ནགས་ལྷ་དྲ་མཛོད།

ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

བསྟན་པ་དར་ཕྱུག

[གནད་ཚིག] ནང་མ། ཕོ་བྲང་ནང་མ། གམ་བཅར་ནང་མ། ནང་མའི་སྐྱིད་སྡུག །ནགྷམ།

[དོན་དག་གཙོ་བོ།] ནང་མ་ཞེས་པའི་བརྡ་ཆད་འདིའི་གོ་བ་དང་། དར་ཡུལ་དང་འཕེལ་རིམ། འབུད་དཀྲོལ་གྱི་རོལ་མོ། དེ་བཞིན་བརྗོད་དོན་བཅས་ཀྱི་སྐོར་ཡིན།

ཐོག་མའི་གཏམ།

བོད་ཀྱི་དམངས་ཁྲོད་དུ་དར་ཤུགས་ཆེ་བའི་གཞས་རིགས་མང་པོ་ཡོད་པའི་ཁྲོད་དུ་“ནང་མ་”ཞེས་པ་འདི་མི་དམངས་ཀྱི་ཁྲོད་དུ་གོ་ས་ངེས་ཅན་བཟུང་བའི་དམངས་གཞས་ཀྱི་རིགས་ཤིག་རེད། འདི་ལ་རྒྱུས་ལོན་གཏིང་ཟབ་དགོས་ན་འདི་དང་འབྲེལ་བའི་མི་སྣ་དང་དར་ཡུལ་གྱི་ས་གནས་ས་ཐོག་ལ་འགྲོ་བ། དེ་བཞིན་འབྲེལ་ཡོད་ཀྱི་དཔྱད་རྩོམ་གང་མང་ཞིག་བཀླག་དགོས་པ་བཤད་མིི་དགོས་ཀྱང་།  ཁོ་བོ་ནི་“ནང་མ་”ཞེས་པའི་གླུ་གཞས་འདི་ལ་རྒྱུས་ལོན་བྱས་ནས་དུས་ཚོད་ཐུང་ཐུང་ལས་སོང་མེད་རྐྱེན་འདིའི་ཐོག་ལ་ལྟ་ཚུལ་གསར་པ་ཅི་ཡང་སླེབས་མི་ཐུབ་མོད། རོལ་དབྱངས་འདིའི་ལས་ལ་དངོས་སུ་ཞུགས་མྱོང་བ་དང་། དེ་བཞིན་འདིའི་ཐོག་ལ་ཐུགས་ཁུར་དང་དོ་སྣང་བྱེད་མཁན་རྣམས་ཀྱིས་བྲིས་པའི་དཔྱད་རྩོམ་ལག་སོན་བྱུང་བ་དག་བཀླགས་རྗེས་ཁོང་ཚོའི་འདོད་ཚུལ་རྣམས་མ་འཁྲུག་པར་ཕྱོགས་གཅིག་ཏུ་སྤུང་ཁུལ་བྱས་ཡོད་ལ། དེ་བཞིན་བརྗོད་དོན་གྱི་ཐད་ལ་རང་བློས་དཔག་ཚོད་ཀྱིས་དཔྱད་པ་ཕྲན་བུ་ཞིག་བྱས་ཡོད།

བསྟན་འཛིན་དར་ལྡན།

[ནང་དོན་གནད་བསྡུས།] ཚིག་ཉུང་དོན་བསྡུས་ཀྱིས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་ཐུགས་དགོངས་ལ་མངའ་བའི་བོད་སྐད་ཡིག་གི་གལ་གནད་དང་། བོད་སྐད་ཡིག་གི་རིན་ཐང་ཇི་འདྲ་ཡིན་མིན་ཕྱོགས་བསྡུས་གསལ་འདོན་དང་འབྲེལ། བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་རྒྱ་ཁྱབ་སླད། གོང་རིམ་ལ་སྙན་ཞུ་རིམ་པར་ཕུལ་ཚུལ་དང་། བོད་ཁུལ་གང་སར་བོད་ཡིག་སློབ་གྲྭ་ཆེ་ཆུང་ཉི་ཤུ་ལྷག་འཛུགས་བསྐྲུན་བཀའ་དྲིན་ཅི་ལྟར་བསྐྱངས་ཚུལ་བཅས། གསུང་རྩོམ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུས་གཙོས་འབྲེལ་ཡོད་བཀའ་སློབ་ཡིག་ཆ་ཁག་ཁུངས་སུ་བྱས་ཏེ་གསལ་འདོན་ཅི་ནུས་བྱས་ཡོད།

