གཞིག་དང་དྲི་བ་སྣ་ཚོགས་ཆུའི་རླབས་བཞིན་ཡོང་གི་འདུག མ་གཞི་ང་ནི་མི་གསར་པར་ཁ་གྲག་རྒྱུ་འཚེར་སྣང་ཅན་ཞིག་ཡིན་ནའང་དཔའ་སྐྱེད་དེ་ཆོས་བཟང་རིན་པོ་ཆེ་ག་དུས་སྐུ་མཚམས་གྲོལ་གྱི་རེད་དམ། ངས་མཇལ་ཐུབ་ཀྱི་རེད་བས་ཞེས་དྲི་བ་དྲིས་པས་དེར་ཡོད་སྐྱ་སེར་ཚང་མ་རང་དབང་མེད་པར་གད་མོ་ལྷང་ལྷང་ཤོར་སོང་། དེ་ནས་ཚུལ་ཁྲིམས་ཀྱིས་ཆོས་བཟང་རིན་པོ་ཆེ་ད་ལྟ་རང་མཇལ་ཡིན་པ་འོ་དེ་རེད་ཟེར། དེ་ནས་ང་ངོ་ཚ་དྲགས་པས་གདོང་པ་ཡོངས་རྔུལ་ནག་ཐོན་བྱུང་། ང་རང་ལ་གོ་ནོར་དེ་འདྲ་ཐེབས་དགོས་དོན་ནི་འབྲོག་པ་ལ་རི་དབང་རིན་པོ་ཆེ་ཆོས་སྒར་གནང་ཡོད་པར་ཨ་མ་དེའི་དྲི་དོན་དེ་ཡིན་འདུག་ཀྱང་། ངས་ང་རང་དགོན་སར་གྲྭ་པ་ཞིག་དང་ནོར་ནས་སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་ག་དུས་ཕེབས་མིན་འདྲི་བ་རེད་བསམ་ནས་མགོ་འཁྲུགས་ཡིན་པ་ཇི་ནས་ཤེས་སོང་། ཚེས་བཅུ་དྲུག་བར་དུ་རྒྱང་མཇལ་ཙམ་མ་གཏོགས་མཇལ་ཐུབ་ཀྱིན་མི་འདུག་ཀྱང་སེམས་ལ་དགའ་དད་བརྗོད་ལས་འདས། སྙུང་གནས་གྲོལ་བ་དང་ཞོགས་པ་སྔ་མོ་ནས་མཇལ་མཁན་ཧ་ཅང་མང་བས་བང་བསྒྲིགས་ནས་བསྡད་པ་ཡིན་ལ་མགོན་པོ་གང་ཉིད་ཆོས་སྒོ་ཧ་ཅང་གིས་དམ་པར་བརྟེན་གདམས་ཟབ་ཐོབ་མིན་གྱི་རེ་དོགས་ངང་ངའི་སེམས་པ་ཚབ་ཚུབ་ཏུ་གྱུར། གང་ལྟར་ཆུ་ཚོད་དགུ་པ་ཙམ་དུ་མཚན་དཔེའི་དཀྱིལ་འཁོར་ངོམ་མེད་མཇལ་རྒྱུའི་གོ་སྐབས་ཤར་བ་དང་། བདག་ཆེད་དུ་ཆོས་ཞུ་རུ་དམིགས་ཏེ་ཡོང་བ་ཞིག་ཡིན་པས་ཅི་ནས་ཀྱང་རྗེས་སུ་འཛིན་པར་ཞུ་ཞེས་གསོལ་བ་བཏབ་པར། འོ་ཡ་ཡ། ད་རྗེས་སུ་ལྟ་དགོས་ཨ། ཞེས་ཞལ་འཛུམ་བག་བཅས་བརྩེ་བའི་སྤྱན་ཟུང་གིས་གཟིགས་པ་ཙམ་ལས་དམིགས་བསལ་བཀའ་གསལ་གང་ཡང་མ་ཐུབ་ཀྱང་མི་ཚོགས་ཧ་ཅང་གིས་མང་བས་སེམས་དགའ་སྐྱོའི་ངང་ཕྱི་ནུར་མི་བྱེད་ཐུ་མེད་དུ་གྱུར། དེ་སྐབས་ཕྱི་ལོགས་སུ་གྲྭ་པ་དང་འབྲེལ་ཡོད་མི་