Sat 14 Apr 2018

སྐྱེས་དངོས་རིག་པའི་སྐོར།

ཚད་གཞི།:
(0 འོས་བླུགས།)

འབྲི་སྐལ་བཟང༌།

སྐྱེ་དངོས་ཚན་རིག་གི་སྐོར་འཆད་སྐབས་སྐྱེ་ལྡན་གྱི་དངོས་པོ་དེའི་བྱ་བ་དང་ཁྱད་ཆོས། དེ་ གང་ལས་བྱུང་བ་སོགས་ཀྱི་སྐོར་འཆད་དགོས་པས་དེ་དག་གི་ཐོག་མའི་བྱུང་ས་སོགས་ཡར་ དེད་ན་འཇིག་རྟེན་གྱི་ཁམས་ཐོག་མར་གྲུབ་པའི་གནས་སྐབས་ཀྱི་རྫས་དང་དངོས་པོ་དེ་དག་ལ་ཐུག་པ་འོས་མེད་ཡིན་པས་འཇིག་རྟེན་གྱི་ཁམས་ཆགས་ཚུལ་ཅུང་ཟད་འཆད་ནས་སྐྱེས་དངོས་ཚན་རིག་སྐོར་དངོས་བཤད་པ་ནི། དེ་ཡང་སྐྱེ་ལྡན་གྱི་དངོས་པོའི་བརྒྱུད་རིམ་ནི་ འཛམ་གླིང་གི་ས་གཞི་ཡངས་ཞིང་རྒྱ་ཆེ་བ་འདིའི་སྟེང་གི་རྩི་ཤིང་ནགས་ཚལ་དང༌། འབྲུ་ སྲན་སྣ་ལྔ། སྲོག་ཆགས་དུད་འགྲོའི་རིགས། རྐང་གཉིས་མི་ཡི་རིགས་སོགས་ཚེ་སྲོག་དང་ལྡན་ པའི་དངོས་པོ་རྣམས་ཀྱི་འཕེལ་རིམ་ལས་བྱུང་བའི་རྫས་ཀྱི་རྒྱུན་དེའི་ཁྱད་ཆོས་མི་འདྲ་བའི་རྐྱེན་གྱིས་འབྲས་བུ་དེའི་དབྱིབས་དང་ཁ་དོག་བོངས་ཚོད་དང་ནུས་པ་སོགས་མི་འདྲ་བའི་ཁྱད་པར་ཡོང་གི་ཡོད། དེ་དག་གི་རྒྱུན་ཡར་དེད་ན་ག་འདྲ་ཞིག་ལ་ཐུག་ཀྱི་ཡོད་ཅེ་ན། དེ་ ནི་ཚན་རིག་པ་རྣམས་ཀྱི་འདོད་ཚུལ་གཞི་ལ་བཞག་སྟེ་བཤད་ན་རིགས་རྫས་ཀྱི་ཐོག་མ་འདི་ རེད་ཅེས་པ་ཞིག་ཐག་བཅད་ནས་བཤད་དུ་མེད་ཀྱང་འདོད་ཚུལ་གཉིས་ཀྱི་སྒོ་ནས་འགྲེལ་བཤད་བྱེད་ཀྱི་ཡོད། དེ་ཡང་འགའ་ཞིག་གིས་རིགས་རྫས་ཀྱི་ཐོག་མའི་འབྱུང་ཁུངས་ནི་བར་སྣང་སྟོང་པའི་ནང་དུ་གཟའ་སྐར་གདོང་ཐུག་བྱས་པ་ལས་ཆད་པའི་དུམ་བུ་ཞིག་འཛམ་བུ་གླིང་གི་ཐོག་ཏུ་བབ་པ་དང༌། དེའི་ནང་གི་རིགས་རྫས་དེ་དག་འཛམ་བུ་གླིང་གི་སྟེང་དུ་སྐྱེ་འཕེལ་གྱི་བྱ་བ་བྱས་ནས་བྱུང་བ་ཡིན་པས་རིགས་རྫས་ཀྱི་ཐོག་མ་ནི་གཟའ་སྐར་གཞན་གྱི་སྟེང་ནས་བྱུང་བ་རེད་ཟེར་དེའི་སྒྲུབ་བྱེད་ནི་འཛམ་བུ་གླིང་གི་སྐྱེ་འཕེལ་ཅན་གྱི་དངོས་པོ་དེ་དག་ག་ནང་དུ་སྐྱེ་འཕེལ་གྱི་བྱ་བ་བྱེད་པའི་རྫས་ཀྱི་ནུས་པ་ཞིག་ཡོད་པ་དེ་དང་གཅིག་པ་ཞིག་གཟའ་སྐར་གཞན་གྱི་སྟེང་ནས་ལྷུང་བའི་སྐར་རྡོ་དེའི་སྟེང་དུ་འདུག་དེར་བརྟེན་རིགས་རྫས་ཀྱི་ཐོག་མ་ནི་དེ་ལས་བྱུང་བ་འདྲ་ཟེར།

འཆད་ཚུལ་ནི་ལོ་ས་ཡ་གསུམ་དང་གྲངས་ཆུང་བརྒྱད་ཙམ་གྱི་སྔོན་དུ་རེས་གཟའ་མིག་དམར་དང་སྐར་མ་གཞན་ཞིག་གཉིས་བརྡབ་པ་ལས་དུམ་བུ་ཞིག་འཛམ་གླིང་གི་ལྷོ་སྣེ་ལ་ལྷུང་བ་ཕྱིས་སུ་བརྟག་དཔྱད་བྱེད་སྐབས་སྐར་རྡོ་དེའི་ ཚོགས་པའི་ནང་དུ་པུར་ཀར་ཡོ་ཞེས་སྲོག་ལྡན་གྱི་དངོས་པོའི་རྫས་རྒྱུན་ཞིག་ཡོད་པར་མཐོང་བས་འཛམ་བུ་གླིང་གི་སྲོག་ལྡན་གྱི་དངོས་པོའི་རྫས་རྒྱུན་ནི་སྐར་མ་གཞན་གྱི་སྟེང་ནས་ཡོང་བ་རེད་ཅེས་བཤད་པ་དེ་ནི་ཁུངས་འཕེར་བའི་སྒྲུབ་བྱེད་ཞིག་ཏུ་མ་མཐོང༌། བར་སྣང་སྟོང་པའི་ནང་དུ་གོ་ལ་བགྲང་ཀྱིས་མི་ལང་བ་ཞིག་ཡོད་པ་ནི་ཡོངས་གྲགས་ཡིན། དེ་ཡང་ས་ཆུ་མེ་རླུང་སོགས་ལས་གྲུབ་སྟངས་ཡང་འདྲ་བའི་གོ་ལ་མང་པོ་ཞིག་ཡོད་ན་ དེའི་ནང་གི་རྫས་ཀྱི་གནས་སྟངས་ཡང་འདྲ་བའི་གོ་ལ་མང་པོ་ཞིག་ཡོད་ཆོག་པ་ཡིན། དེ་ལ་ བསམ་བློ་གཏོང་ས་ཅུང་ཟད་ཅིག་ཡོད་པར་མཐོང༌། གཞན་དང་གཞན་དུ་འགྱུར་འགྲོ་བ་ནི་ འཇིག་རྟེན་འདིའི་སྟེང་དུ་ཡོངས་གྲགས་ཡིན། འོན་ཀྱང་ཐོག་མ་དེ་ནས་གྲུབ་ཅེས་ཅུང་ཟད་ བཤད་དཀའ་བར་མཐོང༌། དེའི་སྔོན་གོ་ལ་ཐོག་མར་གྲུབ་པའི་སྐབས་སུ་རྩུབ་བརྡར་དང་འཁྲུག་ཟིང་གི་ལམ་ཁ་མང་པོ་ཞིག་བརྒྱུད་དེ་གྲུབ་པར་བཤད་པ་ལྟར་ན་སྐབས་དེ་དུས་ནས་རྫས་ཀྱི་འགྱུར་བ་སྣ་ཚོགས་པ་ཞིག་ཡོད་ཆོག་པས་རྫས་དེ་དག་བསྐྲུན་པ་ལ་འགལ་བ་ཅི་ཡང་མེད་པས་ཐོག་མ་དེ་ནས་ཡོད་ཆོག་པའི་ཕྱིར།