[གནད་ཚིག] བོད་སྐད་ཡིག་སྲུང་སྐྱོབ། པཎ་ཆེན་སྐུ་ཕྲེང་བཅུ་པ། ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ།

སྔོན་གླེང་།

༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་ནི་ལར་ཞེན་ཆེ་ཞིང་དཔའ་ངར་ལྡན་ལ། མི་རིགས་དང་རིག་གཞུང་ཆེད་སྐུ་ཚེ་ཧྲིལ་བོར་སྐུ་ལས་ཚད་མེད་བསྐྱངས་ཤིང་། བོད་མི་རིགས་འདིའི་ཆེད་རླབས་ཆེའི་བྱས་རྗེས་བཞག་ཡོད་པ་ནི། བོད་མི་ཡོངས་ཀྱི་མངོན་སུམ་མིག་གི་སྤྱོད་ཡུལ་དུ་གྱུར་ཡོད་པ་རེད། ལྷག་ཏུ་ཁོང་གིས་བོད་ཀྱི་སྐད་ཡིག་ཉམས་པ་སླར་གསོ་དང་རྒྱུན་གནས་ཡོང་སླད་སྐུ་ངལ་ཚད་མེད་བསྐྱངས་ཡོད་པ་སྨོས་མི་དགོས་པ་ཞིག་རེད་མོད།

བསྟན་འཛིན་སྟོབས་ལྡན།

སྤྱི་གླེང་།

རྩོམ་རིག་གི་ལོ་རྒྱུས་རིང་མོའི་ནང་དུ་སྒྱུ་རྩལ་གྱི་རྩོམ་རིག་སྣ་ཚོགས་བྱུང་ཞིང་། དེ་ཉིད་ཉམས་སུ་མྱོང་སྟངས་སམ་མྱོང་བྱེད་མི་འདྲ་བ་བྱུང་བས། སྙན་རྩོམ་ལ་གཞུང་ལུགས་ངོས་ནས་མྱོང་རོལ་བྱེད་པ་དང་། སྒྱུ་རྩལ་གྱི་ཐོག་ནས་རོ་འཚོལ་བ། མཛེས་དཔྱོད་རིག་པའི་ངོས་ནས་སྙན་ངག་གི་མཛེས་པ་མྱོང་བ་བཅས་མཆིས་རུང། ད་སྔ་ཡན་བོད་ཀྱི་སྙན་རྩོམ་ཀློག་པ་པོ་རྣམས་ཀྱིས་གཞུང་ལུགས་དང་སྒྱུ་རྩལ་ངོས་ནས་ལྟ་བ་ལས་མཛེས་དཔྱོད་རིག་པས་བཀླག་མྱོང་བྱས་པ་ཤིན་ཏུ་ཉུང་།

གཅིག་ནི་མཛེས་དཔྱོད་རིག་པའི་གཞུང་ལུགས་དར་ཕྱིས་པ་དང་། གཉིས་ནི་མཛེས་དཔྱོད་རིག་པའི་གཞུང་ལུགས་རང་རྩོམ་དང་འགྱུར་རྩོམ་གཉི་ག་ཚད་ལྡན་མེད་པ[1]། གསུམ་ནི་དེའི་ཕྱོགས་ལ་བློ་ཁ་འཁོར་བ་ཉུང་བས། བོད་ཀྱི་སྙན་རྩོམ་ལ་ཟུར་ངོས་གཅིག་ནས་མྱོང་རོལ་བྱ་རྒྱུ་ལྷག་ཡོད། བློ་བཟང་དཔལ་ལྡན་ཚང་གི་“ཕོ་ཉ་གཞོན་ནུ་དོན་གྲུབ”་ལྟ་བུ་བོད་ཀྱི་སྙན་རྩོམ་གྱི་ཁྲོད་ནས་གྲལ་མགོ་བསླེབས་པ་ཞིག་ཡིན་རུང་། དེ་ཉིད་ལ་འགྲེལ་བ་དང་འཆད་འཁྲིད། དཔྱད་བརྗོད། མྱོང་གཏམ་སྤེལ་བ་སོགས་ལས། མཛེས་དཔྱོད་རིག་པའི་ངོས་ནས་གླེང་སློང་བྱས་པ་མིག་གི་མཐོང་ལམ་དུ་དཀོན། ཕོ་ཉ་གཞོན་ནུ་དོན་གྲུབ་ནི་སྒྱུ་རྩལ་གྱིས་ཕྱུག་ཅིང་མཛེས་པས་གང་བའི་སྙན་རྩོམ་ཞིག་ཡིན་པས། ཁོ་བོས་ཤེས་ཚོད་ཀྱིས་མཛེས་དཔྱོད་རིག་པའི་ངོས་ནས་ཕོ་ཉ་གཞོན་ནུ་དོན་གྲུབ་ལ་ཅུང་ཟད་ཙམ་གླེང་བར་འདོད།

