- མདུན་ངོས།
- རྩོམ་ཡིག
- དཔྱད་རྩོམ།
- པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་རླབས་ཆེན་གྱི་མཛད་འཕྲིན་སྐོར་ལ་དཔྱད་པ།
Fri 28 Jul 2023
པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་རླབས་ཆེན་གྱི་མཛད་འཕྲིན་སྐོར་ལ་དཔྱད་པ།
བསྟན་འཛིན་དར་ལྡན།
[ནང་དོན་གནད་བསྡུས།] ཚིག་ཉུང་དོན་བསྡུས་ཀྱིས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་ཐུགས་དགོངས་ལ་མངའ་བའི་བོད་སྐད་ཡིག་གི་གལ་གནད་དང་། བོད་སྐད་ཡིག་གི་རིན་ཐང་ཇི་འདྲ་ཡིན་མིན་ཕྱོགས་བསྡུས་གསལ་འདོན་དང་འབྲེལ། བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་རྒྱ་ཁྱབ་སླད། གོང་རིམ་ལ་སྙན་ཞུ་རིམ་པར་ཕུལ་ཚུལ་དང་། བོད་ཁུལ་གང་སར་བོད་ཡིག་སློབ་གྲྭ་ཆེ་ཆུང་ཉི་ཤུ་ལྷག་འཛུགས་བསྐྲུན་བཀའ་དྲིན་ཅི་ལྟར་བསྐྱངས་ཚུལ་བཅས། གསུང་རྩོམ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུས་གཙོས་འབྲེལ་ཡོད་བཀའ་སློབ་ཡིག་ཆ་ཁག་ཁུངས་སུ་བྱས་ཏེ་གསལ་འདོན་ཅི་ནུས་བྱས་ཡོད།
[གནད་ཚིག] བོད་སྐད་ཡིག་སྲུང་སྐྱོབ། པཎ་ཆེན་སྐུ་ཕྲེང་བཅུ་པ། ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ།
སྔོན་གླེང་།
༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་ནི་ལར་ཞེན་ཆེ་ཞིང་དཔའ་ངར་ལྡན་ལ། མི་རིགས་དང་རིག་གཞུང་ཆེད་སྐུ་ཚེ་ཧྲིལ་བོར་སྐུ་ལས་ཚད་མེད་བསྐྱངས་ཤིང་། བོད་མི་རིགས་འདིའི་ཆེད་རླབས་ཆེའི་བྱས་རྗེས་བཞག་ཡོད་པ་ནི། བོད་མི་ཡོངས་ཀྱི་མངོན་སུམ་མིག་གི་སྤྱོད་ཡུལ་དུ་གྱུར་ཡོད་པ་རེད། ལྷག་ཏུ་ཁོང་གིས་བོད་ཀྱི་སྐད་ཡིག་ཉམས་པ་སླར་གསོ་དང་རྒྱུན་གནས་ཡོང་སླད་སྐུ་ངལ་ཚད་མེད་བསྐྱངས་ཡོད་པ་སྨོས་མི་དགོས་པ་ཞིག་རེད་མོད།
ཁོང་གིས་བོད་སྐད་ཡིག་སྲུང་སྐྱོབ་ཆེད་རླབས་ཆེན་གྱི་མཛད་འཕྲིན་ཇི་ལྟར་བསྐྱངས་ཚུལ་ལ་རྒྱུས་ལོན་དང་ཤེས་རྟོགས་བྱ་རྒྱུ་ནི། ཁོང་གི་བཀའ་དྲིན་རྗེས་སུ་དྲན་པ་ཡག་ཤོས་དེ་ཡིན་པ་དང་། ལྷག་པར་ད་ལྟའི་ང་ཚོའི་སྐད་ཡིག་གི་ཉག་ཕྲ་བའི་གནས་བབས་བསྒྱུར་ཐབས་ལ་ཕན་ཐོགས་ངེས་ཅན་ཡོང་སྲིད་པས། དེས་ན་འདིར་པཎ་ཆེན་རིན་པོ་ཆེ་མཆོག་གིས་བོད་སྐད་ཡིག་གི་གལ་གནད་དང་དེའི་རིན་ཐང་ཐད་བཟུང་བའི་དགོངས་པ་གང་ཡིན། བོད་སྐད་ཡིག་སྲུང་སྐྱོབ་ཆེད་གོང་རིམ་ལ་ཡར་ཞུ་དང་མི་དམངས་ལ་སྐུལ་འདེད་ཅི་ལྟར་བཏང་ཚུལ། བོད་སྐད་ཡིག་སྲུང་སྐྱོབ་ཆེད་བོད་ཡིག་སློབ་གྲྭ་ཆེ་ཆུང་ཇི་ཙམ་འཛུགས་སྐྲུན་མཛད་ཚུལ་བཅས་ལ་གསལ་འདོན་དབྱེ་ཞིབ་ཅི་ནུས་བྱ་རྒྱུ་ཡིན།
གནད་དོན་དེ་དག་ལ་དབྱེ་ཞིབ་རྒྱུས་ལོན་བརྒྱུད་སྤྱི་ཚོགས་ཁྲོད་དུ་པཎ་ཆེན་རིན་པོ་ཆེས་བོད་སྐད་ཡིག་སྲུང་སྐྱོབ་ཆེད་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་ཚུལ་གླེང་སློང་ཙམ་མ་ཡིན་པར། ཁོང་གིས་བོད་སྐད་ཡིག་མི་ཉམས་རྒྱུན་འཛིན་སོགས་ཀྱི་སླད་དུ་སྐུ་ལས་བསྐྱོན་པའི་རླབས་ཆེན་གྱི་མཛད་པ་གང་ཡིན་ངོས་འཛིན་གསལ་བོ་ཆགས་ཀྱི་རེད་ལ། དེས་རང་རེའི་བོད་སྐད་ཡིག་གི་མ་འོངས་པར་ཡང་ཕན་ཐོགས་འབྱུང་ངེས་སྙམ།
དང་པོ། ༸པཎ་ཆེན་རིན་པོ་ཆེ་མཆོག་གིས་བོད་སྐད་ཡིག་གི་གལ་གནད་དང་རིན་ཐང་ཐད་བཟུང་བའི་ཐུགས་དགོངས་ཅི་ཡིན་སྐོར།
༡ བོད་སྐད་ཡིག་གི་གལ་གནད།
༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་ཐུགས་དགོངས་ལས་འཁྲུངས་པའི་བོད་སྐད་ཡིག་གི་གལ་གནད་ལྟ་ཚུལ་དེ་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་རེད་མོད། འདིར་དེ་དག་གཅིག་བསྡུས་སམ་ཕྱོགས་བསྡུས་བྱས་ན། ཁོང་གིས་བོད་སྐད་བོད་ཡིག་གི་གལ་གནད་ནི། ༡ སྐད་ཡིག་དེ་མི་རིགས་རྒྱུན་གནས་ཐུབ་མིན་གྱི་གལ་གནད་ཡིན་པ། ༢ སྐད་ཡིག་དེ་མི་རིགས་རང་སྐྱོང་གི་ཁེ་དབང་དང་མཉམ་གནས་ཀྱི་གལ་གནད་ཡིན་པ། ༣ སྐད་ཡིག་དེ་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་ལག་ཆ་ཡིན་པའི་གལ་གནད་བཅས་ཡིན་པ་སྟེ། དེ་ཡང་“མི་རིགས་ཤིག་ལ་མཚོན་ན། རང་གི་སྐད་དང་ཡི་གེ་གཞི་འཛིན་རྒྱུ་འདི་ཧ་ཅང་ནས་གལ་ཆེ་བའི་བྱ་བ་ཞིག་རེད། དེའི་རྒྱུ་མཚན་ནི་མི་རིགས་ཤིག་ལ་རང་གི་སྐད་དང་ཡི་གེ་ཡོད་པ་དེ་མི་རིགས་གནས་རྒྱུ་དང་མི་རིགས་ཚུགས་རྒྱུའི་རྩ་བའི་མཐུན་རྐྱེན་ཞིག་ཡིན་པ་རེད།” [1]ཅེས་པ་ལས་བོད་ཀྱི་སྐད་དང་ཡི་གེ་ནི་བོད་མི་རིགས་རྒྱུན་གནས་ཐུབ་མིན་གྱི་གལ་གནད་དུ་གསུངས་ཡོད།
དེ་བཞིན་“བོད་ཀྱི་སྐད་ཡིག་ནི་ལོ་ངོ་བརྒྱ་སྟོང་རིང་རྒྱ་ཁྱབ་ཏུ་སྤྱོད་པའི་སྐད་ཡིག་ཡིན་པས་ད་ལྟ་རྒྱ་ཁྱབ་ཏུ་སྤྱོད་པའི་སྐད་ཡིག་ཨང་དང་པོ་དེ་ཡིན་དགོས། དེ་ནི་རང་སྐྱོང་གི་ཁེ་དབང་གལ་ཆེན་པོ་ཞིག་ཡིན་པ་མ་ཟད། མང་ཚོགས་དང་འབྲེལ་འདྲིས་བྱས་ནས་ལས་ཀ་ལེགས་འགྲུབ་ཡོང་བ་བྱེད་རྒྱུའི་ལག་ཆ་གལ་ཆེན་ཞིག་ཀྱང་རེད།”[2] ཅེས་པ་ལས། བོད་ཀྱི་སྐད་དང་ཡི་གེ་དེ་རང་གི་རྒྱལ་ཁབ་སྐྱོང་བའི་ཁེ་དབང་དང་། རྒྱལ་ཁབ་ཀྱི་ལས་དོན་ལེགས་འགྲུབ་ཡོང་བ་བྱེད་རྒྱུའི་ལག་ཆ་གལ་ཆེན་ཡིན་པའི་གལ་གནད་ཅིག་ལ་ངོས་འཛིན་གནང་འདུག
གཞན་ཡང་“བོད་རིགས་སློབ་གྲྭ་བ་ཞིག་ལ་ཆ་བཞག་ན་དང་ཐོག་བོད་ཀྱི་སྐད་ཡིག་སློབ་སྦྱོང་ཡག་པོ་བྱེད་དགོས་པ་དེ་ནི་ཕྱིན་ཆད་ཕ་ཡུལ་འཛུགས་སྐྲུན་བྱེད་སྐབས་ཉེ་བར་མཁོ་བའི་ལག་ཆ་ཆེས་རྩ་བར་གྱུར་པ་ཞིག་རེད།”[3] ཅེས། མ་འོངས་པར་རང་གི་ཕ་ཡུལ་འཛུགས་བསྐྲུན་བྱ་རྒྱུར། བོད་ཀྱི་སྐད་ཡིག་གལ་ཆེན་ཡིན་པ་སོགས། མདོར་ན་གནད་དོན་འདི་དག་ནི་༸པཎ་ཆེན་རིན་པོ་ཆེ་མཆོག་གི་ཐུགས་ལ་མངའ་བའི་བོད་ཀྱི་སྐད་ཡིག་གི་གལ་གནད་རེད།
༢ བོད་སྐད་ཡིག་གི་རིན་ཐང་།
༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་ཐུགས་དགོངས་ལ་མངའ་བའི་བོད་སྐད་ཡིག་གི་རིན་ཐང་དེ། ཁོང་གི་གསུང་རྩོམ་ཁག་ལ་དབྱེ་ཞིབ་ཀྱིས་ཕྱོགས་བསྡུས་བཀོད་ན་འདི་ལྟར་ཏེ། ༡ དོན་མཚོན་བརྡ་སྤྲོད་ཀྱི་ནུས་པ་ལྡན་པ། ༢ གཅིག་གྱུར་གྱི་རང་བཞིན་དང་ལྡན་པ། ༣ གོ་བདེ་དོན་ཟབ་ཡིན་པ་བཅས་སུ་འདུ་བ་ནི། དེ་ཡང་“བོད་ཡིག་གི་གསུང་རྩོམ་ཐམས་ཅད་ཁམས་དང་། ཨ་མདོ། མངའ་རིས། འབྲུག་ཡུལ། འབྲས་ལྗོངས། ཤར་ཁུམ་བུ། ལ་དྭགས་དང་བཅས། ཐ་ན་སོག་ཡུལ་སོགས་མི་རིགས་གཞན་ཁྲོད་ཀྱི་བོད་ཡིག་ཤེས་མཁན་གྱིས་ཀྱང་ནང་དོན་ཆ་ཚང་རྟོགས་ཐུབ་ཀྱི་ཡོད་ལ།” [4]ཞེས་གསུངས་པ་དང་།
ཡང་“དེ་མཚུངས་སུ་ཁམས་དང་ཨ་མདོ། མངའ་རིས། འབྲུག་ཡུལ། འབྲས་ལྗོངས། ཤར་ཁུམ་བུ། ལ་དྭགས། སོག་ཡུལ་སོགས་ས་ཁུལ་ནས་བྲིས་པའི་བོད་ཡིག་དེ་ས་ཁུལ་གཞན་གྱི་བོད་ཡིག་ཤེས་མཁན་ཚོས་ནང་དོན་ཆ་ཚང་རྟོགས་ཐུབ།”[5] ཅེས་གསུངས་པ་ལས། ཁོང་གི་ཐུགས་དགོངས་ལ་མངའ་བའི་བོད་སྐད་ཡིག་གི་རིན་ཐང་ནི་གོང་གསལ་ལྟར། དོན་མཚོན་བརྡ་སྤྲོད་ཀྱི་ནུས་པ་དང་། གཅིག་གྱུར་གྱི་རང་བཞིན། གོ་བདེ་དོན་ཟབ་ལྡན་པའི་སྐད་ཡིག་ཅིག་ཡིན་པ་དང་བཅས་སོ། །