དེ་ལྟར་ཐོག་མའི་གྲུབ་ཚུལ་ལ་བསམ་ཚུལ་མི་ འདྲ་བ་འགའ་ཞིག་ཡོད་ཀྱང་མངོན་གསལ་ཅན་ནི་རྒྱ་མཚོ་ནས་བྱུང་བར་བཤད་པ་ཕལ་ཆེར་གཅིག་མཚུངས་ཡིན་པ་འདྲ། དེའི་འཆད་ཚུལ་ནི་སྦིག་ཀྲི་རི་ཡ་ཞེས་ཕྲ་ཕུང་གཅིག་ལས་གྲུབ་པའི་དངོས་པོ་ཞིག་ལས་འཕེལ་བར་འདོད། དེ་ཡང་རང་ཉིད་འཚོ་བྱེད་ཀྱི་དངོས་པོ་གཞན་ ནས་ལེན་ཐུབ་པ་དང་རང་གིས་བེད་སྤྱོད་བྱས་ཟིན་པའི་དངོས་པོ་རྣམས་ཕར་གཡུག་ཐུབ་ པའི་བྱེད་ལས་དམིགས་གསལ་བ་ཞིག་གྲུབ། དེའི་རྒྱུན་འཕེལ་བ་ལས་རིམ་པར་ཕྲ་ཕུང་གཉིས་ ལྡན་དང་མང་ལྡན་སོགས་གྲུབ་ནས་ཆེ་ཆུང་མི་འདྲ་བ་དུ་མ་ཞིག་འཕེལ་ཞིང་དེ་དག་གིས་རང་ཉིད་འཚོ་བར་བྱེད་པའི་རྫས་ལོངས་སྤྱོད་ཚུལ་མི་འདྲ་བའི་རྐྱེན་གྱིས་འཕེལ་སྐྱེད་ཆེ་ཆུང་དང་དབྱིབས་སོགས་མི་འདྲ་བ་གྲུབ། ཡ་མཚན་ཅན་གྱི་དངོས་པོ་དེ་ཐོག་མར་རྒྱ་མཚོའི་ནང་དུ་འཕེལ་རྒྱས་ཤུགས་ཆེར་ཕྱིན་ནས་མཐར་རིམ་པར་སྐམ་སའི་སྟེང་དུ་འཚར་ལོངས་བྱེད་ཐུབ་པ་བྱུང༌། དེ་ཡང་རྩི་ཤིང་ལྟ་བུ་ངེས་པར་ས་ལ་མཐུད་ནས་སྐྱེ་འཕེལ་བྱེད་དགོས་པ་ཞིག་དང༌། མི་དང་དུད་འགྲོ་ལྟ་བུ་འཚོ་བཅུད་ཀྱིས་འདང་ན་ས་དང་མཐུད་མི་དགོས་པར་རང་གིས་བྱ་བ་བྱེད་ཐུབ་པ་ཞིག་ཅེས་རྩ་བའི་ཕྱོགས་གཉིས་སུ་འཕེལ་རྒྱས་བྱུང་ཡོད།