མ་ཏི་བྷ་དྲ།

འདི་ནས་བརྩིས་པའི།

འཇིག་རྟེན་གྱི་སྣང་བ་གཞན་ཞིག་རེད།

ན་བུན་དང་རེ་འབྲས་དབེན་པའི་གོ་ལ་ཞིག་ཀྱང་ཡིན་སྲིད།

ཉི་ཟེར་དང་ཟླ་འོད་དབེན་པའི་ལོ་ཟླ་དག་ལ།

དྲོད་ཁུལ་དང་འོད་ཐིགས་ཀྱི་ཆ་ཤས་ཤིག་གང་ནས་འཚོལ།

རེ་སྒུག་དང་མཇལ་འཛོམས་ཀྱི་སྣང་བ་ཡང་དུས་དེ་ནས་ཡལ་སོང་ངམ།

གནས་འདི་ནས་རང་སྣང་གི་ཚོར་བ་རེ་ཁྱེར་ནས།

མངར་སྐྱུར་གྱི་འཚོ་བ་ལ་ཚིག་དུམ་འགས་གསོ་བར་བྱ།

བསྟན་འཛིན་དར་རྒྱས།

སེམས་ཀྱི་འཁོར་ས།

རྨི་ལམ་གྱི་འཁྲུལ་ས།

ཕ་ཡུལ་བསིལ་ལྗོངས།

ས་ཆ་དེ་ན་ངའི་ལུས་ཀྱི་ལྟེ་ཁྲག་འཐོར་ས།

བྱིས་དུས་འཚར་ལོངས་དང་མི་ཚེ་སུམ་ཆའི་སོང་ཤུལ།

འདས་པའི་ལོ་ཟླ་རིང་མོ།

ཕྱིར་དྲན་བྱེད་དུས་དགའ་སྐྱོ་འདྲེས་མའི་རོལ་དབྱངས།

ད་ཆ་ང་ལུས་པོ་གཞན་ཡུལ་དུ་གྱར་ཡང་།

གནམ་སའི་བར་ཐག་རིང་ཡང་།

ངས་བརྗེད་མི་ཐུབ་པའི་ཕ་ས་དང་ཕ་ཡུལ།

མྱོང་འདྲིས་ཆེ་བའི་གཤིས་ལུགས་ཀྱི་བག་ཆགས་མཐུག་པོ།

གངས་རིས་བསྐོར་བའི་ཞིང་ཁམས།

སྔོ་ཞིང་དྭངས་པའི་ནམ་མཁའ།

འབག་བཙོག་གིས་མ་བསླད་པའི་རང་བྱུང་གི་ཁོར་ཡུག།

དྭངས་གཙང་ཆུ་མོ།

སྦྲ་ནག་གི་འཚོ་བ།

རྟ་ནོར་ལུག་གསུམ་གྱི་གཡང་ཟོག།

མེ་ཏོག་གི་འཇའ་མཚོན།

སྤང་ལྗོངས་ཀྱི་ནེའུ་གསེང་།

རི་བོ་ནི་ཧ་ཅང་མཐོ།

མུ་མཐའ་མེད་པའི་རྩྭ་ཐང་།

མ་མཐོང་བགྲང་བྱ་བཅུ་ཕྲག་འགར།

མིག་ཟུང་ཡུན་རིང་བོར་ཡང་དུང་བའི་སེམས་པ་ནམ་ཡང་བྲལ་ཐབས་མེད།

ལུས་པོ་ཁ་ཐག་རིང་ཡང་སེམས་པ་ཁ་ཐག་རིང་བ་མེད།

ད་ལྟ་ཕ་ཡུལ་གྱི་སྣང་བརྙན་ནི་མིག་ལ་རབ་རིབ་ཅིག་དང་།

སེམས་ལ་མག་མོག་ཅིག་ལས་མ་འདས་མོད།

ཕ་ཡུལ་ལ་དགའ་བའི་སེམས་པ་དང་།

ཕ་ཡུལ་ལ་དུང་བའི་ཚོར་བ་ནི་དུས་བཞིའི་ཁ་ཆར་རླུང་འཚུབ་ཀྱིས་བསུབ་མི་ཐུབ་ལ།

ལོ་ཟླའི་གཙང་བོའི་རླབས་ཕྲེང་གིས་འཁུར་མི་ནུས་ཏེ།

ཕ་ཡུལ་ནི་ནམ་ཡང་སེམས་པ་དང་འབྲལ་ཐབས་བྲལ་བའི་བག་ཆགས་ཀྱི་གཏིང་རུམ་ལ་ཟུག་པའི་དྲན་ཤིང་གསོན་པོ་དེ་ཡིན།

ཕ་ཡུལ་ནི་དུས་རྒྱུན་ཚེ་སྲོག་དང་དབྱེ་བར་དཀའ་བའི་ཤ་ཁྲག་རུས་གསུམ་གྱི་བར་གསེང་ན་དལ་མེད་རྒྱུ་བའི་ཚོར་བ་ཕྲ་མོ་དེ་ཡང་ཡིན་པས་སོ། །

ཕ་ཡུལ་གྱི་རི་ལུང་ནགས་གསུམ་གྱི་ཁ་དོག་དང་། ཡུལ་དགོན་གྱི་ཆགས་དབྱིབས། ཞིང་འབྲོག་གི་འཚོ་ཐབས།