སྣ་འགའ་ཐུག་བྱུང་བར་དེ་འབྲེལ་ལབ་གླེང་འགའ་བགྱིད་དུས། ཁོ་ཚོས་ཟེར་བ་ལ། ད་ཧ་ཅང་གིས་ཁག་པོ་རེད། སློབ་མ་རྙིང་པ་དེ་ཚོ་ལས་དེང་སྐབས་ཆོས་མ་གནང་ནས་ཡུན་རིང་ཕྱིན་པའི༌སྐོར་བཤད་བྱུང་བས་ང་ནི་རེ་དོགས་སྣ་ཚོགས་ཀྱིས་ཉིན་གུང་ཁ་ལག་ཀྱང་ཟ་མི་འདོད་པ་བྱུང་སོང་། ཆུ་ཚོད་བཞི་པ་ཙམ་ནས་བྲམ་ལག་འབུམ་པ་ནས་རྗེ་བཙུན་བླ་མ་དམ་པ་དགོན་གསར་ལ་ཕེབས་གྲུ་ཐབས་ཆགས་གཅིག་ཏུ་བཞུགས་སོང་ལ་ཞབས་གྲལ་གྲྭ་བཙུན་འགའ་འདུག་པར་ང་ཡང་མཉམ་དུ་འཛུལ་བ་ཡིན། ཁྲ་རིང་ཟམ་པ་ནས་དགོན་པ་བར་དུ་རླངས་འཁོར་ལམ་མེད་པས་སྐུ་འཁོར་བཅས་པ་ཞབས་ཐང་དལ་མོས་ཕེབས་པར་རྗེས་སུ་སྨོན་ལམ་འདེབས་བཞིན་སོང་བ་ཡིན། དགོན་ནང་དུ་ཉིད་ཀྱི་གཟིམ་ཆུང་ཧ་ཅང་གིས་གོག་ཏོ་ཡུལ་པའི་ཁང་པ་སྤྱི་མཚུངས་ལྟར་ལས་རྒྱས་སྤྲོས་གཏན་ནས་མེད་པའི་ཉིས་ཐོག་ཅན་ཞིག་གི་སྒོ་འགྲམ་ནས་གྲྭ་པ་མང་པོ་བང་བསྒྲིགས་ནས་ཕེབས་ཞུས་འདུག་ལ། ནང་དུ་ཕེབས་མ་ཐག་མཇལ་མཁན་ཚང་ཁ་ཤིག་ཤིག་གིས་འཛུལ་སོང་ལ་འགའ་ཞིག་དམིགས་བསལ་ཞུ་རྒྱུ་ཡོད་ངེས་ལ་ཟུར་དུ་བསྒུགས་ནས་བསྡད་འདུག ། ཅུང་ཙམ་ནས་ང་རང་གིས་བང་རིམ་དེར་སླེབས་ནས་ནང་དུ་ག་ལེར་ཡར་འཛུལ་བ་ཡིན་ལ་སྙན་གྲགས་ཤིན་ཏུ་ཆེ་ཞིང་བརྒྱ་འབུལ་སྟོང་འབུལ་གྱི་ཟང་ཟིང་ཆར་སྤྲིན་བཞིན་དཀྲིགས་ཀྱང་འདི་ལྟར་འདོད་ཆུང་ཆོག་ཤེས་པ་ནི། དེ་སྔོན་རྒྱལ་བའི་བཀའ་འགྱུར་ནང་དུ་མཇལ་མྱོང་བའི་སྟོན་པ་ཐུབ་པའི་དབང་པོའི་རྣམ་ཐར་གསོན་པོ་ཕྱག་བསྟར་གནང་ཞིང་བཞུགས་པའི་དགེ་སློང་ཞིག་ངས་ཆུ་བུར་མིག་གིས་མཐོང་བ་དང་པོ་དེ་ཡིན་པས་ཡ་མཚན་ཆེན་པོ་སྐྱེས། བབ་ཆགས་པའི་བསམ་གཏན་ཁང་བུ་དེར་སྤོས་དྲི་ཐུལ་ཞིང་། གསོལ་ཐབ་དང་། གཟིམ་ཆས་ཉུང་ངུ་ཡོད་པ་ཚུན་ཆད་རྙིང་པ་གོག་ཧྲུལ་ཤ་སྟག་ལས་མཐོང་རྒྱུ་མི་འདུག