Sat 14 Apr 2018

འགྲོ་བ་མི་སྐྱེ་འཕེལ་བྱེད་སྟངས་སྐོར།

ཚད་གཞི།:
(0 འོས་བླུགས།)

འབྲི་སྐལ་བཟང་།

འཛམ་གླིང་འདིའི་སྟེང་གི་འགྲོ་བ་མི་རྣམས་ཀྱི་རྫས་རྒྱུན་ཡར་དེད་ན་རིགས་རྫས་ཀྱི་ཐོག་མ་པུར་ཀར་ཡོ་ཊིག་སོགས་ལ་ཐུགས་ཀྱི་ཡོད་པའི་སྐོར་ནི་དུས་དེབ་སྔོན་མའི་ནང་དུ་བཤད་ཟིན། ད་ནི་འགྲོ་བ་མི་ཞེས་པ་དེ་བྱུང་ཟིན་པའི་རྗེས་སུ་དེ་དག་སྐྱེ་འཕེལ་ཇི་ལྟར་བྱེད་པའི་སྐོར་ཅུང་ཟད་འཆད་པར་འདོད། དེའི་ཚུལ་ནི་ང་ཚོ་འགྲོ་བ་མི་ཞེས་སྤྱིའི་ཚུལ་དུ་གཅིག་མཚུངས་སུ་ཡོད་ཀྱང་འདི་དག་གི་བོངས་ཚད་དང༌།

དབྱིབས་དང་ཁ་དོག་སོགས་ལ་མི་འདྲ་བའི་རྣམ་པ་དུ་མ་ཞིག་ཡོད་པ་གསལ་པོ་ཡིན། རིགས་རྫས་ཚོགས་ཕུང་གཅིག་དུམ་བུར་ཆད་པའི་ཆ་ཤས་སོ་སོར་འཕེལ་བ་ལས་བྱུང་བའི་ཕྲུ་གུ་མཚེ་མ་ལྟ་བུ་ལ་ཡང་ཞིབ་ཏུ་བརྟག་ན་དེ་གཉིས་ཀྱིས་ཕྱི་རོལ་གྱི་རྫས་ལོངས་སྤྱོད་སྟངས་དང༌། མ་ཡི་མངལ་དུ་ཕྱོགས་གཡས་གཡོན་གནས་སྟངས་སོགས་ཀྱིས་ཁྱད་པར་ཕྲན་བུ་ཞིག་ཆུང་དུས་ནས་ཡོད་ལ། རིམ་གྱིས་ཆེན་པོར་གྱུར་བའི་ཚེ་ནི་ཁ་ཟས་ལོངས་སྤྱོད་སྟངས་དང༌། འཁོར་ཡུག་གི་ཁྱད་པར་སོགས་ལས་ཤིན་ཏུ་མངོན་གསལ་ཅན་གྱི་ཁྱད་པར་ཡོད་པ་ནི་མྱོང་བས་གྲུབ།