རི་ཆུའི་བཏགས་མིང་སོགས་ཀྱང་ད་ལྟ་སེམས་ལ་ཤིན་ཏུ་གསལ་ཡོད།

ད་ཆ་ལུས་པོ་གཞན་ཡུལ་འཁྱམས་ཀྱང་སེམས་པ་ཕ་ཡུལ་ལ་འཕྲེང་ཡོད།

འཇམ་དབྱངས་བསྟན་མཚོ།

བདག་གི་སློབ་དཔོན་དམ་པ།

དུས་སྐབས་འདིར།

གོ་ས་དང་འབྱོར་བའི་མགོ་འཕང་མཐོ་དྲགས་པས།

ཁྱེད་ཀྱི་ཤེས་རབ་དང་ལྷག་བསམ་མཐོང་མཁན་ཤིན་ཏུ་དཀོན།

བདག་གི་སློབ་དཔོན་དམ་པ།

དུས་སྐབས་འདིར།

སྒེར་གཅོད་དང་ཕྱོགས་འཛིན་གྱི་ཆགས་སྡང་ཐལ་དྲགས་པས།

ཁྱེད་ཀྱི་གཞན་ཕན་དང་དཀྱེལ་ཡངས་ཀྱི་བསམ་བློའི་གཏིང་དཔོག་མཁན་ཧ་ཅང་ཉུང་།

བདག་གི་སློབ་དཔོན་དམ་པ།

དུས་སྐབས་འདིར།

ངོ་སོ་དང་གཡོ་ཟོལ་གྱི་རྣམ་པ་རྫོབ་དྲགས་པས།

ཁྱེད་ཀྱི་ཆོག་ཤེས་དང་སྨྲ་ཉུང་གི་བདེན་ཚུགས་ཤེས་མཁན་ཧ་ཅང་ཉུང་།

བདག་གི་སློབ་དཔོན་དམ་པ།

དུས་སྐབས་འདིར།

ཕྱིའི་ཆ་ལུགས་ཀྱི་རྣམ་པ་དོད་དྲགས་པས།

ཁྱེད་ཀྱི་ནང་སེམས་ཀྱི་མཛེས་པ་མཐོང་མཁན་ཧ་ཅང་དཀོན།

བདག་གི་སློབ་དཔོན་དམ་པ།

དུས་སྐབས་འདིར།

ཕྱོགས་ལྷུང་དང་རིས་འབྱེད་ཀྱི་སྣང་ཚུལ་སྐྱུག་བྲོ་བས།

ཁྱེད་ཀྱི་བཏང་སྙོམས་དང་དྲང་ཚུགས་ཀྱི་མི་གཞི་མཐོང་མཁན་ཧ་ཅང་དཀོན།

དེར་བརྟེན།

བདག་གི་སློབ་དཔོན་ལགས།

ཁྱེད་ཀྱིས་རྙེད་པ་དང་ཁེ་གྲགས་དོན་དུ་མ་གཉེར་བས།

ཐམས་ཅད་ཀྱི་གྲལ་མཐར་སྡོད་ལ།

བདོག་པ་ཕུན་སུམ་ཚོགས་པའི་འབྱོར་བས་ཀྱང་ཕོངས།

བྱས་པ་དྲིན་དུ་འདྲེན་པའི་གཏམ་སྙན་ཀྱང་མེད།

དེ་ལྟ་ནའང་།

དངོས་ཡོད་ལ་ཁྱེད་ནི།

རང་གི་རིགས་ལ་ཞེན་པ་དཀར་ཞིང་།

རང་སེམས་གཙང་མའི་ཐུགས་རྒྱུད་ཕྱུག།

ལེགས་ཉེས་འབྱེད་པའི་རྣམ་དཔྱོད་རྣོ་བས།

བཞུད་པའི་ལམ་ལ་བདེན་པ་གསལ།