གཟིམ་སྔས་ཐད་དུ་མཆོད་སྒྲོམ་ཐབས་ཆག་ཅིག་ལ་མཆོད་མེ་དང་ཡོན་ཆབ་མཛེས་འོད་ལྡན་པར་བཤམས་འདུག་ལ་སྐུ་མདུན་གྱི་གསོལ་ཅོག་དེ་ཡང་རྙིང་པ་ཞིག་སྟེ་ཕར་བལྟས་ཚོད་ལ། ཧ་ལམ་ལོ་ལྔ་བཅུ་ཙམ་ཕྱིན་མེད་དམ་སྙམ་པ་ཞིག་གི་སྒང་ལ་གསོལ་ཕོར་ལྷུང་བཟེད་ཆུང་ངུ་ཞིག་དང་། ཁྲུས་བུམ། དེ་མཚུངས་ཚེ་བུམ་ཞིག་ལས་ཅ་དངོས་གཞན་དག་མཐོང་ཡུལ་དུ་མ་གྲུབ། སྐུ་གམ་དེར་སྐབས་དེའི་མཇལ་ཞུ་བས་ཕུལ་བའི་དྭངས་གཙང་ཁ་དར་དང་དངོས་རྫས་འགའ་ལས་མདོར་ན་གངས་རིའི་ཁྲོད་དུ་སྙན་པ་ལྡིར་བའི་སྐྱེས་ཆེན་ཞིག་གི་བཞུགས་ཁང་ཡིན་པའི་ཚུགས་ག་རྩ་བ་ནས་མི་སྟེར། གང་ལྟར་ང་རང་རིག་པ་གཅིག་ཏུ་སྒྲིམ་སྟེ་ཕྱག་བཅས་ཆོས་འདོད་རྒྱུ་མཚན་དང་རིན་པོ་ཆེས་ཀྱང་རྗེས་སུ་འཛིན་པའི་གསོལ་བ་སེམས་གཏིང་ནས་བཏབས་རྗེས་། ད་ཁྱོད་རང་རེ་ཞིག་ཡར་ལོག་འགྲོ་ཡི་ཨེ་ཡིན། ང་ནི་དེང་སང་གཟུགས་པོ་བདེ་པོ་ཡང་མི་འདུག་ལ། མིག་ཀྱང་ཡག་པོ་མཐོང་ཐུབ་ཀྱིན་མི་འདུག དེར་བརྟེན་རེ་ཞིག་ཁྲིད་ཁ་སོགས་ཐུབ་ས་མ་རེད། ཅེས་གསུངས་བྱུང་བས་འདི་ལྟ་བུའི་དམ་པ་ཞིག་བཞུགས་བཞིན་དུ་ཆོས་མི་ཐོབ་པ་ང་ནི་ལས་ངན་ཞིག་ཅི་སྟེ་མིན་སྙམ་ཞིང་སྡུག་བསྔལ་བཟོད་དཀའ་བ་ཞིག་བྱུང་ལ་ངག་ནས་དེ་འདྲའི་སྡུག་གཏམ་འགའ་ཐལ་ཞིང་རང་དབང་མེད་པར་ངུ་སྒྲ་ཆེན་པོ་ཤོར་སོང་། དར་ཅིག་སྤྱན་འབུལ་ཞིང་ཅི་ཡང་མི་གསུང་བར་བཞུགས་མཐར་ཁ་གདོངས་དང་། ཞེས་ཁ་ནང་དུ་ཞལ་ཕུ་བཏབ་སྟེ་དེ་མིད་ཨ། ད་ལག་པ་སྟོན་དང་ཞེས་ཚེ་རིལ་དང་བདུད་རྩི་གནང་ནས་དེ་ཡང་གྱུར་མིད་ཐོངས། ཡ་ང་ཡ་ང་། ད་ཐོག་མར་ཁྱོད་རང་ཆོས་ལ་བར་ཆད་མི་ཡོང་བའི་ཆེད་དུ་འབུམ་པ་སྐོར་ཚད་སོགས། སྔོན་མ་ང་ལ་བླ་མས་ཐོག་མར་གནས་སྐོར་སོང་ཤོག་གསུང་མྱོང་། ཁ་ཟས་ཡོད་དམ། ཞེས་སོགས་ཧ་ཅང་གིས་བརྩེ་བ་ཆེན་པོས་མགོར་ཕྱག་གིས་བྱིལ་བྱིལ་གནང་བྱུང་བས་དགའ་བ་འགོག་ཐབས་མེད་པ་ཞིག་བྱུང་ལ་ངའི་རེ་བ་ཡོངས་སུ་རྫོགས་པ་ལྟ་བུ་དགའ་བ་བཅས་ལགས་སོ་ཞེས་ཕྱི་འགྲོས་བཅས་སྨོན་ལམ་འདེབས་བཞིན་སྒོར་ཐོན་ཡོང་བ་ཡིན།