དེ་ལྟ་བུའི་མི་འདྲ་བའི་ཁྱད་པར་དེ་དག་ནི་ཚན་རིག་པའི་འཆད་ཚུལ་ལྟར་ན་འཁོར་ཡུག་སོགས་ཕྱི་ཡི་མཐུན་རྐྱེན་གྱིས་ཁྱད་པར་ཡོང་གི་ཡོད་ཀྱང་གཙོ་བོ་ནི་མེས་པོ་སྔ་མ་རྣམས་ཀྱིས་རྒྱུད་གཏོང་བྱས་པའི་རིགས་རྫས་ཀྱི་ཁྱད་པར་ལས་བྱུང་བར་འགྲེལ་གྱི་ཡོད། དེ་ཡང་ཕ་ནས་བྱུང་བའི་རིགས་རྫས་དང་མ་ནས་བྱུང་བའི་རིཌ་རྫས་གཉིས་གང་སྟོབས་ཆེ་བ་དེས་ནི་གཞན་དེ་དབང་བསྒྱུར་བྱེད་ཅེས་སྟོབས་ཆུང་བ་དེ་མངོན་གསལ་ཅན་དུ་འགྱུར་མི་ཐུབ་པར་བཤད། འོན་ཀྱང་ཕ་མ་གཉིས་ཀྱི་རིགས་རྫས་སྟོབས་ཆེ་ཆུང་མཐའ་གཅིག་ཏུ་ངེས་པ་ནི་མིན།འགའ་ཞིག་ཕ་ཡི་རིགས་རྫས་སྟོབས་ཆེ་བ་དང༌།འགའ་ཞིག་མ་ཡི་རིགས་རྫས་སྟོབས་ཆེ་བ་སོགས་ཡོད། དེ་ལྟར་ལུས་ཀྱི་ཆ་ཤས་རེ་རེའི་རིགས་རྫས་སྟོབས་ཆེ་ཆུང་གི་ཁྱད་པར་ཡོད་པས་ཕྲུ་གུ་འགའ་ཞིག་ཕ་ལ་འདྲ་ཆེ་བ་དང༌།འགའ་ཞིག་མ་ལ་འདྲ་ཆེ་བ་ནས་ལུས་ཀྱི་ཆ་ཤས་འགའ་ཞིག་ཕ་ལ་འདྲ་ཆེ་བ་དང༌། འགའ་ཞིག་མ་ལ་འདྲ་ཆེ་བ་སོགས་གྲུབ་པར་འདོད། འདིའི་སྐབས་སུ་ཕ་དང་མ་གཉིས་ཀ་ལུས་ཀྱི་བོངས་ཚད་ཐུང་ངུ་ཞིག་ལས་མེད་ཀྱང་ཕྲུ་གུ་གཟུགས་བོངས་ཆེན་པོ་ཡོད་པ་མིག་སྔར་མངོན་སུམ་གྱིས་མཐོང་དུ་ཡོད་པ་ནི་སུས་ཀྱང་བསྙོན་དུ་མེད་ན་དེ་ལ་ཕ་མ་གཉིས་ཀྱི་རིགས་རྫས་བརྒྱུད་གཏོང་བྱས་པ་མེད་དམ་སྙམ་པའི་དོགས་པ་ཞིག་ཡོང་སྲིད། འོན་ཀྱང་ཕ་མ་ཟུང་གཅིག་གི་ཕྲུ་གུ་ལ་རང་ཉིད་ཀྱི་ལུས་ཀྱི་ཚོགས་ཕུང་ནང་དུ་ཡོད་པའི་རིགས་རྫས་ཀྱི་འབྱུང་ཁུངས་ཡར་དེད་ན་ཕ་མ་གཉིས། དེའི་མི་ཐོག་གོང་མ་བར་དེད་ན་ཕ་ཡི་ཕ་མ་གཉིས་དང་མ་ཡི་ཕ་མ་གཉིས་ཏེ་བཞི། ད་དུང་ཡར་དེད་ན་བརྒྱད་དང༌། དེ་ནས་བཅུ་དྲུག་སོགས་མི་ཐོག་བརྒྱ་ཙམ་ཞིག་ཡར་དེད་ན་ཧ་ཅང་མང་པོ་ཞིག་ཡོད་པ་བཤད་ཅི་དགོས། དེ་དག་ནས་བརྒྱུད་པའི་རིགས་རྫས་དེ་དག་སྐབས་འགར་མངོན་པ་གསལ་བ་དང༌། སྐབས་འགར་མངོན་པ་མི་གསལ་བ་བཅས་ཀྱི་རྣམ་འགྱུར་སྣ་ཚོགས་པ་ཞིག་གི་ལམ་ནས་ཡོང་ཡོད། དེར་བརྟེན་ཕ་མ་གཉིས་ཀྱི་གཟུགས་ཀྱི་བོངས་ཚད་ལས་བྱུང་བའི་རིགས་རྫས་རྣམས་དེ་གཉིས་ཀྱི་ཕྲུ་གུའི་སྐབས་སུ་མངོན་དུ་གྱུར་མ་ཐུབ་ཀྱང་དེ་གཉིས་ཀྱི་མི་ཐོག་སྔ་མ་རྣམས་ཀྱི་གཟུགས་ཀྱི་བོངས་ཚད་ལས་བྱུང་བའི་རིགས་རྫས་ཀྱི་ནུས་པ་མངོན་དུ་གྱུར་ཏེ་ཕྲུ་གུ་དེའི་གཟུགས་ཀྱི་བོངས་ཚད་རིང་པོ་ཆགས་པ་ཡོད་ཆོག་པ་ཡིན། དེ་བཞིན་དུ་མིག་གི་མདངས་དང༌། སྣ་ཡི་གཟེངས། དཔྲལ་བའི་དབྱེས་སོགས་ལུས་ཀྱི་ཆ་ཤས་ཐམས་ཅད་ཀྱི་རིགས་རྫས་མངོན་དུ་གྱུར་ཚུལ་ལ་མི་འདྲ་བའི་ཁྱད་པར་མེད། འོ་ན་རིགས་རྫས་བརྒྱུད་གཏོང་བྱེད་ཚུལ་དང་མངོན་དུ་གྱུར་ཚུལ་དེ་ལྟར་ཡིན་ན་མི་ཡི་གཟུགས་ཕུང་གྲུབ་ཚུལ་ཇི་ལྟར་ཡིན་ཞེ་ན། བཤད་པར་བྱ་སྟེ། སྔོན་རྒྱ་མཚོའི་ནང་ནས་བྱུང་བའི་སྲོག་ལྡན་གསེལ་གཅིག་ལས་གྲུབ་པ་བྷིག་ཊི་རི་ཡ་ཞེས་པ་དེ་བྱུང་བ་ནས་རིམ་གྱིས་རྣམ་འགྱུར་མི་འདྲ་བ་དུ་མའི་སྒོ་ནས་འཕེལ་རིམ་གྱི་ལམ་ཁ་བརྒྱུད་དེ་ད་ལྟའི་མི་ཡི་འགྲོ་བ་འདི་བར་དུ་བྱུང་ཡོད།མི་ཡི་འགྲོ་བའི་དབང་དུ་བྱས་ནས་སྐྱེ་བ་ལེན་ཚུལ་ལམ་གཟུགས་ཕུང་གྲུབ་ཚུལ་ཚན་རིག་པས་འདོད་པའི་ཚུལ་དང་མཐུན་པར་བཤད་ན། ཕྲུ་གུ་འགྲུབ་བྱེད་ཀྱི་ཆ་རྐྱེན་གཙོ་བོ་ནི་སྤྱིའི་ཆ་ནས་བཤད་ན་ཕ་མ་གཉིས་ཚོགས་པ་དེ་ཡིན། བུད་མེད་རྣམས་ལ་ཟླ་བ་རེའི་ནང་དུ་ཕྲུ་གུ་ཆགས་པའི་ས་བོན་སྒོ་ང་ཞེས་བསྙད་པའི་རྫས་དེ་ཐེངས་མ་རེ་མངོན་དུ་འགྱུར་བར་བཤད།