དེ་འདྲ་བའི་རྒྱུན་གཉིས་ཀ་ལ་ཚན་རིག་པ་རྣམས་ཀྱིས་ཚེ་སྲོག་དང་ལྡན་པའི་འགྲེལ་བཤད་བྱེད། འདི་ལ་ནང་པའི་གཞུང་ལུགས་སྨྲ་བ་རྣམས་ཀྱིས་ཐོག་མར་བློ་ལ་མི་འཐད་པའི་རྣམ་འགྱུར་ཞིག་སྟོན་ངེས། གང་ཡིན་ཞེ་ན་ང་ཚོའི་གཞུང་ནས་བཤད་པའི་སྲོག་ཅེས་པ་དེ་དྲོད་དང་རྣམ་ཤེས་ཀྱི་རྟེན་ཡིན་པ་ཞིག་དགོས་པ་གཞི་ལ་བཞག་ནས་བསམ་བློ་བཏང་བའི་རྐྱེན་གྱིས་ཡིན། ང་རང་ཡང་ཐོག་མར་དེ་ལྟར་བསམ་ནས་སྐྱར་སྐོར་ཡང་སྐོར་གྱི་དྲི་བ་མང་པོ་གཏོང་མྱོང། འོན་ཀྱང་ཁོང་ཚོས་འདོད་པའི་སྲོག་ཅེས་པ་དེ་ལ་ཁྱད་ཆོས་དེ་འདྲ་ཞིག་ཚང་ མི་དགོས། རྩི་ཤིང་དང་ནགས་ཚལ་སོགས་སྐྱེ་ལྡན་གྱི་དངོས་པོ་རྣམས་ལ་ཚན་རིག་པས་འདོད་པའི་ཚེ་སྲོག་ཅེས་པ་དེ་དང་ལྡན་པར་འདོད་ཀྱང་ནང་པའི་གཞུང་དང་འགལ་བ་ཅུང་ཟད་ཀྱང་མི་འགྲོ། ཚན་རིག་པ་རྣམས་ཀྱིས་འདོད་པའི་ཚེ་སྲོག་ཅེས་པ་དེ་དང་ནང་པས་འདོད་པའི་ཚེ་སྲོག་ཅེས་པ་དེ་གཉིས་རྗོད་བྱེད་ཀྱི་སྒྲ་ཙམ་འདྲ་ན་ཡང་བརྗོད་བྱའི་དོན་མི་འདྲ་བ་ ཡིན། དེ་ལྟར་ཐ་སྙད་སྦྱར་སྟངས་དང༌། འགྱུར་གྱི་ཁྱད་པར་སོགས་ལས་གནས་ཚུལ་དེ་འདྲ་མང་པོ་ཞིག་མཐོང་དུ་ཡོད།
འདི་དག་ཐོག་མ་ཉིད་ནས་ཚན་རིག་པའི་འདོད་ཚུལ་དང༌། ནང་པའི་གཞུང་ནས་བཤད་པ་གཉིས་དོན་འདི་མི་མཐུན་ཞེས་མ་བཤད་པར་གང་འདོད་པའི་འདོད་གཞི་དེའི་དོན་ལ་དཔྱད་པ་བྱེད། དེ་ནས་ཐ་སྙད་སྦྱར་སྟངས་དང་འགྱུར་སོགས་ལ་གོ་བ་ཆགས་པ་ཞིག་བྱེད། དེ་ནས་གཞི་ནས་མི་མཐུན་ན་དོན་འདི་འདྲ་བ་ལ་མི་མཐུན་ཞེས་སྨྲ་ན་ཚིག་དེ་ཉིད་ ནུས་པ་དང་ལྡན་པ་ཞིག་ཏུ་ཡོང་ངེས། དེ་མིན་མགོ་མཐོང་ཙམ་ནས་རྩོད་པའི་ཚུལ་དང་དགག་པའི་ཁུལ་བྱེད་ཀྱང་རང་གི་དེ་ཉིད་བསྟན་པར་ཟད་ཀྱི་དཔྱོད་ལྡན་རྣམས་བཞད་གད་ཀྱི་གནས་སུ་འགྱུར་བ་ལས་མ་འདས། ཚན་རིག་པ་རྣམས་ཀྱི་བརྟག་དཔྱད་བྱེད་ཚུལ་ནི་རང་ཅག་རྣམས་ཀྱི་དགེ་རྒན་ཚོས་གསུངས་སྟངས་ལ་དཔག་ན་ཐོག་མར་ཡ་མཚན་ཞིག་