མདོར་ན་དུས་དེ་ནས་ངའི་མི་ཚེར་ཁ་ཕྱོགས་དང་འཕོ་འགྱུར་ཆེན་པོ་ཞིག་བྱུང་བ་རེད་ལ་སྒྲུབ་བརྒྱུད་ལམ་གྱི་ཡང་སྙིང་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གོང་མ་རིམ་པའི་ཕྱག་རྒྱུན་བཞིན་ཚུལ་བཞིན་ཉམས་སུ་ལེན་རྒྱུའི་སྐལ་བཟང་མངོན་དུ་གྱུར་པ་དང་། སྐྱབས་མཆོག་མཐོང་བ་དོན་ལྡན་ཉིད་ཆོས་སྒོ་དང་སྐུ་མཚམས་ཧ་ཅང་དམ་པས་གང་འདོད་འདོད་དུ་རྗེ་བླ་མའི་ཞབས་དྲུང་དུ་སྐལ་ལྡན་སློབ་མ་ཉུང་ཤས་ལས་འགྲོ་ཐུབ་ཀྱི་མེད་ན་ཡང་འདོད་ཆོས་དང་དམིགས་བསལ་དབང་ལུང་མང་པོ་ཐོབ་པ་ནི་ནམ་ཡང་བརྗེད་ཐབས་མེད་པའི་སྐལ་བཟང་ཞིག་ཡིན། ཐུགས་སྲས་ཡོངས་ཀྱི་ཐུ་བོ་བསྟན་འཛིན་འགྲོ་འདུལ་བདག་གི་ཁྲིད་དཔོན་དུ་བསྐོས་པ་སྟེ་ང་ལ་ལན་མང་དུ་འགྲོ་འདུལ་ང་དང་ཁྱེད་པར་མེད་ང་ལ་ཅི་ཡོད་ནའང་ཁོང་ལ་ཡོད་ཨ། ཞེས་ལན་གྲངས་དུ་མར་གསུངས་མྱོང་ལ། དེ་ནས་བཟུང་སྔོན་མ་ཞིག་ལ་མགོན་པོ་གང་གིས་མ་འོངས་པར་སྒྲུབ་བརྒྱུད་བསྟན་པ་མེ་བཞིན་འབར་ཡོང་གི་རེད་ཅེས། བསླུ་མེད་ལུང་གིས་བསྟན་པ་ལྟར་ཆོས་འདོད་ཡོད་ཚད་ལ་བསྟན་འཛིན་འགྲོ་འདུལ་ལ༌ཁྲིད་འདེབས་སུ་བཅུག་པས་དངོས་དང་བརྒྱུད་པའི་སློབ་མས་ཀ་མཆོག་སྒྲུབ་གྲྭ་ཐར་པ་གླིང་དུ་ཁེངས་པར་གྱུར། ང་རང་ལ་མཚོན་ན་བརྗེད་དུ་མི་སྲིད་པའི་ཉིན་མོ༌ཞིག་ནི་སྔོན་འགྲོའི་ལས་རིམ་བཅུ་གཅིག་ལུགས་འདི་པའི་སྒྲུབ་གྲྭའི་ཕྱག་གསོལ་བཞིན་ལེགས་པར་གྲུབ་སྟེ་དངོས་གཞིའི་ཐོག་མར་ཡི་དམ་འཁོར་ལོ་སྡོམ་པའི་བསྙེན་ཆེན་འདུག་རན་པ་ལ་ཐོག་མར་དབང་སྔོན་དུ་འགྲོ་དགོས་པས། ཡབ་རྗེ་མཐོང་བ་དོན་ལྡན་གྱི་ཞལ་སྔ་ནས་ང་རང་གཅིག་པུར་ལྔ་ལྡན་གཏོར་དབང་དང་།