དེས་ན་ང་ཚོས་༸པཎ་ཆེན་རིན་པོ་ཆེའི་ཐུགས་དགོངས་ཀྱི་བོད་སྐད་ཡིག་གི་རིན་ཐང་ལས་ངེས་པར་ཤེས་རྟོགས་བྱ་དགོས་པ་ནི། བོད་ཀྱི་སྐད་དང་ཡི་གེ་ནི་བོད་མི་རིགས་ཀྱི་རིག་གཞུང་དང་བཅས་པའི་འཆིང་ཐག་ཉག་ཅིག་ཡིན་པ་དེ་རེད་སྙམ།
གཉིས་པ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་དུ་གོང་རིམ་ལ་ཡར་ཞུ་དང་
མི་དམངས་ལ་སྐུལ་འདེད་ཅི་ལྟར་བཏང་ཚུལ་སྐོར།
༡ གོང་རིམ་ལ་སྙན་ཞུ་ཕུལ་བ།
སྐུ་སྲོག་གི་ཉེན་ཁར་མ་འཛེམས་པར་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་གནས་བབ་དེ། གོ་བབ་ཆེས་སྐྱོ་བའི་གནས་སུ་ལྷུང་ཡོད་པ་སོགས་ཀྱི་སྐོར། གོང་རིམ་ལ་ཡིག་ངག་གཉིས་ནས་ཡར་ཞུ་ཇི་ལྟར་མཛད་ཚུལ་ནི། ཁོང་གིས་མཛད་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ལས་“རང་སྐྱོང་གི་ཁེ་དབང་ལ་དཔེ་བཞག་ན། ཐོག་མར་ངེས་པར་དུ་རང་གི་མི་རིགས་ཀྱི་སྐད་ཡིག་དང་། གྱོན་ཆས་བེད་སྤྱོད་ཐུབ་པ་བྱ་རྒྱུ་ནི་གལ་ཆེན་པོ་ཞིག་རེད། འོན་ཀྱང་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་གཞུང་ཡིག་ཡོངས་རྫོགས་རྒྱ་ཡིག་ཏུ་བྲིས་པ་ལས་བོད་ཡིག་ཏུ་མི་སྤྱོད་པ་དང་། ང་ཚོ་ཀྲུའུ་རེན་རྒན་གཞོན་དང་ཨུ་ཡོན་ནང་གི་བོད་རིགས་མང་ཆེ་བས་རྒྱ་ཡིག་མི་ཤེས་པའི་རྐྱེན་གྱིས། ང་ཚོས་བལྟ་དགོས་པའི་ཡིག་ཆ་ཁོ་ན་ཙམ་བོད་ཡིག་ཏུ་སྒྱུར་གྱི་ཡོད། བཀའ་ཁྲིམས་རང་བཞིན་ལྡན་པའི་གྲོས་ཆོད་དང་། བསྒྲགས་ཡིག་སོགས་རྒྱ་ཡིག་འགྲིག་ཚེ་བོད་ཡིག་ཐོག་ནང་དོན་ཤེས་ཙམ་བྱུང་ན་ཆོག་པ་དང་། བཟང་ངན་ལ་དོ་སྣང་བྱེད་མཁན་ཤིན་ཏུ་ཉུང་།”[6] ཞེས་མི་རིགས་ཀྱི་ཁེ་དབང་ལ། དང་ཐོག་རང་མི་རིགས་ཀྱི་སྐད་ཡིག་དང་ཆས་གོས་ངེས་པར་དུ་བཀོལ་སྤྱོད་ཐུབ་རྒྱུ་གལ་ཆེན་ཡིན་པ་ནན་ཞུ་བྱས་པ།
དེ་བཞིན་དུ་“གྲ་སྒྲིག་ཨུ་ཡོན་ལྷན་ཁང་དུ་ཕུལ་བའི་སྙན་ཞུ་རྒྱ་ཡིག་ལས་བོད་ཡིག་ཧ་ཅང་ཉུང་ཉུང་ཡིན། འདིའི་ཐོག་ནས་གཞི་རིམ་དུའང་བོད་ཡིག་བེད་སྤྱོད་གཏོང་རྒྱུ་ཆེས་ཉུང་ཉུང་ཡིན་པ་ཁྱེད་ཀྱིས་མཐོང་ཐུབ་པ་ཞིག་རེད།”[7] ཅེས་མཐོ་རིམ་དང་དམའ་རིམ་གཉིས་ཀའི་ཁྲོད་དུ་བོད་ཡིག་གི་བཀོལ་སྤྱོད་ཉུང་ཚུལ་ཐད་ལ། ཁོང་གིས་རྒྱུ་མཚན་དང་སྦྲགས་ཏེ་བོད་ཡིག་ཉམས་ཉེས་སུ་གྱུར་ཚུལ་གསལ་འདོན་བྱས།
དེ་བཞིན་“རིམ་པ་སོ་སོའི་སྲིད་གཞུང་ནང་བོད་ཡིག་གི་དགོས་མཁོ་དང་ནུས་པ་ཆུང་དུ་བཏང་དང་གཏོང་བཞིན་པས། བོད་ཡིག་དེ་རིམ་བཞིན་དམངས་ཁྲོད་ཀྱི་ཡི་གེ་ཞིག་ཏུ་འགྱུར་རྒྱུ་རེད།”[8] ཅེས་པ་དང་། “ད་ལྟའི་བོད་ཡིག་གི་གནས་སྟངས་ནི། ཐོབ་འོས་པའི་ཆབ་སྲིད་ཀྱི་གོ་གནས་ཤིག་མེད་པ་དང་། བོད་ཡིག་འཕེལ་རྒྱས་གཏོང་རྒྱུར་ཐབས་ཤེས་འོས་འཚམས་མེད་པའི་ཉེར་ལེན་ལས་བོད་རིགས་གཞོན་ནུ་མང་ཆེ་བས་བོད་ཡིག་རོབ་ཙམ་བྱེད་པ་ལས་མཐར་ཕྱིན་པའི་སྒོ་ནས་སྦྱོང་འདོད་མེད་པ་དང་། འགོ་ཁྲིད་ཀྱིས་ཀྱང་དེའི་ཐད་དོ་སྣང་མི་བྱེད་པ་སོགས་ཀྱི་རྐྱེན་པས། བོད་ཡིག་གི་མདུན་ལམ་ཐོག་ཉེན་ཁ་ཞིག་དང་བོད་རིགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་རྒྱུར་ཆག་སྒོ་ཆེན་པོའི་གནས་སྟངས་ཤིག་ཏུ་གྱུར་ཡོད།”[9] ཅེས། ཆབ་སྲིད་ཀྱི་གོ་བབ་རྐྱེན་པས་བོད་ཡིག་ཡར་རྒྱས་གཏོང་ཕྱོགས་དང་། གནས་བབ་ཧ་ཅང་སྐྱོ་ཞིང་ཉེན་ཚབས་ཆེ་བའི་གནས་སུ་ཡོད་པ་ནན་ཞུ།