སྐྱེས། དེ་ནས་དོན་དེ་ལ་ཚོད་དཔག་བྱེད། དེ་ནས་རྒྱུ་མཚན་ཞིག་བསམ་བློ་གཏོང༌། དེ་ནས་རང་གི་སྔོན་ཚོད་དཔག་བྱས་པའི་དོན་དེ་རྒྱུ་མཚན་འདི་ལྟར་ན་འདི་འདྲ་ཞིག་ཡོང་དགོས་ཀྱང་དངོས་གནས་ག་འདྲ་འདུག་སྙམ་སྟེ་བརྟག་དཔྱད་ཀྱི་ལམ་དུ་འཇུག་ནས་ཕྲ་མཐོང་ཆེ་ཤེལ་དང་རྒྱང་མཐོང་ཉེ་ཤེལ་སོགས་གང་ལ་གང་དགོས་བེད་སྤྱོད་བྱས་ནས་དུས་ཡུན་དང་དཀའ་ལས་ལ་མ་འཛེམ་པར་གནས་ལུགས་ངོ་མ་དེ་མཐོང་བའི་ཐབས་ལ་འབད། ཐ་མའི་གྲུབ་དོན་རྙེད་པ་དེ་ཡང་འདི་འདྲ་བ་ཞིག་རྙེད་སོང་ཞེས་བརྗོད་དེ་ ཁྱབ་བསྒྲགས་བྱེད་པ་ཙམ་ལས་ཐ་མའི་གྲུབ་དོན་ངོ་མ་འདི་ཡིན་ཞེས་པའི་ཐག་གཅོད་ནམ་ ཡང་མི་བྱེད་པར་མངོན། རྒྱུ་མཚན་དེའི་ཕྱིར་ཚན་རིག་པས་གྲུབ་དོན་གཏན་འབེབས་བྱས་པ་ རྣམས་ལ་འགྱུར་མེད་ཀྱི་ངེས་པ་རྙེད་པ་ཞིག་ཕལ་ཆེར་མེད་ལས་ཆེ། བློ་གཟུ་བོར་གནས་པའི་ཚན་རིག་པ་ཞིག་ཡིན་ན་དེ་རིང་རྙེད་པའི་གྲུབ་དོན་དེ་སང་ཉིན་འཚོལ་ཡག་གི་གྲུབ་དོན་དེ་རྙེད་པའི་ཐབས་སམ་ལམ་ལྟ་བུ་ཞིག་ཏུ་འདོད་པ་ལས་ད་ནི་ངས་ཐ་མའི་གྲུབ་དོན་དེ་རྙེད་སོང་ཞེས་མཚམས་འཇོག་མེད་པར་ད་དུང་དེའི་དོན་ལ་བརྟག་དཔྱད་བྱེད་ཀྱི་ཡོད།

ངས་འདིར་ཚན་རིག་པ་ཞེས་པའི་ཐ་སྙད་བེད་སྤྱོད་བྱས་ནས་རྣམ་གཞག་འདོད་ཚུལ་འཆད་པ་འདི་ཚན་རིག་གི་ཐབས་ལམ་མམ་ཚན་རིག་གི་གཞུང་ལུགས་ལྟར་ན་དེ་ལྟ་བུ་ཡིན་ཞེས་བཤད་པ་ཡིན་གྱི་ཚན་རིག་པ་ཡིན་ན་དེ་འདྲ་བ་ཁོ་ན་ཞིག་འདོད་ དགོས་ཀྱི་ཡོད་ཅེས་བཤད་པ་མིན། ཚན་རིག་པ་ཕལ་ཆེ་བ་རང་གི་ཕ་མེས་ནས་བརྒྱུད་པའི་ ཆོས་ལུགས་ལ་ཞུགས་པ་དང༌། འགའ་ཞིག་ཆོས་ལུགས་གཞན་ལ་དད་པ་དང་ཡིད་ཆེས་རྙེད་ནས་དེར་ཞུགས་པ་སོགས་ཡོད་པས་གང་ཟག་སྒེར་སོ་སོ་ལ་ནི་རང་རང་གི་ལྟ་གྲུབ་དང་གཞུང་ལུགས་སོགས་ཀྱིས་གཏན་ལ་ཕབས་པའི་གྲུབ་དོན་གྱི་ཐག་གཅོད་ཞིག་ཡོད་ཆོག་སྙམ། ཚན་རིག་པ་གང་ཞིག་གིས་རྒྱུ་མཚན་ཡང་དག་གི་སྒོ་ནས་ཐག་གཅོད་བྱས་པ་ཞིག་ཡོད་ན་དེ་ནི་ཆོས་ལུགས་པ་རྣམས་ཀྱིས་དངོས་པོའི་གནས་ལུགས་འཚོལ་བ་དང་དོན་དངོས་ཀྱི་བྱ་བ་ཐག་གཅོད་བྱེད་པའི་ཐབས་ལམ་དང་ཡོངས་སུ་མཐུན་པ་ཡིན། དེ་འདྲ་བའི་འདོད་ཚུལ་དེ་སྔོན་དུས་ཀྱི་ཚན་རིག་པའི་ཁྲོད་དུ་དར་ཁྱབ་ཤིན་ཏུ་ཆུང་བར་མངོན། དེང་རབས་ཀྱི་ཚན་རིག་པ་ རྣམས་ནི་བསམ་བློ་གུ་ཡངས་ཅན་ཞིག་ཡིན་པས་ཆོས་ལུགས་པའི་འདོད་ཚུལ་ལ་ཁྱད་གསོད་དང་དམའ་འབེབ་མེད་པར་དེ་དག་གི་འདོད་ཚུལ་ཀྱི་ནང་དུ་ལེགས་ཆ་གང་ཡོད་འཚོལ་ཞིབ་བྱེད་པ་དང་ཕན་ཚུན་བསམ་ཚུལ་སྤེལ་རེས་བྱེད་རྒྱུའི་བསམ་བློ་དང༌། འགལ་འདུའི་སྐྱོན་འདུག་ན་སེལ་བའི་ཐབས་ལ་འབད་པ་འདི་ནི་བློ་གཟུ་བོར་གནས་པའི་མཁས་པའི་བྱ་བ་ཡིན་པས་རང་ཅག་རྣམས་ཀྱིས་ཀྱང་སྤྱི་ཁྱབ་ཀྱི་བསམ་བློ་གཏོང་དགོས་པ་གལ་ཆེ་བར་མཐོང༌། གལ་ཏེ་ང་ཚོའི་གཞུང་ནས་བཤད་པའི་དོན་རྣམས་ཚན་རིག་པས་དཔྱད་པ་བྱས་པའི་གྲུབ་དོན་དང་མཐུན་པའི་སྒོ་ནས་འབྲེལ་བཤད་ཅིག་བྱེད་ཐུབ་ན་གཞི་ནས་འཛམ་གླིང་འདིའི་སྟེང་དུ་ཡོངས་གྲགས་ཅན་གྱི་ཆོས་ལུགས་ཅིག་འགྱུར་ཐུབ། དེས་ནང་པ་ཙམ་མ་ཡིན་པར་འཛམ་བུ་གླིང་གི་མི་ཡོངས་རྫོགས་ལ་བདེ་བ་དང་ལྡན་པ། སྡུག་བསྔལ་དང་བྲལ་བ་སོགས་ཀྱི་ཕན་པ་ རྒྱ་ཆེན་པོ་ཞིག་བསྒྲུབ་ཐུབ། གང་གི་ཕྱིར་ཞེ་ན། ཆོས་ལུགས་དེའི་ངོ་བོ་ནི་སྤྱོད་པའི་ཆ་ནས་ བྱམས་པ་དང༌། སྙིང་རྗེ་སོགས་གཙོ་བོར་སྟོན་པས་འཐབ་རྩོད་དང་འགྲན་སེམས་སོགས་ངང་གིས་ཞི་བར་བྱེད་ནུས།