ཟབ་ཁྲིད་དུ་མ་གནང་བྱུང་བས་སྐལ་བཟང་བྱུང་བ་དང་། མི་ལོ་བཞི་ལྷག་ཞབས་རྡུལ་རེག་པའི་བགོ་སྐལ་བྱུང་ན་ཡང་། རྗེ་ཡིད་བཞིན་ནོར་བུའི་དྲུང་དུ་ཆུ་ཚོད་བཞི་ཙམ་ཟབ་ཆོས་ཞུ་ཞིང་འདུག་རྒྱུ་བྱུང་བ་ནི་ངའི་མི་ཚེར་མཚོན་ན་དོན་སྙིང་ལྡན་པ་མ་ཟད་ཆེའི་དུས་ཡུན་རིང་ཤོས་ཐོག་མ་དང་ཐ་མ་གཉིས་ཀར་གྱུར་པ་རེད། དེང་སྐབས་ཀྱང་ཕྱིར་དྲན་བྱུང་དུས་དགའ་སྐྱོའི་ཚོར་བ་དྲག་པོའི་ངང་རྗེ་མཚན་ལྡན་ཡིད་བཞིན་ནོར་བུ་གང་གི་སྐུ་ཡི་དབྱིབས། གསུང་གི་གདངས། ཐུགས་ཀྱི་མཁྱེན་བརྩེ་ཚུན་ཆད་དྲན་ཀློང་ནས་གཏན་དུ་ཡལ་གྱི་མི་འདུག་ལ་ཆོས་ནོར་གཉིས་ཀྱིས་བསྐྱངས་པའི་བཀའ་དྲིན་ཕུང་པོ་དེ་ནམ་ཡང་བསབ་ཐབས་བྲལ་བའི་ཚུལ་ཡང་ཤེས་ཀྱི་ཡོད། རྒྱུ་ནོར་གྱི་འབུལ་བ་ཞིག་རང་ལ་མེད་ན་ཡང་སོ་སོ༌ལ་དབང་བའི་ལུས་ངག་ཡིད་གསུམ་པོ་དེ་མནྜལ་གྱི་ཚུལ་དུ་དངོས་སུ་འབུལ་ལམ་ཞུས་པ་ནི་ཆེས་སྐལ་བ་བཟང་ངོ་སྙམ་མོ། །སྐྱེ་བ་ཀུན་ཏུ་འདུ་འབྲལ་མེད་པར་རྗེས་སུ་འཛིན་པའི་གསུང་དབྱངས་བདེན་ཚིག་དྲོན་མོ་ད་དུང་རྣ་ལམ་ན་ལྷང་ངེར་གྲགས་པ་དང་མཚུངས་ཤིང་། ཕོ་བཟང་པོ་ཡུལ་དུ་ཡོད་དགོས། ཡོད་ནས་ཡོད་གོ་ཆོད་དགོས་ཨ། སོགས་ལུགས་གཉིས་ཀྱི་བསླབ་བྱ་དང་ཐུགས་རེ་ཆེ་བའི་གསུང་འགའ་བསྩལ་ན་ཡང་ང་ནི་རང་ཤེད་ཆེ་བ་དང་། ལས་བསོད་དམན་པ། མི་གཞི་ངན་པ་བཅས་ཀྱིས་བཀའ་གསུང་ཇི་བཞིན་ཐེག་པར་དཀའ་ན་ཡང་རྒྱལ་བ་རྡོ་རྗེ་འཆང་དངོས་གང་གི་བཀའ་དགོངས་ཟབ་མོ་འདི་དང་སྐྱེ་བ་གཞན་དག་ཏུ་སྒྲུབ་ཐུབ་པར་སྨོན་འདུན་ཤུགས་དྲག་ད་དུང་ཡང་བཅངས་ཡོད། དུས་འགར་ད་ནི་གེགས་སེལ་དང་འབོགས་འདོན་བྱ་རྒྱུ་ཡོད་གཤིས་ཡུལ་མཐར་འཁྱམས་མ་འགྲོ་ཞེས་བརྩེ་བ་ཆེན་པོས་གསུང་དངོས་སུ་ཕེབས་མྱོང་ན་ཡང་བསོད་དམན་བདག་གིས་ཞལ་ལ་མ་ཉན་ནས་རེ་ཞིག་དཔེ་ཆ་ལྟ་བ་སོགས་འདི་ཕྱིའི་ལེགས་ཚོགས་འགར་རློམས་ཏེ་ཐག་རིང་ཡུལ་འདིར་གྱར་ཞིང་ཚེ་འདིར་མཇལ་བའི་སྐལ་བ་གཏན་མེད་དུ་གྱུར་པ་འདིའི་སྡུག་བསྔལ་ལྕི་ཡང་། བཀའ་མངགས་གནང་བ་འགའ་སྒྲུབ་རྒྱུ་བྱུང་བ་དང་།