ལྷག་པར་“སྐད་ཡིག་སོགས་མི་རིགས་ཀྱི་ཁྱད་ཆོས་གཙོ་བོ་རྣམས་འཕེལ་རྒྱས་འགྲོ་ཐུབ་ཚེ་མི་རིགས་འདི་གཞི་ནས་གནས་ཐུབ་པ་དང་འཕེལ་རྒྱས་འགྲོ་ཐུབ་རྒྱུ་རེད།”[10] ཅེས་སྐད་ཡིག་གི་བདེ་སྡུག་ཉམས་ཉེས་རྣམས་སྦ་གསང་མངོོན་ལྐོག་མེད་པར་ནན་ཞུ་མཛད་ཡོད་པ་རེད་ལ། དེ་ལ་བརྟེན་ནས་ཁོང་གིས་ལོ་ངོ་བཅུར་མུན་ནག་བཙོན་ཁང་གི་མནར་གཅོད་མྱངས་དགོས་བྱུང་པ་རེད།
༢ མི་དམངས་ལ་སྐུལ་མ་གནང་བ།
༸པཎ་ཆེན་རིན་པོ་ཆེ་མཆོག་གིས་བོད་སྐད་ཡིག་གི་བདེ་སྡུག་གོང་རིམ་ལ་ཞུས་པ་བཞིན་དུ། ཁོང་སྐུ་དངོས་བོད་ཀྱི་ས་ཁུལ་ཁག་ལ་གཟིགས་སྐོར་དུ་ཕེབས་ཏེ་མི་དམངས་ལ་བོད་ཡིག་སྦྱོང་སྤྱོད་སྤེལ་གསུམ་དགོས་པའི་བཀའ་སློབ་རབ་དང་རིམ་པ་མང་པོ་ཞིག་ཀྱང་གནང་ཡོད་དེ། ཁོང་གིས་“ངས་འདི་ནན་ཏན་གྱིས་ཞུ་དགོས་པ་ཞིག་ནི་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་། བེད་སྤྱོད། མི་རིགས་ཀྱི་རིག་གནས་རྒྱུད་འཛིན་དང་གོང་སྤེལ་གཏོང་རྒྱུའི་གནད་དོན་དེ་ཡིན།”[11] ཞེས་པ་དང་།
ཡང་“བོད་རིགས་སློབ་མས་ངེས་པར་དུ་ཐོག་མར་བོད་ཡིག་ལེགས་པོ་སློབ་དགོས། དེ་ནི་འོས་འགན་ཡིན།”[12] ཞེས་མི་མང་དང་སློབ་མ་རྣམས་ལ་བཀའ་སློབ་ནན་པོ་མཛད་འདུག།
ལྷག་པར་དུ་ཁོང་གིས་“སློབ་གྲོགས་འགས་ད་དུང་ངོ་ཚ་ནས་གཅིག་གི་ཕག་ལ་ཡིབ་རེས་བྱེད་ལ། བོད་སྐད་བཤད་ན་ད་རུང་ངོ་ཚ་བ་རེད། ངས་ཁོང་ཚོར་སྐྱོན་བརྗོད་བྱས་དོན། ཁྱེད་ཚོས་བོད་སྐད་བཤད་པར་ངོ་ཚ་ན། མ་བཤད་ན་ཆོག་ལ། བོད་ལྭ་གྱོན་པར་ངོ་ཚ་ན་དེ་ཡང་མ་གྱོན་ན་ཆོག་མོད། འོན་ཀྱང་ཁྱོད་ཚོས་ཤ་དང་རུས་པ་ཇི་ལྟར་བྱེད་རྒྱུ་ཡིན། ཁྱེད་ཚོའི་སྐྱེ་ཡུལ་བོད་རིགས་ཁྱིམ་ཡིན་པ་ནི་ཇི་ལྟར་བྱས་ཀྱང་བསྒྱུར་ཐབས་མེད། ཁྱོད་ཚོའི་ཕ་མེས་ཡང་མེས་རྣམས་བོད་རིགས་ཡིན། གལ་སྲིད་ཁྱོད་ཚོའི་བྱེད་ཚུལ་དེར་བལྟས་ན། ཁྱོད་ཚོས་མི་རིགས་བསྒྱུར་རྒྱུ་རེད།”[13] ཅེས་བོད་པ་ཡིན་བཞིན་དུ་བོད་སྐད་སོགས་བཤད་རྒྱུར་ངོ་ཚ་ན། མ་བཤད་ན་ཆོག་ཀྱང་། རང་གི་ཤ་རུས་དང་རིགས་རྒྱུད་ཀྱི་མེས་པོ་སོགས་བོད་ཀྱི་རིགས་རྒྱུད་དང་བོད་རིགས་ཡིན་པ་བསྒྱུར་ཐབས་མེད་ཅེས། སྐལ་བ་སྟོང་ལ་འཇིག་པ་བྲལ་བའི་ལེགས་བཤད་ཀྱིས་ནན་སྐུལ་མཛད་ཡོད་པ་རེད། ཁོང་གི་གསུང་འདི་ལས་ཁོང་གིས་མི་རིགས་ལ་བཅངས་པའི་ལ་རྒྱ་དང་དད་སེམས་རྟོགས་ནུས་ལ། འདི་ནི་མི་རིགས་ཤིག་གི་གསོན་ཤུགས་དང་སྒུལ་ཤུགས་ལྟ་བུའི་གསུང་བཤད་ཡིན།
ད་དུང་བོད་རིགས་ཀྱི་ས་གནས་ཤིག་ཡིན་ན། བོད་ཡིག་སྦྱོང་རྒྱུར་འདོད་པ་ཡོད་མེད་ལ་མ་ལྟོས་པར། ངེས་པར་བོད་ཡིག་སློབ་དགོས་པར་ནན་ཏན་གྱིས་བཀའ་གནང་ཡོད་པ་“བོད་རིགས་ས་ཁུལ་དུ། འདོད་མི་འདོད་གང་ཡིན་རུང་སྔོན་ལ་བོད་ཡིག་སློབ་དགོས།”[14] ཞེས་པ་དང་། ཡང་“ལ་ལས་བོད་ཡིག་སྦྱངས་ནས་གོ་མི་ཆོད་ཟེར་ནའང་གོ་མི་ཆོད་རྒྱུ་ཞིག་ཡོད་པ་མ་རེད། ཐ་ན་གོ་མི་ཆོད་པ་ཞིག་ཡིན་ནའང་མི་རིགས་རང་གི་སྐད་དང་ཡི་གེ་འདི་ངེས་པར་སྦྱང་དགོས་པ་ནི་མི་རིགས་ཀྱི་འོས་འགན་ཞིག་ཡིན་པས། གོ་མི་ཆོད་ནའང་སྦྱང་དགོས་པ་རེད།”[15] ཅེས། མདོར་ན་བོད་རིགས་ལས་བྱེད་དང་། སློབ་མ། མི་དམངས་བཅས་ནས། བོད་མི་ཡོད་དོ་ཅོག་གིས་བོད་སྐད་དང་བོད་ཡིག་སྦྱོང་སྤྱོད་སྤེལ་གསུམ་དགོས་པ་ནི་གཡོལ་ཐབས་མེད་པའི་འགན་འཁྲི་ཡིན་པར་བཀའ་ནན་མཛད་འདུག