དངོས་ཡོད་ལ་ཁྱེད་ནི།

ཡེ་ཤེས་ཀྱི་སྒྲོན་མེ་ཞིག་སྟེ།

མ་རིག་པའི་སྨག་ཆེན་སེལ་བར་བྱེད།

མཉེས་གཤིན་གྱི་ཐུགས་རྒྱུད་དྲང་བས།

བདེན་པ་སྲུང་བའི་ལྷ་དང་མཐུ་བོ་ཆེ་དག་ཁྱེད་ལྟ་བུར་ཤིན་ཏུ་ནས་མཉེས།

དངོས་ཡོད་ལ།

ཁྱེད་ནི་གདུང་མ་འདེགས་པའི་ཀ་བ་བཞིན།

མི་རིགས་ཤིག་གི་སྲོག་རྩ་སྐྱོར་བའི་དབྱངས་གསལ་གྱི་ཀ་ཆེན་དེའང་ཡིན།

བསམ་གཏན་དཔལ་འཛོམས།

ནག་ནོག་དྲི་མས་མ་གོས་པའི། །

རྒྱ་ཤོག་དཀར་པོ་ཇི་བཞིན་དུ། །

ཆགས་སྡང་རྨོངས་པས་མ་གོས་པའི། །

ལོ་ཆུང་བྱིས་པའི་སེམས་ཁམས་གཙང་། །

 

ང་དགའ་ཁྱོད་སྡུག་རྣམ་རྟོག་དང་། །

འཁྱག་ལྟོགས་བཀྲེས་སྐོམ་སེམས་འཁྲལ་དག །

རྣམ་པར་དབེན་ཞིང་རྩེད་མོ་ལ། །

གཡེང་བའི་བྱིས་པ་འདི་དག་མོས། །

 

གུས་མོ་སློབ་གྲྭ་འདིར་སླེབས་ནས། །

ལོ་འཁོར་གསུམ་ལྷག་ཕྱིན་ན་ཡང་། །

ཟླ་ཤས་ལྟ་བུའི་ཚོར་སྣང་འདི། །

བྱིས་པ་འདི་ཚོའི་བཀའ་དྲིན་ཡིན། །

 

གང་གིས་ཤེ་ན་སློབ་ཕྲུག་རྣམས། །

ཕལ་ཆེར་གྲོང་གསེབ་དབུལ་པོ་དང་། །

ཕ་མ་མེད་པའི་དྭ་ཕྲུག་དག །

གསོ་སྐྱོང་བྱས་པ་ཤ་སྟག་ཡིན། །

 

དེ་ལྟའི་ཉམ་ཐག་སློབ་ཕྲུག་ཚོའི། །

གནས་སྟངས་དངོས་སུ་མཐོང་བའི་ཚེ། །

ལྷག་བསམ་རྣམ་པར་དག་པ་ཡིས། །

ངལ་བ་དང་ལེན་སློབ་ཁྲིད་བྱས། །

 

དེ་ཡང་སློབ་དུས་ཡོལ་མེད་ངང་། །

སོ་སོའི་སློབ་ཚན་ཆད་མེད་ཀྱིས། །

ཁ་གསལ་གོ་བདེ་གཙོར་བཟུང་བའི། །

སློབ་ཁྲིད་དགའ་བའི་འཛུམ་གྱིས་བསུས། །

 

སྐབས་རེ་དགོས་པ་རྒྱུ་མཚན་གྱིས། །

ལེ་ལོའི་དབང་གྱུར་སློབ་ཕྲུག་འགར། །

སེམས་པ་གངས་རི་ལས་དཀར་ཡང་། །

ངོ་གདོང་རྫ་རི་ལས་གནག་ཅིང་། །

 