སྙིགས་དུས་བྱང་ཆུབ་སེམས་དཔའ་རྒྱལ་བ་འབྲོང་ངུར་ཆོས་རྗེ་བསྟན་འཛིན་འགྲོ་འདུལ་ཞབས་ཀྱི་ཡང་སྲིད་ངོས་འཛིན་དང་སྐུ་བདག་སྐྱེད་སྲིང་ཐུབ་པ་དེ་ཙམ་ཞིག་བཀའ་དྲིན་གཏང་རག་གི་ཚུལ་དུ་འབུལ་ཐུབ་པ་དང་། རྗེ་བླ་མ་གྲོལ་བ་བཞི་ལྡན་གང་ཉིད་སྐུ་མྱ་ངན་འདའ་ཁར་ཡང་རྗེས་འཛིན་གྱི་གསུང་རིན་པོ་ཆེ་ཕེབས་པ་དང་། ཐུགས་སྲས་ཡོངས་ཀྱི་གཙུག་ནོར་བདག་གི་བླ་མ་བསྟན་འཛིན་འགྲོ་འདུལ་མཆོག་ལ་ཡང་དྲང་དོན་དགོངས་པ་ཅན་ཞིག་སྟེ་བསྟན་འཛིན་ལམ་བཟང་འུ་འདྲ་ཞིག་ང་ཚོར་དཀོན་མཆོག་གི་གནང་བྱིན་ཡིན། ཞེས་དང་། ཁོས་ངའི་ཆེད་དུ་དཀའ་ལས་མང་པོ་རྒྱབ་བྱུང་སོགས་ཐུགས་དགྱེས་ཡོད་ཚོད་ལྟ་བུ་སོགས་གསུང་བྱིན་རླབས་ཅན་འགའ་རྗེ་འགྲོ་འདུལ་མཆོག་གིས་བསྙད་བྱུང་བ་དེ་ཙམ་གྱིས་དགའ་བ་དང་སེམས་གསོ་བགྱིད་ཀྱི་ཡོད་མོད། དོན་དུ་སྲས་མཆོག་རྒྱལ་བ་དོན་འགྲུབ་ཀྱིས། མ་བཞུགས་པའི་ཚེ་ན་དགའ་མ་ཚོར། །མ་གཤེགས་པའི་ཚེ་ན་སྙིང་མ་དགའ། །གསུངས་པ་ལྟར་གནས་ལུགས་ཀྱི་སྒྲོ་འདོགས་མ་ཆོད། ཉམས་ལེན་སྣེ་གཅིག་མེད། བཀའ་ལུང་ཚུལ་བཞིན་སྒྲུབ་པའི་ནུས་པའམ་སྙིང་སྟོབས་དང་། བརྩོན་འགྲུས། ཤེས་རབ་སོགས་གཏན་ནས་མེད། རྒྱ་གྲོང་འགྲིམས་བཞིན་སྐྱ་མིན་སེར་མིན་གྱི་འཚོ་བ་ལ་ལོངས་སུ་སྤྱོད་ཅིང་བསྡད་དུས་མཚམས་རེེར་ཡིད་མ་དགའ་ནས་ཤི་ན་འདོད། འདི་ལྟར་སངས་རྒྱས་རང་ལག་ཏུ་སྤྲད་ན་ཡང་ལས་དམན་ང་ཡི་ཁ་ཐབས་འདི་ཙམ་ལས་མི་འདུག་པས་རྗེ་ཡིད་བཞིན་ནོར་བུ་ཁྱེད་ཀྱི་སློབ་མ་ཡིན་པར་སྨྲ་བ་ཙམ་ཡང་ངོ་ཚ་དགོས་ན་ཡང་ན་བའི་བུ་ལ་མ་བཞིན་ནམ་ཡང་ཐུགས་རྗེ་ཆེན་པོས་འདི་ཕྱི་བར་དོ་ཀུན་ཏུ། གཏན་དུ། མགོན་དང་དཔུང་། བཤེས་གཉེན་དམ་པ་མཛད་ནས་ཆོས་ཉིད་ཀློང་དུ་བཀྲི་བར་མཛད་པར་གོར་མ་ཆགས་སྙམ་མོ། །རྣམ་པ་གཅིག་ཏུ་ན་རྫ་དཔལ་སྤྲུལ་རིན་པོ་ཆེས། རྨོངས་པ་ཕལ་ཆེར་