དེ་ཡང་བུད་མེད་རྣམས་ཀྱི་སྐེད་པ་གཡས་གཡོན་གཉིས་ཀ་ནས་ཡོང་བ་དང་བུ་སྣོད་དམ་ཕྲུ་གུ་ཆགས་པའི་གནས་དེར་སླེབས་ནས་ཕྲུ་གུ་ཆགས་པའི་རྐྱེན་མ་ཚང་ན་རིམ་གྱིས་རུལ་ཏེ་ཕྱིར་ཐོན་པའི་འགོ་བརྩམས་ནས་ནུས་མེད་དུ་འགྱུར། འོན་ཀྱང་སྐེད་པ་གཡས་གཡོན་གཉིས་ཀ་ནས་ཡོང་བ་ཡོད་པར་བཤད་པ་ལས་ག་དུས་ཡིན་ཀྱང་ངེས་པར་དུ་གཉིས་ཀ་ནས་ཡོང་དགོས་པའི་ཁྱབ་པ་ནི་སུས་ཀྱང་ཁས་མི་ལེན། དེ་ལྟ་བུའི་སྒོ་ང་དེ་བུ་སྣོད་དུ་སླེབས་ནས་ཕ་ཡི་ཁུ་བ་དང་འདུས་པ་ལས་ཕྲུ་གུ་ཆགས་པའི་བྱ་བ་དེ་བྱུང་བར་འདོད། ཕ་ཡི་ཁུ་བ་ཐིག་པ་གཅིག་གི་ནང་དུ་ཡང་ཕྲུ་གུ་ཆགས་པའི་ས་བོན་གྲངས་ལས་འདས་པ་ཞིག་ཡོད་ཅིང་དེ་དག་གི་ནང་ནས་རྫས་ཀྱི་ཆ་ཤས་གཅིག་ཙམ་ལས་མ་ཡི་རིགས་རྫས་སམ་ས་བོན་དེའི་ནང་དུ་འཇུག་མི་ནུས། དེའི་ཚུལ་ནི་ཁུ་བའི་ནང་གི་རྫས་དེ་དག་གིས་མ་ཡི་ས་བོན་དེ་ལ་བསྐོར་ནས་ནང་དུ་འཛུལ་བའི་ཐབས་འབའ་ཞིག་ལ་བརྩོན་པ་ལྟ་བུར་བྱེད། དེ་དག་ནང་དུ་འཛུལ་བའི་ཐབས་ནི་སོ་སོའི་མདུན་ངོས་སུ་སྐྱུར་རྩི་ལྟ་བུའི་རྫས་ཤིག་ཡོད་པ་དེའི་ནུས་སྟོབས་ཀྱིས་ནང་དུ་འཇུག་པར་བྱེད་པ་དང་དེ་ཡང་ཐོག་མར་གང་གི་རྫས་སྟོབས་ཆེ་བ་དེ་འཇུག་ཀྱི་ཡོད།
དེའི་རྗེས་སུ་གཞན་རྣམས་ནུས་མེད་དུ་གྱུར་ནས་མངལ་སྒོ་བརྒྱུད་ཕྱིར་ཐོན་པར་བཤད།འོན་ཀྱང་རྫས་དེ་དག་ལས་གཅིག་མ་གཏོགས་འཇུག་མི་ཐུབ་བཤད་པ་ནི་མ་ཡི་ས་བོན་གཅིག་གི་ནང་དུ་དེ་ལས་ལྷག་མི་འཇུག་པར་བཤད་པ་ཡིན་གྱི་རྣམ་པ་ཐམས་ཅད་དུ་ནུས་མེད་ཀྱི་ངོ་བོར་འགྲོ་དགོས་པར་བཤད་པ་མིན།གོང་དུ་བཤད་པ་ལྟར་མ་ཡི་ས་བོན་གཉིས་སླེབས་པ་དེའི་ཚེ་དེ་གཉིས་ཀའི་ནང་དུ་རེ་རེ་འཇུག་ནུས་པས་དེ་བཀག་པ་ག་ལ་ཡིན། འདིའི་སྐབས་སུ་ཕྲུ་གུ་མཚེ་མ་ཆགས་པའི་སྐོར་ཅུང་ཟད་བཤད་ན་དེ་ལ་རིགས་གཉིས་ཡོད། བུ་ཡིན་ན་གཉིས་ཀ་བུ་དང་བུ་མོ་ཡིན་ན་གཉིས་ཀ་བུ་མོ་མ་ཚད་གདོང་སོགས་ལུས་ཀྱི་ཆ་ཤས་གཞན་རྣམས་ཀྱང་མཚུངས་པ་ཞིག་དང༌། ཡང་ཡ་གཅིག་བུ་དང་ཡ་གཅིག་བུ་མོ་མ་ཚད་གདོང་སོགས་ལུས་ཀྱི་ཆ་ཤས་གཞན་རྣམས་ཀྱང་མི་མཚུངས་པ་ཞིག་ཅེས་གཉིས་ཡོད་པ་ལས་དང་པོ་ནི་ཕ་མ་གཉིས་ཀྱི་རྫས་འདྲེས་ནས་འཚར་ལོངས་བྱེད་པའི་སྐབས་རིགས་རྫས་ཚོགས་ཕུང་དེ་ཉིད་དུམ་བུར་ཆད་དེ་ཕྱོགས་སོ་སོར་འཕེལ་བ་ལས་མཐར་ཕྲུ་གུ་གཉིས་སུ་ཆགས་པའི་བརྒྱུད་རིམ་ལས་བྱུང་བ་ཡིན།