ཕྲ་རིང་དབྱུག་པ་འཕྱར་ཙམ་དང་། །

སྡིགས་མོའི་སྐད་གསང་བསྒྲགས་པ་ཡིས། །

རྣམ་གཡེང་ལེ་ལོའི་ངན་སྤྱོད་ལས། །

བཅུན་པའི་ཐབས་ལམ་འབད་བརྩོན་བྱས། །

 

སྐབས་འགར་ན་ཆུང་སློབ་ཕྲུག་ཚོ། །

མཉམ་དུ་རྩེད་མོ་རྩེ་བ་དང་། །

སྙན་པའི་སྒྲུང་དང་མཚར་བའི་གཏམ། །

སྣང་བ་སྐྱིད་པའི་འཚོ་བར་རོལ། །

 

སྐབས་རེ་ཤེས་ཡོན་ཀུན་སྤྱོད་ཐད། །

སློབ་ཕྲུག་སེམས་ཁམས་དང་མཐུན་པའི། །

སློབ་ཞོར་ཁ་ཏ་བསླབ་བྱ་དག །

གང་ཤེས་དུས་དང་འཚམ་པར་བྱས། །

 

ཉམས་ཆུང་བྱིས་པ་སློབ་ཕྲུག་ཚོའི། །

མཉམ་དུ་འགྲོ་འདུག་ཚོར་སྣང་ནི། །

མི་ཚེའི་ནང་གི་སྐྱིད་ཤོས་ཤིག །

ཡིན་སྣང་ཤར་བས་སྤྲོ་བ་འཕེལ། །

 

དེས་ན་གཅེས་པའི་སློབ་ཕྲུག་ཚོ། །

ཤེས་ཡོན་ཀུན་སྤྱོད་ཡར་རྒྱས་ངང་། །

བདེ་སྐྱིད་ལྡན་པའི་འཚོ་བ་ལ། །

རོལ་བའི་བཀྲ་ཤིས་སྨོན་ལམ་འདེབས། །

འབྲི་བཟའ་ཟླ་སྒྲོན།

བྱང་ཕྱོགས་སྤྲིན་ཕུང་དཀར་པོའི་ཡུལ་དེ་ན། །

དབུ་ལོ་དར་དཀར་འདྲ་བའི་མ་ལོ་བཞུགས། །

གངས་རིའི་ཕྲེང་བ་བསྒྲིགས་པའི་བསིལ་ལྡན་ཞིང་། །

 

ལག་ཟུང་སེར་ག་གས་ཤིང་ལས་བརྩོན་མ། །

ཁྱེད་ཉིད་དྲན་དུས་བས་མཐའི་བུ་མོ་ངའི། །

མིག་མཐར་མཆི་མས་བརླན་ཞིང་སྐྱེད་མ་དྲན། །

མིག་ཟུང་བྱང་ལ་གཏད་དེ་གདུང་དབྱངས་ཤོར། །

 

ལས་ངན་ང་ཡི་བསོད་ནམས་དབེན་པའི་རྐྱེན། །

མ་ལོའི་ཞལ་བཟང་མ་མཇལ་ལོ་དྲུག་དང། །

བརྩེ་བའི་གསུང་སྙན་མ་ཐོས་ལོ་གཉིས་འདས། །

སྙིང་ཁར་ལག་ཆུང་བཞག་སྟེ་འདང་རྒྱག་དུས། །

 

དྲན་གདུང་དྲག་པོའི་སེམས་པ་འཁྱག་སིབ་སིབ། །

མིག་ཟུང་བཙུམས་ཤིང་ད་ལྟའི་གནས་བབ་ལ། །

བསམ་དུས་རང་ཡུལ་འགྲོ་སྐལ་ཨེ་ཡོད་སྙམ། །

མགོ་བོ་ཐུར་དུ་གུག་སྟེ་འབྱུང་འགྱུར་གྱི། །

 