གཟུགས་བརྙན་འབྲི་ཞིང་བསྒོམ། །དངོས་སུ་བཞུགས་ལ་རིམ་གྲོ་བགྱི་བ་མེད། །ཅེས་གསུངས་པའི་ངང་ཚུལ་དུ་མ་སོང་བ་འདི་ནི་དགའ་བ་ཀུན་གྱི་ནང་ན་མཆོག་དམ་པ་ཡིན་པར་སྨྲ་མི་དགོས་སོ། །དེ་ལྟར་སེམས་ཅན་ཀུན་ལས་ཉོན་མོངས་ལྕི་བའི་སྡིག་ཅན་གྱི་སློབ་བུ་གྱི་ན་བ་འབྲོང་ངུར་ཕོ་ཉར་འབོད་པས་རྗེ་བླ་མ་དམ་པ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་གཤེགས་ནས་ཆུ་བུར་མིག་གིས་མཇལ་དུ་མི་བཏུབ་པས་ཡིད་མ་དགའ་ནས་དྲན་གདུང་ལྕི་མོས་རྗེས་སུ་དྲན་པའི་དོད་ཙམ་སྤེལ་བའོ། །༡༠༡༥/ ༡༠ / ༢༩
རྩོམ་ཡིག་འདི་ཐེངས་ 1019 བཀླགས་འདུག
ཤོག་ངོས་འདི་ཐེངས་ 870 བཀླགས་འདུག
སྡེ་ཚན།
རྣམ་ཐར།
ནགས་ལྷ་དྲ་མཛོད།
ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།
གསར་ཤོས་དག : ནགས་ལྷ་དྲ་མཛོད།
སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་
« སྟག་ཕུའི་ཨར་གཞས་ལེའུ་དགུ་པ་དབང་གི་རྒྱལ་པོའི་འགྲེལ་བ་དོན་གསལ་སྒྲོན་མེ།
ཆོ་འཕྲུལ་སྨོན་ལམ། »
དཔྱད་མཆན་འགོད་ས།
རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།
གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།
ལོ་རྒྱུས་གསར་ཤོས།
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་…
སྡེ་ཚན ལུང་ཚན་བྱེ་བྲག | ཟླ་ཚེས་ 14-04-2018 | ཀློག་གྲངས། 8627
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན། ནགས་ཤོད་ཚོ་དགུ་ནི། འབྲི་རུ།སྟག་དྲུག །བོམ་ཕན། ཁྲ་རིང... བཀླགས་འཕྲོ...
ནགས་ཤོད་པའི་རིག་གནས་སྒྱུ་རྩལ།
སྡེ་ཚན ལུང་ཚན་བྱེ་བྲག | ཟླ་ཚེས་ 14-04-2018 | ཀློག་གྲངས། 3152
གནའ་དུས་ནས་དམངས་ཁྲོད་དུ་དར་རྒྱས་ཡོད་པའི་རོལ་དབྱངས། གླུ། སྒྲུང་གཏམ། གཏམ་དཔེ། གཞས། ཞབས་བྲོ། ... བཀླགས་འཕྲོ...