གསུམ་པ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་དུ་བོད་ཡིག་སྦྱོང་སའི་སློབ་གྲྭ་
ཆེ་ཆུང་ཇི་ཙམ་འཛུགས་སྐྲུན་མཛད་ཚུལ་སྐོར།
༸པཎ་ཆེན་རིན་པོ་ཆེ་མཆོག་གིས་སྐུ་ཚེ་ཧྲིལ་བོར་སྐུ་སྲོག་ལ་མ་འཛེམ་པར་གོང་རིམ་ལ་ཡར་ཞུ་དང་། སྐུ་ངལ་ལ་མ་འཛེམ་པར་མི་མང་ལ་གཟིགས་སྐོར་བཀའ་སློབ་གནང་སྟེ། བོད་སྐད་ཡིག་གི་བདེ་སྡུག་ལ་ཐུགས་འཁུར་མཛད་པ་མ་ཟད། བོད་སྐད་ཡིག་རྒྱུན་གནས་ཡོང་བའི་གཞི་རྩ་གཙོ་བོ་ནི། བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ལྟེ་གནས་སློབ་གྲྭ་ཁག་ཡིན་པར་གཟིགས་ནས། ཁོང་གིས་བོད་ཁུལ་གང་སར་བོད་ཡིག་སློབ་གྲྭ་ཆེ་ཆུང་མང་པོ་ཞིག་གསར་འཛུགས་དང་མཐུན་སྦྱོར་གནང་བའང་། “རྒྱལ་ཐང་བོད་ཡིག་སློབ་གྲྭ། དར་རྩེ་མདོ་དྭ་ཕྲུག་སློབ་གྲྭ། ཞུན་ཧྭ་རྫོང་སྦིས་མདོ་བོད་ཡིག་སློབ་འབྲིང་། མཚོ་སྔོན་ཞིང་ཆེན་མི་རིགས་དགེ་ཐོན་སློབ་གྲྭ། ཆབ་མདོ་པཎ་ཆེན་སློབ་གྲྭ། ༡༩༨༥ལོ། ལྷ་ས་བོད་ལྗོངས་སློབ་གྲྭ་ཆེན་མོ་དང་། ༡༩༨༧ལོ། མལ་གྲོ་གུང་དཀར་རྫོང་སློབ་གྲྭ།”[16] བཅས་དང་།
སློབ་ཚན་ཧྲིལ་པོའམ་གཙོ་བོ་བོད་ཡིག་ཡིན་པའི་སློབ་གྲྭ་གཞན་ཡང་། ལྷ་ས་སློབ་འབྲིང་། ལྷ་ས་གྲོང་ཁྱེར་གྱི་སློབ་འབྲིང་དང་པོ། གཞིས་རྩེ་སློབ་འབྲིང་། ལྷོ་ཁ་སློབ་འབྲིང་གཉིས་པ། སྲོང་བཙན་སློབ་གྲྭ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཚན། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཚན་བཅས།
དེ་བཞིན་དུ་“བོད་ལྗོངས་ནང་བསྟན་སློབ་གྲྭ། ནག་ཆུ་ནང་བསྟན་སློབ་གྲྭ། ཟི་ཁྲོན་ནང་བསྟན་སློབ་གྲྭ། ཟི་ཁྲོན་བླ་རུང་ལྔ་རིག་ནང་བསྟན་སློབ་གྲྭ། མཚོ་སྔོན་ནང་བསྟན་སློབ་གྲྭ། ཀན་སུའི་ནང་བསྟན་སློབ་གྲྭ།”[17] སོགས་གསར་འཛུགས་གནང་འདུག
གཞན་ཡང་བོད་ལྗོངས་ནང་བསྟན་ཞིབ་འཇུག་ཁང་། མཚོ་སྔོན་ནང་བསྟན་ཞིབ་འཇུག་ཁང་། སི་ཁྲོན་ནང་བསྟན་ཞིབ་འཇུག་ཁང་། ཀན་སུའི་ནང་བསྟན་ཞིབ་འཇུག་ཁང་། ཡུན་ནན་ནང་བསྟན་ཞིབ་འཇུག་ཁང་། ནང་སོག་ནང་བསྟན་ཞིབ་འཇུག་ཁང་། པེ་ཅིང་ནང་བསྟན་ཞིབ་འཇུག་ཁང་། ཞེས་པ་སོགས་བོད་ཡིག་ཞིབ་འཇུག་བསྟི་གནས་མང་པོ་གསར་འཛུགས་གནང་བ་བཅས། བོད་ཀྱི་ཆོས་རིག་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་སླད་དུ། ཁྱོན་སློབ་གྲྭ་ཆེ་ཆུང་ཉི་ཤུ་ལྷག་གསར་འཛུགས་བཀའ་དྲིན་བསྐྱངས་ཡོད་པ་བཅས་སོ། །
མཇུག་གཏམ།
མདོར་ན་རྩོམ་ཡིག་འདིའི་རྒྱུ་ཆ་འཚོལ་བསྡུ་དང་དཔྱད་ཞིབ་བྱས་པའི་བརྒྱུད་རིམ་ཁྲོད། ༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས། བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་གསོན་གནས་ཐུབ་མིན་གྱི་གལ་གནད་ཅིག་དང་། མི་རིགས་རང་སྐྱོང་གི་ཁེ་དབང་དང་མཉམ་གནས་ཀྱི་གལ་གནད་ཡིན་པ་གང་ཞིག །ཕ་ཡུལ་འཛུགས་སྐྲུན་བྱེད་པའི་ལག་ཆ་ཡིན་པའི་གལ་གནད་དང་། བརྗོད་དོན་མཚོན་པར་བྱེད་པའི་བརྡ་སྤྲོད་ཀྱི་ནུས་པ་དང་ལྡན་ཞིང་། གོ་བདེ་དོན་ཟབ་ཀྱི་སྐད་ཡིག་རིན་ཐང་ཅན་ཞིག་ཡིན་པར་གཟིགས་ནས། སྐུ་སྲོག་དཀའ་ངལ་ལ་མི་འཛེམ་པར་གོང་རིམ་ལ་སྙན་ཞུ་དང་མི་མང་ལ་བཀའ་སློབ་ལམ་སྟོན་གནང་བ་མ་ཟད། བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་ཡོང་ཆེད་བོད་ཀྱི་ས་ཁུལ་ཁག་ཏུ་བོད་ཡིག་སློབ་གྲྭ་དང་། ཞིབ་འཇུག་ལྟེ་གནས་སོགས་ཁག་ཉི་ཤུ་ལྷག་གསར་འཛུགས་བཀའ་དྲིན་བསྐྱངས་ཡོད་པ་དེ། གསལ་འདོན་ཁོལ་ཕྱུངས་ཅི་ནུས་བྱས་པ་རེ་ཞིག་མཇུག་གྲུབ་པར་བྱས་སོ། །