ཕུགས་བསམ་འཆར་གཞི་ཡང་ཡང་བསམ་པའི་ཚེ། །

ཨ་མ་མཇལ་བའི་སྐལ་བཟང་གོ་སྐབས་ཤིག །

བདག་ལ་རྙེད་པའི་ཚོར་སྣང་ཞིག་ཀྱང་སླེབས། །

ནགས་ལྷའི་གཡག་རྒོད།

རྒྱལ་བུ་ནོར་བཟང་ཐོན་ལ་ཉེ་བ་ན། །

ནག་མོ་ཞིག་གི་སོ་དག་བཙལ་དགོས་བྱུང་། །

ལྷག་མ་ལྔ་ལས་རྙེད་པ་མ་བྱུང་སྟབས། །

བློ་ཁོག་སོར་གང་ཙམ་གྱིས་མ་སྙོབ་སོང་། །

 

ཚོང་དཔོན་ནོར་བཟང་ཟླ་ལ་ཉེ་བ་ན། །

གྲྭ་རྒན་ཞིག་གི་དབུ་ལ་ཉུལ་དགོས་བྱུང་། །

མགོ་ནག་མི་ཡི་སྐྲ་ནི་མ་རྙེད་པས། །

བློ་ཁོག་སོར་གང་ཙམ་གྱིས་མ་དོ་སོང་། །

 

ནོར་བཟང་དག་གི་རིགས་དེ་ཆད་པ་ལ། །

མ་འདང་བ་དག་རྟགས་སུ་བརྩི་ཆོག་གམ།

ནམ་ཞིག་ཡིད་འཕྲོག་ལྷ་མོའི་རྒྱུད་དེ་ལ། །

དཔལ་ལྡན་ཆོས་ཀྱི་གྲགས་པ་འདྲེ་སྲིད་དམ།

དར་ལྕེ་ཟད་པོ།

རི་སྐྱེས་ཀུན་ལ་འབྲེལ་ལམ་ལས་ཀྱིས་ཆད། །

སུག་བཞི་མགྱོགས་པ་ལུས་ཀྱི་གྲུབ་སྟངས་ཤིག །

ཤ་གཟན་རིགས་སུ་མ་སྐྱེས་མཆེ་བ་མེད། །

ལྟོ་ཕྱིར་གཞན་སྲོག་གཅོད་པའི་འདོད་རྔམས་མེད། །

 

རྩ་སྔོན་ཆུ་གཙང་སོ་སོས་བཙལ་བས་རྙེད། །

སྤེན་ཕུང་བྲག་ཕུག་རང་བྱུང་སྡོད་ཁྱིམ་ཉིད། །

སུ་ལའང་མི་གནོད་འཚོ་བ་རོལ་ན་ཡང་། །

རི་བོང་རྣ་ཅོག་མཐོ་ཞེས་ཀུན་གྱིས་སྨོད། །

 

སྟག་མོའི་མཆེ་སྡེར་མཐོང་ན་སྙིང་རྩ་འདར། །

འབྲོང་གཡག་གློ་སྙིང་བཤད་ན་བླ་སྲོག་འཆོར། །

དེ་གཉིས་བར་ན་འཚང་བའི་དཔའ་མེད་ཀྱང་། །

རི་བོང་གཡོ་སྒྱུས་སྟག་མོ་ཆུར་གཡུགས་ཟེར། །

 

རྫི་བོས་མཐོང་ན་འུར་རྡོ་ཀླད་ལ་བསྐོར། །

བྱིས་པས་མཐོང་ན་རང་བྱུང་ཉལ་ཚང་གཏོར། །

རང་ལས་གཞན་པ་ཐམས་ཅད་དགྲར་ལངས་པ། །

བརྟགས་ན་རང་ཉིད་སྟོབས་ཤུགས་མེད་པས་ལན། །

 

རང་མཉམ་སུ་ལ་མཐུན་པས་བཀུར་ན་ཡང་།

སྲེ་མོང་ཨ་བྲ་འདེད་པའི་འབྲོས་ཞོར་དུ། །

རི་བོང་ཐུག་ན་རང་གི་མཆེ་བ་ངོམས། །

ཀུན་གྱིས་དགྲ་ལན་འཇལ་ས་རི་བོང་ང་། །

 

རང་འོག་གྲོག་མ་ཙམ་ལ་གནོད་མ་བསྐྱལ། །

མི་གཅིག་རིག་ན་འདབ་ཆགས་བྱ་ལྟར་འབྲོས། །

སྲོག་དམར་བཅད་ཀྱང་ཡ་ལན་ཞེ་ལ་མེད། །

རི་བོང་ཁ་ཤོ་ཀུན་གྱིས་ཐན་ལྟས་འབོད། །

 