གཉིས་པ་ནི་དེ་ལྟ་མ་ཡིན་པར་ཐོག་མ་ཉིད་ནས་མ་ཡི་ས་བོན་གཉིས་བྱུང་ཞིང་དེ་གཉིས་རེ་རེའི་ནང་དུ་ཕ་ཡི་ས་བོན་ཞུགས་ནས་སོ་སོར་འཕེལ་བ་ལས་བྱུང་བ་ཡིན་པར་འདོད། ང་ཚོ་ནང་པའི་གཞུང་ལུགས་རྣམས་ནས་བཤད་པ་ལྟར་ན་བར་སྲིད་ཀྱི་ལུས་དེ་གཟུགས་ཅན་དབང་པོ་ཀུན་ཚང་བ་རི་བྲག་སོགས་ལ་ཐོགས་མེད་དུ་བཤད་ཀྱང་མ་ཡི་མངལ་དུ་ཐོགས་པར་འཆད་པ་ནི་འདིའི་སྐབས་སུ་མ་ཡི་ས་བོན་ཞེས་འཆད་པ་འདི་ཉིད་ཕལ་ཆེར་བཞག་ཆོག་སྙམ། རྣམ་ཤེས་ཞུགས་པ་ཡང་ཕ་ཡི་ཁུ་བ་དང་མཉམ་དུ་མ་ཡི་མངལ་དུ་འགྲོ་བར་བཤད་པ་དང་འབྲེལ་ཆགས་པ་ཞིག་ནི་དེ་འདྲའི་ས་བོན་དེས་ཕ་ལས་བྱུང་བའི་རྫས་ཀྱི་ཆ་ཤས་གཅིག་ནང་དུ་མ་ཞུགས་པའི་སྔོན་དུ་རྫས་གཞན་ནང་དུ་མི་གཏོང་བ་དང༌། དེ་ཞུགས་ཟིན་པའི་རྗེས་སུ་ཡང་རྫས་གཞན་བཀག་པ་སོགས་ཀྱི་བརྒྱུད་རིམ་འདི་ཡིན། མདོར་ན་ཕ་མ་གཉིས་ཀྱི་ཁུ་ཁྲག་འདྲེས་ནས་བཟུང་འཕེལ་བའི་བྱ་བ་དང་ལྡན་ཞིང་ཕྲ་ཕུང་རེ་རེ་ཡང་ཆ་ཤས་གཉིས་གཉིས་ཀྱི་རྣམ་པར་གྱུར་ཏེ་ལྟེ་བ་ནས་རིམ་གྱིས་ཆེ་རུ་ཕྱིན་ནས་ཡན་ལག་དང་ཉིང་ལག་སོགས་འབུར་དུ་དོད་པ་ནས་ཆ་ཤས་ཡོངས་སུ་རྫོགས་པའི་བར་འཕེལ་བར་འདོད། འདི་ལྟར་ཐོག་མར་རམ་གཙོ་བོར་ལྟེ་བ་ནས་རྩ་འཛིན་བྱེད་པ་ནི་སྨན་གྱི་གཞུང་ལས་ཀྱང་བཤད་ཡོད།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་ལེའུ་གཉིས་པ་ལུས་ཀྱི་ཆགས་ཚུལ་བསྟན་པ་ལས། མངལ་ཆགས་འཕེལ་བའི་རྒྱུ་ནི་ལྟེ་བ་སྟེ། །བུ་སྣོད་གཡས་གཡོན་རྩ་དང་ལྟེ་བར་འབྲེལ། །རྩ་གཉིས་བསམ་སེ་བཅུད་ཀྱི་རྟེན་དང་འབྲེལ། །དེ་ཕྱིར་མ་ཡི་ཁ་ཟས་དང་མ་ཡིས། །རིམ་གྱིས་མངལ་དུ་རྣམ་པར་འཕེལ་འགྱུར་ཏེ། །དཔེར་ན་རྫིང་ཡུར་ཆུ་ཡིས་ཞིང་སྐྱེད་འདྲ། ཞེས་མ་ཡི་མངལ་དུ་ཆགས་པའི་བྱིས་པ་དེ་ཉིད་གོང་དུ་འཕེལ་བའི་རྒྱུ་ནི་བྱིས་པ་རང་ཉིད་ཀྱི་ལྟེ་བའི་གནས་དེ་ཡིན་པ་སྟེ་མ་ཡི་བུ་སྣོད་གཡས་གཡོན་གྱི་རྩ་དང་བྱིས་པ་རང་ཉིད་ཀྱི་ལུས་ཀྱི་ལྟེ་བ་དང་མཐུད་ཅིང་འབྲེལ། མ་ཡི་བུ་སྣོད་གཡས་གཡོན་གྱི་རྩ་གཉིས་པོ་དེ་བསམ་སེ་ནས་རིམ་གྱིས་ཟས་ཀྱི་བཅུད་ཡོང་སའི་རྟེན་དང་འབྲེལ་བ་ཡིན། རྒྱུ་མཚན་དེའི་ཕྱིར་མ་ཡི་ཁ་ཟས་ཟོས་པའི་དང་མ་རྣམས་ཏེ་བཅུད་དེ་དག་རིམ་གྱིས་ལམ་ཁ་དེ་བརྒྱུད་དེ་ཡོང་ནས་མ་ཡི་མངལ་དུ་གནས་པའི་བྱིས་པ་དེ་ཉིད་ཀྱི་ལུས་ཀྱི་ཆ་ཤས་ཀུན་རྣམ་པར་འཕེལ་བར་འགྱུར་བ་ཡིན་ཏེ། དཔེར་ན་རྫིང་བུ་ནས་རིམ་གྱིས་ཡུར་བུ་བརྒྱུད་དེ་ཡོང་བའི་ཆུ་དེ་ཡིས་ཞིང་ཁའི་ཐོག་ཏུ་ལོ་ཏོག་སྐྱེད་པར་བྱེད་པ་དང་འདྲ་ཞེས་པའི་གསུང་ཚུལ་འདིས་ལུས་དེ་ཉིད་གཞི་རྟེན་གཙོ་བོ་ལྟེ་བ་ནས་འཕེལ་དགོས་པར་བསྟན་པ་ཡིན། འོ་ན་ཁྱོད་ཀྱིས་ལུས་ཐོག་མར་གྲུབ་པའི་སྐབས་མ་ཡི་ས་བོན་ཞེས་པ་ཞིག་ཡོད་དགོས་པ་དང་དེ་ཡང་ཟླ་བ་རེ་ལ་ཡོང་བར་བཤད་པ་ཡིན་ན་བུད་མེད་ཐམས་ཅད་ལ་དེ་ལྟར་ཡོད་པ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ་སྤྱིར་བཏང་བུད་མེད་ལ་ཕྲུ་གུ་ཆགས་པ་དང་མི་ཆགས་པ་གཉིས་ཡོད་པ་ནི་མངོན་སུམ་གྱིས་གྲུབ་པ་ཡིན་པས་ཞིབ་བཤད་མི་དགོས། དེ་ལྟར་མི་ཆགས་པའི་རྒྱུ་མཚན་ནི་འགའ་ཞིག་ན་ཚས་རྐྱེན་པ་དང༌། འགའ་ཞིག་རྫས་མ་ཚང་བ་སོགས་ཀྱིས་ཡིན་ཆོག་པ་ནི་རྒྱུ་མཚན་ལ་བསམ་གཞིག་བྱེད་ན་རྟོགས་ནུས། འདིར་ནི་ཕྲུ་གུ་ཆགས་རིམ་གྱི་སྐོར་འཆད་དགོས་པས་དེའི་ཚུལ་ནི་བུད་མེད་ལོ་ན་ཆུང་བའི་སྐབས་སུ་དེ་འདྲའི་ས་བོན་དེ་འབྱུང་མི་ནུས་ལ་ལོ་རྒན་པའི་སྐབས་སུ་ཡང་ས་བོན་དེ་འབྱུང་མི་ནུས། འདི་ནི་རང་རིགས་རྣམས་ཀྱིས་ཟླ་མཚན་འབབ་ཅེས་པའི་ཐ་སྙད་སྦྱར་གཞི་དེ་ཡིན། དེ་ཡང་ཟླ་ཞེས་པས་དུས་བསྟན་པ་དང་མཚན་ཞེས་པས་གནས་བསྟན་པ་དང་འབབ་ཅེས་པས་བྱ་བ་བསྟན་པ་ཡིན། དེའི་ཚུལ་ནི་ཟླ་བ་རེ་རེ་བཞིན་དུ་བུད་མེད་ཀྱི་མཚན་མའི་གནས་ནས་འབབ་པ་ཞེས་པའི་གོ་དོན་འགྲེལ་དུ་ཡོད་པས་ཟླ་མཚན་ཞེས་མིང་དུ་སོང་པ་དེ་ནི་རྗེས་གྲུབ་ཀྱི་མིང་ཞིག་ཡིན། དེ་ལྟ་བུ་ལོ་གྲངས་ག་ཚོད་ནས་ག་ཚོད་བར་དུ་ཡོད་ཅེ་ན། ཚན་རིག་པས་དུས་ལ་ངེས་བཟུང་བྱས་པ་ཞིག་མ་མཐོང་ཡང་སྤྱིའི་ཆ་ནས་བུད་མེད་ལོ་བཅུ་གཉིས་ནས་ལྔ་བཅུའི་བར་དུ་ཡོད་པར་གཞུང་ན་གསལ། གོང་དུ་དྲངས་པའི་སྨན་གྱི་གཞུང་དེ་ཉིད་ལས། བུད་མེད་བཅུ་གཉིས་ལོན་ནས་ལྔ་བཅུའི་བར།། དང་མ་ལས་བྱུང་ཟླ་རེར་བསགས་པའི་ཁྲག །རྩ་ཆེན་གཉིས་ནས་ནག་ཅིང་དྲི་བྲལ་བ། །