༢༠༢༢་༠༤་༠༨ཕྱི་དྲོ་མཐོ་སློབ་ཉལ་ཁང་དུ་མཇུག་བསྡུས།
དཔྱད་གཞིའི་ཡིག་ཆ།
༡ ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་བཀའ་སློབ། དེབ་དང་པོ། བློ་བཟང་བཀྲ་ཤིས་དང་། གཙང་ཕྲུག་སྟོབས་ལགས་གཉིས་ཀྱིས་རྩོམ་སྒྲིག་བྱས་པ། དཔེ་སྐྲུན་ཁང་། པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལྟེ་གནས་ཁང་། ༢༠༠༦དཔར།
༢ བཀྲ་ཤིས་རྒྱ་མཚོ་དང་ཚེ་རིང་ལྷ་མོ་སོགས་ཀྱིས་བསྒྱུར་བ། པཎ་ཆེན་རིན་པོ་ཆེའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ། བོད་གཞུང་ཤེས་རིག་དཔར་ཁང་། ༡༩༩༧་༡༡་༠༡དྷ་ས་དཔར་ཐེངས་དང་པོ་བཏབ།
༣ རྩོམ་སྒྲིག་པ། རིན་སྤུངས་བློ་བཟང་བཀྲ་ཤིས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བཀའ་སློབ་ཕྱོགས་སྒྲིགས་རཱ་བོད་ཀྱི་དཔེ་སྐྲུན་ཁང་། ༢༠༡༩ལོའི་ཟླ་༢པར་དཔར་ཐེངས་དང་པོ་དཔར།
༤ པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུགགཙང་ཕྲུག་སྟོབས་ལགས་ཀྱིས་བརྩམས་པ། ༢༠༡༢་༡༢་༡༢་དཔར་ཐེངས་དང་པོ་བཏབ།
༥་བློ་བཟང་བཀྲ་ཤིས་སོགས་ཀྱིས་རྩོམ་སྒྲིག་བྱས་པ། པཎ་ཆེན་སྐུ་ཕྲེང་བཅུ་པའི་མཛད་རྣམ་སྙིང་བསྡུས། པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་སྟེ་གནས་ཁང་། ༢༠༠༩ལོའི་༡༢དཔར་ཐེངས་དང་པོ་བཏབ།
[1] ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་བཀའ་སློབ། དེབ་དང་པོ། བློ་བཟང་བཀྲ་ཤིས་དང་། གཙང་ཕྲུག་སྟོབས་ལགས་གཉིས་ཀྱིས་རྩོམ་སྒྲིག་བྱས་པ། དཔེ་སྐྲུན་ཁང་། པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལྟེ་གནས་ཁང་། ༢༠༠༦དཔར། ཤོས་ངོས།༩༧
[2] ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་བཀའ་སློབ། དེབ་དང་པོ། བློ་བཟང་བཀྲ་ཤིས་དང་། གཙང་ཕྲུག་སྟོབས་ལགས་གཉིས་ཀྱིས་རྩོམ་སྒྲིག་བྱས་པ། དཔེ་སྐྲུན་ཁང་། པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལྟེ་གནས་ཁང་། ༢༠༠༦དཔར། ཤོས་ངོས།༤༣
[3] ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་བཀའ་སློབ། དེབ་དང་པོ། བློ་བཟང་བཀྲ་ཤིས་དང་། གཙང་ཕྲུག་སྟོབས་ལགས་གཉིས་ཀྱིས་རྩོམ་སྒྲིག་བྱས་པ། དཔེ་སྐྲུན་ཁང་།པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལྟེ་གནས་ཁང་། ༢༠༠༦དཔར། ཤོས་ངོས།༤༤
[4] བཀྲ་ཤིས་རྒྱ་མཚོ་དང་ཚེ་རིང་ལྷ་མོ་སོགས་ཀྱིས་བསྒྱུར་བ། པཎ་ཆེན་རིན་པོ་ཆེའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ། བོད་གཞུང་ཤེས་རིག་དཔར་ཁང་། ༡༩༩༧་༡༡་༠༡དྷ་ས་དཔར་ཐེངས་དང་པོ་བཏབ། ཤོག་ངོས།༩༧
[5] བཀྲ་ཤིས་རྒྱ་མཚོ་དང་ཚེ་རིང་ལྷ་མོ་སོགས་ཀྱིས་བསྒྱུར་བ། པཎ་ཆེན་རིན་པོ་ཆེའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ། བོད་གཞུང་ཤེས་རིག་དཔར་ཁང་། ༡༩༩༧་༡༡་༠༡དྷ་ས་དཔར་ཐེངས་དང་པོ་བཏབ། ཤོག་ངོས།༩༨
[6] བཀྲ་ཤིས་རྒྱ་མཚོ་དང་ཚེ་རིང་ལྷ་མོ་སོགས་ཀྱིས་བསྒྱུར་བ། པཎ་ཆེན་རིན་པོ་ཆེའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ། བོད་གཞུང་ཤེས་རིག་དཔར་ཁང་། ༡༩༩༧་༡༡་༠༡དྷ་ས་དཔར་ཐེངས་དང་པོ་བཏབ། ཤོག་ངོས།༩༤