འགྲིམ་འགྲུལ་སྐྱེལ་འདྲེན།
སྡེ་ཚན ལུང་ཚན་བྱེ་བྲག | ཟླ་ཚེས་ 14-04-2018 | ཀློག་གྲངས། 3100
བོད་སྤྱི་མཚུངས་བཞིན་རྟ་དྲེལ་མཛོ་གཡག་ལ་བརྟེན་ནས་ཡུལ་འབྲོག་བར་དང༌། ཚོང་འགྲུལ། ཚྭ་ལེན། དབྱར་ད... བཀླགས་འཕྲོ...
ནགས་ཤོད་ཅེས་པ་ནི།
མིང་ལ་འདོད་རྒྱལ་དང་རྗེས་གྲུབ་གཉིས་ཡོད་པ་ལས་རྒྱུ་མཚན་ལ་ལྟོས་པའི་རྗེས་གྲུབ་ཏུ་བརྡ་…
མཆན་གསར་ཤོས།
- ནགས་ཤོད་ནགས་ལ་ས་མཐའ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། རྩོམ་ཡིག་འདིའི་ནང་གི་རྒྱབ་རྟེན་ལུང་དང་སྒྲུབ་བྱེད་རིགས་པ་གཉིས་ལ་བལྟས་ན་ས་མཐའ་ཡོད་པའི་ཕྱོགས་ལ་ཉེ། རྩོམ་པ་པོ། : མི་ནག་མདུང་ཐུང་། on Thu 23 Aug 2018 ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ། (དཔྱད་རྩོམ།)
- དྲིས་ལན་གཟུར་གནས་དགྱེས་པའི་གཏམ་དྲིས་ལན་བཅུ་བརྒྱད་པོ་གནད་ལ་ཕིགས་པའི་དྲིས་ལན་གནང་འདུག་སྙིང་ནས་བཀའ་དྲིན་ཆེ། རྩོམ་པ་པོ། : མིང་འདིར་བྲིས། on Thu 31 May 2018 དྲིས་ལན་གཟུར་གནས་དགྱེས་པའི་གཏམ། (བརྒལ་བརྟག)
མཆན་མང་ཤོས།
-
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན།
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན། ནགས་ཤོད་ཚོ་དགུ་ནི།…
-
ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ།
དགའ་ལྡན་སྙན་བརྒྱུད་སྤྲུལ་པའི་གླེགས་བམ་ལ་བརྟེན་ནས་གསར་རྩོམ་ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ་བཞུགས་སོ།། ན་མོ་གུ་རུ་ཛཱ་ཡ་ཨིཎྜ་ཡ།…
-
དེ་རིང་།
ནགས་ཀྱི་ཤིང་ལོ་ནས། མེ་ལྟར་ཚ་བའི་ཉི་མ་དེས།།ས་གཞི་འདི་ཡང་འབར་རམ་ཅི།།བར་སྣང་ལས་ཀྱས་མེ་འོད་འཕྲོས།།རྐང་འཐུང་ཚོགས་རྣམས་ཉོབ་ཅིང་དུབ།།…
-
དྲིས་ལན་གཟུར་གནས་དགྱེས་པའི་གཏམ།
ཀླུ་སྒྲུབ་བསྟན་པ་ལྗོངས་འདིར་སྤེལ་བ་ལ།།གངས་ཅན་མཁས་པ་ཡོངས་ཀྱི་ཅོད་པཎ་ཞེས། །…
-
ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
འབྲི་རུ་སྐལ་བཟང་རྒྱལ་མཚན། སྟོན་པ་མཆོག་དང་འཕགས་བོད་པཎ་གྲུབ་སྤྱི།།མེས་དབོན་རྣམས་ལ་གུས་པས་རབ་བཏུད་ནས།།ནགས་ཤོད་ནགས་ལ་ས་མཐའ་ཡོད་མེད་ཀྱི།།དགག་སྒྲུབ་གཏམ་གྱི་སྦྱོར་བ་མདོ་ཙམ་སྤེལ།།…