རླུང་གིས་མངལ་གྱི་སྒོར་འབྱིན་ཞག་གསུམ་འཛག །དེ་རྟགས་ཉམས་ཆུང་བཞིན་རས་ངན་པ་དང༌། །ནུ་མ་རྐེད་པ་མགུལ་པ་མིག་དཀུ་གཡོ།། ཞེས་བུད་མེད་ལོ་བཅུ་གཉིས་ནས་བཟུང་སྟེ་ལོ་ལྔ་བཅུའི་བར་དུ་རང་གི་ས་བོན་དང་མ་ལས་བྱུང་བའི་ཟླ་བ་རེར་བསགས་པའི་ཁྲག་དེ་ཉིད་རང་ཉིད་རྒྱུ་བའི་ལམ་རྩ་ཆེན་གཉིས་ལས་ཁ་དོག་ནག་ཅིང་དྲི་མ་དང་བྲལ་བ་འབྱུང་བ་རླུང་གི་སྟོབས་ཀྱིས་མངལ་གྱི་སྒོར་འབྱིན་པ་དང་དུས་ཀྱང་ཞག་གསུམ་གྱི་བར་དུ་འཛག་པར་བཤད། དེ་ལྟར་བྱུང་བའི་རྟགས་ནི་བུད་མེད་དེ་ཉིད་ལུས་ཉམས་ཆུང་ཞིང་བཞིན་རས་ཀྱི་མདངས་ཉམས་པ་སྟེ་ངན་པ་དང༌། མ་ཚད་ནུ་མ་དང་རྐེད་པ། མགུལ་པ་དང་མིག། །དཀུ་སྟེ་དཔྱི་ཟུར་བཅས་གཡོ་བར་བྱེད་པ་སོགས་ཀྱི་རྟགས་རྣམས་ཡོད་པར་གསུངས། འོན་ཀྱང་ཁྱབ་པ་ངེས་པ་ཞིག་ནི་ག་ལ་ཡིན་དེང་དུས་ཀྱི་རྫས་སྦྱོར་ནུས་པ་ཆེ་བའི་རྐྱེན་གྱིས་བྱ་དེ་དང༌། ཕག་པ་སོགས་གསོ་སྐྱོང་བྱེད་སྐབས་དུས་ཐུང་ངུ་ཞིག་གི་ནང་ལུས་ཀྱི་བོངས་ཚོད་ཡོངས་སུ་རྫོགས་པ་བྱེད་ནུས་པའི་རྫས་ཀྱི་སྦྱོར་བ་དེ་སྲོག་ཆགས་དེ་དག་གི་ཤ་ཡི་ནང་དུ་དབྱེར་མེད་ཀྱི་ཚུལ་དུ་གནས་ཡོད་པ་ནི་སུས་ཀྱང་བཤད་མི་དགོས། ཤ་དེ་དག་རྒྱུན་དུ་ཟ་བའི་བུད་མེད་བྱིས་པ་དེ་དག་ལོ་བརྒྱད་དང་དགུ་ཙམ་ལ་ཡང་རྫས་ཀྱི་ནུས་པའི་སྟོབས་ཀྱིས་ནུ་མ་འཕེལ་བ་དང༌། ཟླ་མཚན་འབབ་པ་སོཌ་འབྱུང་བཞིན་ཡོད་པ་ནི་ཡོངས་གྲཌ་ཡིན་ལ་རྒྱུ་མཚན་ནི་རྫས་དེ་དག་ལ་བརྟེན་ནས་བྱུང་བ་ཡིན་པ་ཚན་རིག་པ་རྣམས་ཀྱིས་ཀྱང་འགྲེལ་བཤད་བྱས་ཡོད་ཚོད་འདུག།