[7] བཀྲ་ཤིས་རྒྱ་མཚོ་དང་ཚེ་རིང་ལྷ་མོ་སོགས་ཀྱིས་བསྒྱུར་བ། པཎ་ཆེན་རིན་པོ་ཆེའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ། བོད་གཞུང་ཤེས་རིག་དཔར་ཁང་། ༡༩༩༧་༡༡་༠༡དྷ་ས་དཔར་ཐེངས་དང་པོ་བཏབ། ཤོག་ངོས།༩༤\༩༥
[8] བཀྲ་ཤིས་རྒྱ་མཚོ་དང་ཚེ་རིང་ལྷ་མོ་སོགས་ཀྱིས་བསྒྱུར་བ། པཎ་ཆེན་རིན་པོ་ཆེའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ། བོད་གཞུང་ཤེས་རིག་དཔར་ཁང་། ༡༩༩༧་༡༡་༠༡དྷ་ས་དཔར་ཐེངས་དང་པོ་བཏབ། ཤོག་ངོས།༩༥
[9] བཀྲ་ཤིས་རྒྱ་མཚོ་དང་ཚེ་རིང་ལྷ་མོ་སོགས་ཀྱིས་བསྒྱུར་བ། པཎ་ཆེན་རིན་པོ་ཆེའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ། བོད་གཞུང་ཤེས་རིག་དཔར་ཁང་། ༡༩༩༧་༡༡་༠༡དྷ་ས་དཔར་ཐེངས་དང་པོ་བཏབ། ཤོག་ངོས།༩༠
[10] བཀྲ་ཤིས་རྒྱ་མཚོ་དང་ཚེ་རིང་ལྷ་མོ་སོགས་ཀྱིས་བསྒྱུར་བ། པཎ་ཆེན་རིན་པོ་ཆེའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ། བོད་གཞུང་ཤེས་རིག་དཔར་ཁང་། ༡༩༩༧་༡༡་༠༡དྷ་ས་དཔར་ཐེངས་དང་པོ་བཏབ། ཤོག་ངོས།༩༠\༡༠༠
[11] ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་བཀའ་སློབ། དེབ་དང་པོ། བློ་བཟང་བཀྲ་ཤིས་དང་། གཙང་ཕྲུག་སྟོབས་ལགས་གཉིས་ཀྱིས་རྩོམ་སྒྲིག་བྱས་པ། དཔེ་སྐྲུན་ཁང་། པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལྟེ་གནས་ཁང་། ༢༠༠༦དཔར། ཤོས་ངོས།༤༣
[12] ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་བཀའ་སློབ། དེབ་དང་པོ། བློ་བཟང་བཀྲ་ཤིས་དང་། གཙང་ཕྲུག་སྟོབས་ལགས་གཉིས་ཀྱིས་རྩོམ་སྒྲིག་བྱས་པ། དཔེ་སྐྲུན་ཁང་། པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལྟེ་གནས་ཁང་། ༢༠༠༦དཔར། ཤོས་ངོས།༡༦༥
[13] ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་བཀའ་སློབ། དེབ་དང་པོ། བློ་བཟང་བཀྲ་ཤིས་དང་། གཙང་ཕྲུག་སྟོབས་ལགས་གཉིས་ཀྱིས་རྩོམ་སྒྲིག་བྱས་པ། དཔེ་སྐྲུན་ཁང་། པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལྟེ་གནས་ཁང་། ༢༠༠༦དཔར། ཤོས་ངོས།༡༧༦
[14] ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་བཀའ་སློབ། དེབ་དང་པོ། བློ་བཟང་བཀྲ་ཤིས་དང་། གཙང་ཕྲུག་སྟོབས་ལགས་གཉིས་ཀྱིས་རྩོམ་སྒྲིག་བྱས་པ། དཔེ་སྐྲུན་ཁང་། པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལྟེ་གནས་ཁང་། ༢༠༠༦དཔར། ཤོས་ངོས།༡༦༦
[15] ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་བཀའ་སློབ། དེབ་དང་པོ། བློ་བཟང་བཀྲ་ཤིས་དང་། གཙང་ཕྲུག་སྟོབས་ལགས་གཉིས་ཀྱིས་རྩོམ་སྒྲིག་བྱས་པ། དཔེ་སྐྲུན་ཁང་། པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལྟེ་གནས་ཁང་། ༢༠༠༦དཔར། ཤོས་ངོས།༩༧
[16] པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག །གཙང་ཕྲུག་སྟོབས་ལགས་ཀྱིས་བརྩམས་པ། ༢༠༡༢་༡༢་༡༢་དཔར་ཐེངས་དང་པོ་བཏབ། ཤོག་ངོས།༢༣༥
[17] པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག །གཙང་ཕྲུག་སྟོབས་ལགས་ཀྱིས་བརྩམས་པ། ༢༠༡༢་༡༢་༡༢་དཔར་ཐེངས་དང་པོ་བཏབ། ཤོག་ངོས།༢༢༠
ཤོག་ངོས་འདི་ཐེངས་ 81 བཀླགས་འདུག
སྡེ་ཚན།
དཔྱད་རྩོམ།
ནགས་ལྷ་དྲ་མཛོད།
ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།