ནམ་མཁའ་རྡིབ་པའི་སྣང་བ་ཡིད་ལ་མེད། །

ས་གཞི་འཇིག་པའི་དུས་ཀྱང་དཔྱོད་མི་ཤེས། །

གླེན་ལྐུགས་སྡུག་གིས་མནར་བའི་དུད་འགྲོ་ང་། །

རི་བོང་གནམ་རྡིབ་སྡུག་བསྔལ་ཡོད་ཅེས་གླེང་། །

 

མདོར་ན་ཉེས་ཚད་ཉམ་ཆུང་མགོ་ལ་གཡོགས། །

བཟང་ཚད་ངོ་སོ་བཙན་པོས་ཁྱེར་བ་འདི། །

དྲང་བདེན་འགོ་མཇུག་ལྡོག་པའི་འཇིག་རྟེན་འདིར། །

རི་བོང་ལུས་ཤིག་བླངས་ན་དམྱལ་བླ་ཡིན། །

Page 2 of 3

དུས་དེབ་གསར་ཤོས།

ནགས་ལྷའི་སྒྲོན་མེ་དེབ་ཕྲེང་བཅུ…

སྡེ་ཚན། དུས་དེབ། | ཟླ་ཚེས་ 17-07-2023 | ཀློག་གྲངས། 107

དུས་དེབ།མཚན་བྱང་། ནགས་ལྷའི་སྒྲོན་མེ་དེབ་ཕྲེང་བཅུ་བཞི་པ།རྩོམ་པ་པོ། ནགས་ཤོད་འབྲི་རུའི་སྨྱུག་... བཀླགས་འཕྲོ...

ནགས་ལྷའི་སྒྲོན་མེ་དེབ་ཕྲེང་བཅུ…

སྡེ་ཚན། དུས་དེབ། | ཟླ་ཚེས་ 29-12-2022 | ཀློག་གྲངས། 317

དུས་དེབ། མཚན་བྱང་། ནགས་ལྷའི་སྒྲོན་མེ་དེབ་ཕྲེང་བཅུ་གསུམ་པ།རྩོམ་པ་པོ། ནགས་ཤོད་འབྲི་རུའི་སྨྱ... བཀླགས་འཕྲོ...

ནགས་ལྷ་དཔེ་ཚོགས་གསར་ཤོས།

༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ…

སྡེ་ཚན། ནགས་ལྷ་དཔེ་ཚོགས། | ཟླ་ཚེས་ 31-03-2015 | ཀློག་གྲངས། 3362

ནགས་ལྷ་དཔེ་ཚོགས། མཚན་བྱང་། ༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དྲིན་རྗེས་སུ་དྲན་པའི་བསྟོད་དབྱངས... བཀླགས་འཕྲོ...

ནགས་ལྷ་རྩོམ་སྒྲིག་ཁང་ལོ་བཅུ་འཁ…

སྡེ་ཚན། ནགས་ལྷ་དཔེ་ཚོགས། | ཟླ་ཚེས་ 12-10-2019 | ཀློག་གྲངས། 2422

ནགས་ལྷ་དཔེ་ཚོགས། མཚན་བྱང་། ནགས་ལྷ་རྩོམ་སྒྲིག་ཁང་ལོ་བཅུ་འཁོར་བའི་རྗེས་དྲན་གངས་ཅན་རིག་པའི་གཏ... བཀླགས་འཕྲོ...

དེབ་གཞན་གསར་ཤོས།

མངོན་རྟོགས་རྒྱན་གྱི་འགྲེལ་པ་བར…

སྡེ་ཚན། དེབ་གཞན། | ཟླ་ཚེས་ 10-04-2020 | ཀློག་གྲངས། 16905

དེབ་གཞན། མཚན་བྱང་།  མངོན་རྟོགས་རྒྱན་གྱི་འགྲེལ་པ་བརྗོད་བྱ་སྦས་དོན་གསལ་བའི་ཉིན་བྱེ... བཀླགས་འཕྲོ...

ཡི་གེའི་རྩེད་འཇོ།

སྡེ་ཚན། དེབ་གཞན། | ཟླ་ཚེས་ 23-09-2019 | ཀློག་གྲངས། 2989

དེབ་གཞན། མཚན་བྱང་། ཡི་གེའི་རྩེད་འཇོ།རྩོམ་པ་པོ། ནགས་ཤོད་ཅོང་བརྡ།བརྗོད་བྱ། བསམ་གཞིག་སོགས་བཅད... བཀླགས་འཕྲོ...