གཞན་བྱིས་པ་ལོ་བརྒྱད་དང་རྒན་མོ་ལོ་བརྒྱ་ལོན་པ་ལ་ཕྲུ་གུ་བྱུང་བར་བཤད་པ་སོགས་ནི་ཡ་མཚན་དངོས་བྱུང་གི་ཁོངས་སུ་བཤད་ཀྱང་ཆོག་སྙམ། འདི་ནི་བུད་མེད་ཙམ་མ་ཡིན་པར་སྐྱེས་པ་ལ་ཡང་རྫས་དེ་དག་གི་ནུས་པ་ལུས་ཀྱི་ནང་གི་ཤ་དང་ཁྲག་དེ་དག་དང་དབྱེར་མེད་ཀྱི་ཚུལ་དུ་འདྲེས་ནས་ལུས་ཀྱི་འབྱུང་བཞི་རྒུད་སླ་བ་སོགས་སྐྱོན་ཆ་མང་པོ་ཞིག་ཐོན་བཞིན་ཡོད། དེ་ལྟ་བུའི་ཟླ་མཚན་ལྡན་པའི་བུད་མེད་མངལ་གྱི་སྐྱོན་དང་བྲལ་བ་ཞིག་ཡིན་ན་ཕྲུ་གུ་ཆགས་པའི་སྣོད་དུ་རུང་བ་ཡིན། ཕ་ཡི་ཁུ་བ་ཡང་སྐྱོན་མེད་ཅིག་དགོས་པ་ལས་རླུང་འཁྲིས་བད་ཀན་སོགས་ཀྱིས་ནུས་མེད་དུ་བྱས་པ་ལྟ་བུས་ནི་ཕྲུ་གུའི་ས་བོན་བསྐྲུན་མི་ནུས།ཕ་ཡི་ཁུ་བ་ལ་དུས་དང་ནུས་པ་སོགས་ལ་ཁྱད་པར་མེད་པར་ཐམས་ཅད་ཀྱིས་བསྐྲུན་ནུས་པར་བཤད་ཀྱང་རིགས་པས་དཔྱད་ན་ནུས་པའམ་རྫས་ཀྱི་ཚོགས་ཕུང་རྣམས་ལ་ཁྱད་པར་ཅུང་ཟད་མེད་དམ་སྙམ། མདོར་ན་དེ་ལྟ་བུའི་རྫས་འདུས་པ་ལས་བྱུང་བའི་ཕྲུ་གུ་དེ་ལ་བུ་དང་བུ་མོ་མ་ནིང་གསུམ་ཡོད་པ་མཐོང་ཆོས་སུ་གྲུབ་པས་དེ་དག་ཇི་ལྟར་ཆགས་པ་ཡིན་ནམ་ཞེ་ན། ཚན་རིག་པ་རྣམས་ཀྱིས་བཤད་པ་ལྟར་ན་ཕྲུ་གུ་གཅིག་གི་གཟུགས་ཕུང་གི་གྲུབ་གཞི་ནི་ཕ་མ་གཉིས་ལས་བརྒྱུད་པའི་རིགས་རྫས་ཚོགས་ཕུང་ཆ་ཉི་ཤུ་རྩ་གསུམ་ཡོད་པ་དང་དེ་ལས་ཉེར་གཉིས་ནི་སྤྱི་ཁྱབ་ཀྱི་འགྲོས་དང་ལྡན་པས་ཕོ་མོའི་ཁྱད་པར་མི་འབྱེད། ཆ་ཉེར་གསུམ་པ་དེས་ཕོ་མོའི་ཁྱད་པར་འབྱེད་པ་ཡིན་ཟེར། དེའི་ཚུལ་ནི་གསལ་བྱེད་ཀྱི་ཡི་གེས་མཚོན་པར་བྱས་ཏེ་བསྟན་ཡོད། དེ་ཡང་ཕ་ཡི་རིགས་རྫས་ཚོགས་ཕུང་མཚོན་བྱེད་ཨེག་སེ་(x)དང་ཝཡེ (y)་མ་ཡི་རིགས་རྫས་ཚོགས་ཕུང་མཚོན་བྱེད་ཨེག་སེ་(x)དང་ཨེག་སེ(x)་དེ་དག་རེ་རེ་བཞིན་ཕན་ཚུན་ཆ་སྡེབ་བྱས་པ་ལས་ཐ་མའམ་ཉེར་གསུམ་པ་དེ་ཕ་ནས་ཆད་པའི་ཨེག་སེ་(X)དང་མ་ནས་ཆད་པའི་ཨེག་སེ་(x)གཉིས་འཕྲད་ན་ཕྲུ་གུ་དེ་ཉིད་བུ་མོ་དང༌། མ་ནས་ཆད་པའི་ཨེག་སེ་(X)དང་ཕ་ནས་ཆད་པའི་ཝཡེ(Y)་འཕྲད་ན་དེ་ཉིད་ཕོར་འགྱུར་བ་ཡིན་པར་བཤད།
མ་ནིང་ནི་འཕེལ་རིམ་གྱི་སྐབས་རྐྱེན་དབང་གིས་གཞན་དུ་འགྱུར་བ་ཞིག་ལས་རྫས་འདུས་པའི་སྐབས་སུ་འདུས་སྟངས་གཞན་ཞིག་ཡོད་པར་བཤད་པ་མ་མཐོང༌། འོན་ཀྱང་མ་མཐོང་ཕྱིར་ན་མེད་པ་མིན་ཞེས་པ་ལྟར་མེད་པར་བཤད་མི་ཐུབ་པ་མ་ཚད་ཚན་རིག་གི་སྐོར་ལ་མཐོང་རྒྱ་དང་ཐོས་རྒྱ་གང་ཡང་མེད་མཁན་ཞིག་ གིས་འདི་ལྟར་རེད་ཅེས་ཐག་ཆོད་པ་ཞིག་མེད་པས་འདི་དག་ནི་རང་གི་བསམ་ཚུལ་ཙམ་ཞིག་བྲིས་པ་ལས་མཐའ་གཅིག་ཏུ་འདི་ལྟར་རེད་ཅེས་བཤད་པ་མིན། སྨན་གྱི་གཞུང་ལྟར་ན། ཁུ་བ་མང་བ་བུ་རུ་སྐྱེ་འགྱུར་ཞིང༌། །ཟླ་མཚན་མང་བ་བུ་མོར་སྐྱེ་བར་འགྱུར། །ཆ་མཉམ་མ་ནིང་བྱེ་ལས་མཚེ་མར་སྐྱེ། །ཞེས་ཕ་མ་གཉིས་ཀྱི་ཁུ་ཁྲག་འདྲེས་པ་དེའི་ཚེ་ཕ་ཡི་ཁུ་བ་མང་བའམ་སྟོབས་ཆེ་ན་ཕྲུ་གུ་དེ་ཉིད་བུ་རུ་འགྱུར་བ་དང༌། མ་ཡི་ཟླ་མཚན་མང་བའམ་སྟོབས་ཆེ་ན་ཕྲུ་གུ་དེ་ཉིད་བུ་མོར་འགྱུར་བ་དང༌། ཕ་མ་གཉིས་ཀྱི་ཁུ་ཁྲག་མང་ཉུང་མཉམ་པའམ་སྟོབས་མཉམ་ན་ཕྲུ་གུ་དེ་ཉིད་མ་ནིང་དུ་འགྱུར་བ་དང༌། ཕ་མ་གཉིས་ཀྱི་ཁུ་ཁྲག་འདྲེས་ནས་འཕེལ་བའི་ཚེ་དུམ་བུ་གཉིས་སུ་བྱེ་བ་ལས་མཚེ་མ་སྐྱེ་བར་བཤད་པ་འདི་དག་ཚན་རིག་པའི་འདོད་ཚུལ་དང་མཐུན་པའི་རྣམ་གཞག་གི་སྒོ་ནས་འཆད་ཆོག་པར་མངོན།