གསར་ཤོས་དག : ནགས་ལྷ་དྲ་མཛོད།
སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་
« ཕོ་ཉ་གཞོན་ནུ་དོན་གྲུབ་བཀླགས་སྦྱངས་ཀྱི་མྱོང་བ་མཛེས་དཔྱོད་རིག་པའི་ངོས་ནས་ཉུང་ཙམ་གླེང་བ།
བོད་ཀྱི་ས་ཐོག་ནས་དར་བའི་ནང་མ་ཞེས་པའི་རོལ་དབྱངས་ཀྱི་སྐོར་རགས་ཙམ་གླེང་བ། »
དཔྱད་མཆན་འགོད་ས།
རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།
གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།
རྩོམ་ཡིག་གསར་ཤོས།
ཡ་བཏགས་ལ་དཔྱད་པ་མེས་པོའི་ཞལ་ལུ…
སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 99
ནགས་ཤོད་སྐལ་རྒྱན། བསླབ་ལ་བརྩོན་པའི་གང་ཟག་གིས། ། དང་པོ་ང་རོ་རྣམས་ལ་སྦྱངས། ། སྔོན་འཇུག་མི... བཀླགས་འཕྲོ...
མཛོད་ལུགས་འདུས་མ་བྱས་ཀྱི་གྲངས་…
སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 87
ནགས་ཀྱི་ཤིང་ལོ། བརྩེ་ཆེན་ཐུགས་རྗེའི་ཐབས་ཀྱིས་འགྲོ་རྣམས་ཞི་བར་བགྲོད་པའི་ལམ་བསྟན་ནས། ། དྲི... བཀླགས་འཕྲོ...
བོད་ཀྱི་སྐད་ཡིག་དང་འབྲེལ་པའི་༸…
སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 96
ནག་པོ་བཀྲ་ཤིས། [ནང་དོན་གནད་བསྡུས།] དཔྱད་རྩོམ་འདི་ཉིད་ཀྱི་བརྗོད་དོན་གཙོ་བོ་ནི་དུས་རབས་ཉི་ཤ... བཀླགས་འཕྲོ...
བོད་ཀྱི་ས་ཐོག་ནས་དར་བའི་ནང་མ་ཞ…
བསྟན་པ་དར་ཕྱུག [གནད་ཚིག] ནང་མ། ཕོ་བྲང་ནང་མ། གམ་བཅར་ནང་མ། ནང་མའི་སྐྱིད་སྡུག །ནགྷ…
མཆན་གསར་ཤོས།
- ནགས་ཤོད་ནགས་ལ་ས་མཐའ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། རྩོམ་ཡིག་འདིའི་ནང་གི་རྒྱབ་རྟེན་ལུང་དང་སྒྲུབ་བྱེད་རིགས་པ་གཉིས་ལ་བལྟས་ན་ས་མཐའ་ཡོད་པའི་ཕྱོགས་ལ་ཉེ། རྩོམ་པ་པོ། : མི་ནག་མདུང་ཐུང་། on Thu 23 Aug 2018 ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ། (དཔྱད་རྩོམ།)
- དྲིས་ལན་གཟུར་གནས་དགྱེས་པའི་གཏམ་དྲིས་ལན་བཅུ་བརྒྱད་པོ་གནད་ལ་ཕིགས་པའི་དྲིས་ལན་གནང་འདུག་སྙིང་ནས་བཀའ་དྲིན་ཆེ། རྩོམ་པ་པོ། : མིང་འདིར་བྲིས། on Thu 31 May 2018 དྲིས་ལན་གཟུར་གནས་དགྱེས་པའི་གཏམ། (བརྒལ་བརྟག)
མཆན་མང་ཤོས།
-
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན།
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན། ནགས་ཤོད་ཚོ་དགུ་ནི།…
-
ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ།
དགའ་ལྡན་སྙན་བརྒྱུད་སྤྲུལ་པའི་གླེགས་བམ་ལ་བརྟེན་ནས་གསར་རྩོམ་ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ་བཞུགས་སོ།། ན་མོ་གུ་རུ་ཛཱ་ཡ་ཨིཎྜ་ཡ།…
-
དེ་རིང་།
ནགས་ཀྱི་ཤིང་ལོ་ནས། མེ་ལྟར་ཚ་བའི་ཉི་མ་དེས།།ས་གཞི་འདི་ཡང་འབར་རམ་ཅི།།བར་སྣང་ལས་ཀྱས་མེ་འོད་འཕྲོས།།རྐང་འཐུང་ཚོགས་རྣམས་ཉོབ་ཅིང་དུབ།།…
-
དྲིས་ལན་གཟུར་གནས་དགྱེས་པའི་གཏམ།
ཀླུ་སྒྲུབ་བསྟན་པ་ལྗོངས་འདིར་སྤེལ་བ་ལ།།གངས་ཅན་མཁས་པ་ཡོངས་ཀྱི་ཅོད་པཎ་ཞེས། །…
-
ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
འབྲི་རུ་སྐལ་བཟང་རྒྱལ་མཚན། སྟོན་པ་མཆོག་དང་འཕགས་བོད་པཎ་གྲུབ་སྤྱི།།མེས་དབོན་རྣམས་ལ་གུས་པས་རབ་བཏུད་ནས།།ནགས་ཤོད་ནགས་ལ་ས་མཐའ་ཡོད་མེད་ཀྱི།།དགག་སྒྲུབ་གཏམ་གྱི་སྦྱོར་བ་མདོ་ཙམ་སྤེལ།།…