ཚན་རིག་པ་རྣམས་ཀྱིས་གསལ་བྱེད་ཀྱི་ཡི་གེས་མཚོན་པར་བྱས་ཏེ་བསྟན་པ་ལྟར་ན་མ་ཡི་ཁོལ་མོ་འཛོམ་མཚོན་བྱེད་ལ་ཨེག་སེ་(x)ཆ་གཅིག་དང༌། ཕ་ཡི་ཁོལ་མོ་འཛོམ་མཚོན་བྱེད་ལ་ཨེག་སེ་(x)དང་ཝ་ཡེ(Y)་གཉིས་གསལ་བྱེད་སོ་སོ་ནས་བཞག་པས་ཕ་ཡི་ཁོལ་མོ་འཛོམ་གྱི་ནང་ཚན་ཨེག་སེས་(x)མཚོན་པའི་རྫས་དེ་ནི་མ་ཡི་ཕྱོགས་ཀྱི་ཁོལ་མོ་འཛོམ་དང་མཐུན་ཤས་ཆེ་བ་ཡིན་པ་དང༌། དེ་ཉིད་མ་ཡི་ཁོལ་མོ་འཛོམ་དང་འཕྲད་པའི་ཚེ་བུ་མོར་འགྱུར་བར་འདོད་པའི་ཚོགས་པ་དེ་ལ་མ་ཡི་རྫས་སྟོབས་ཆེ་བ་ཡོད་པས་ཟླ་མཚན་མང་བ་ཞེས་བཤད་ཀྱང་མི་མཐུན་པ་མེད་སྙམ། ཝ་ཡི་(x)ཞེས་པའི་གསལ་བྱེད་ཀྱིས་མཚོན་པའི་རྫས་ནི་མ་ཡི་ཁོལ་མོ་འཛོམ་དང་མི་མཐུན་པའི་ཕ་ཡི་ཁོལ་མོ་འཛོམ་ཤིག་ཡིན་པ་དང༌། དེ་ཉིད་མ་ཡི་ཁོལ་མོ་འཛོམ་དང་འཕྲད་པའི་ཚེ་བུ་རུ་འགྱུར་བར་འདོད་པའི་ཚོགས་པ་དེ་ལ་ཕ་ཡི་རྫས་སྟོབས་ཆེ་བ་ཡོད་པས་ཁུ་བ་མང་བ་ཞེས་བཤད་ཀྱང་མི་ཆོག་པ་མིན། ཁུ་ཁྲག་འདྲེས་པའི་རྫས་དེ་ཉིད་འཕེལ་བའི་སྐབས་སུ་སོ་སོར་བྱེ་བ་ལས་མཚེ་མ་ཆགས་པ་ནི་ཚན་རིག་པའི་གཞུང་ལུགས་ཇི་ལྟ་བ་བཞིན་ཡིན། འདིའི་སྐབས་སུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་སྐྱེ་བ་ལེན་ཚུལ་ཞིག་འཆད་པར་འདོད་ཀྱང་དུས་ཀྱི་ཁོམ་ལང་མ་བྱུང་བས་དེ་ཙམ་གྱིས་རྫོགས་པར་བྱས་སོ།།

 

རྩོམ་ཡིག་འདི་ཐེངས་ 2176 བཀླགས་འདུག

ཤོག་ངོས་འདི་ཐེངས་ 609 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

 གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།

ཚན་རིག་གསར་ཤོས།

རྒྱ་གར་གྱི་མཚན་ཉིད་རིག་པའི་གོ་…

སྡེ་ཚན། ནང་ཆོས་ཀྱི་ཚན་རིག | ཟླ་ཚེས་ 17-02-2020 | ཀློག་གྲངས། 2371

ཟམ་པ། རྒྱ་གར་གྱི་མཚན་ཉིད་རིག་པ་ཞེས་པ་ནི། རྒྱ་གར་གྱི་བསམ་བློ་བ་གནའ་རབས་དང་དེང་རབས། ཧིན་དྷུ་... བཀླགས་འཕྲོ...

མཚན་ཉིད་རིག་པའི་རང་བཞིན།

སྡེ་ཚན། ནང་ཆོས་ཀྱི་ཚན་རིག | ཟླ་ཚེས་ 17-02-2020 | ཀློག་གྲངས། 2261

ཟམ་པ། གང་ཟག་གཞན་དག་དང་མཚུངས་པར་མི་རྣམས་ཀྱང་འཚོ་གནས་ཀྱི་ཆེད་དུ་འབད་བརྩོན་བྱེད་པ་ཡིན་མོད། འོ... བཀླགས་འཕྲོ...

རྣམ་རིག་ཙམ་དུ་འཇུག་ཚུལ་ལ་དཔྱད་…

སྡེ་ཚན། ནང་ཆོས་ཀྱི་ཚན་རིག | ཟླ་ཚེས་ 14-04-2018 | ཀློག་གྲངས། 3359

སེམས་ཙམ་པའི་ལུགས་ཀྱི་རྣམ་རིག་ཙམ་དུ་འཇུག་ཚུལ་ལ་དཔྱད་པ།ལེགས་བཤད་སྙིང་པོར་རྣམ་རིག་ཙམ་དུ་འཇུག་... བཀླགས་འཕྲོ...

མཆན་མང་ཤོས།