འཇིག་རྟེན་འདིའི་སྟེང་གི་སྡུག་བསྔལ་དང་ཡིད་མི་བདེ་བ་བཟོ་མཁན་གཙོ་བོ་ནི་རང་རྒྱལ་གཞན་ཕམ་གྱི་འགྲན་སེམས་དང༌། དེས་རྐྱེན་པས་འཐབ་རྩོད་སོགས་རྒྱུན་མི་ཆད་པར་འབྱུང་བཞིན་པ་འདི་ཡིན། འདི་དག་ལ་ཁ་གཏད་བཅའ་ཐུབ་མཁན་གྱི་བསམ་བློ་ཡར་རྒྱས་ཤིག་ཕྱིན་ན་འཛམ་བུ་གླིང་གི་སྐྱེ་འགྲོ་ཀུན་ཞི་བདེ་དང་བག་ཕེབས་ངང་གནས་ཐུབ། དེ་འདྲ་བའི་བསམ་བློ་ཡར་རྒྱས་འགྲོ་བའི་ཐབས་དམ་པ་ནི་ནང་པ་སངས་རྒྱས་པའི་གཞུང་ནས་བཤད་པའི་བློ་སྦྱོང་ཚུལ་ལས་ལྷག་པ་ཞིག་གང་ན་བརྩལ་ཀྱང་མི་རྙེད། ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ་ཚེ་སྲོག་དང་ལྡན་པའི་དངོས་པོ་དེ་དག་གི་ཚོགས་པ་ན་ཡོད་པའི་རིགས་རྫས་རང་གི་འབྲས་བུ་ཕྱི་མ་ལ་བརྒྱུད་གཏོང་བྱེད་པའི་ནུས་པ་དང་ལྡན་པའི་རྫས་དེ་ལ་བརྟེན་ནས་དངོས་པོ་དེའི་རྣམ་འགྱུར་མི་འདྲ་བ་རྣམས་བྱུང་བར་འདོད། འདིར་སྤྱིར་བཏང་གི་འགྲོས་དང་མཐུན་པར་བཤད་ན་ཅུང་ཟད་མི་གསལ་བའི་སྐྱོན་དང༌། བྱེ་བྲག་གཅིག་དཔེ་མཚོན་དུ་བཟུང་ནས་བཤད་ན་ཉན་པ་པོའི་བློ་ངོར་ཤར་བདེ་བའི་དགེ་མཚན་ཡང་ཡོད་པས་གང་ཟག་ཁྱད་པར་བ་མི་ལྟ་བུ་དཔེ་མཚོན་དུ་བཟུང་ནས་བཤད་པར་འདོད། ང་ཚོ་འགྲོ་བ་མི་ཞེས་བློ་རིག་རྣམ་པར་བཀྲ་ཞིང་རྣམ་དཔྱོད་མཆོག་ཏུ་ཡངས་པ། ལས་དང་བྱ་བ་གང་བྱེད་ཀྱང་ཐབས་དང་ཇུས་སོགས་སྲོག་ཆགས་གཞན་ལས་ཀྱང་ཁྱད་པར་དུ་འཕགས་ཅིང་འགྲོ་བ་གཞན་ལ་སྟངས་འཛིན་བྱེད་ནུས་པའི་རླབས་ཆེན་གྱི་སྐྱེས་བུ་རྐང་གཉིས་མི་ཞེས་པ་འདིའི་རིགས་རྒྱུན་གྱི་ཕུགས་བཙལ་ན་ཚན་རིག་པ་རྣམས་ཀྱིས་གོང་དུ་བཤད་པའི་རིགས་རྫས་དེ་ལ་ཐུག་པར་བཤད་ཅིང་ནང་པ་སངས་རྒྱས་པ་ལྟར་ན་གོང་མ་ལྷ་ལ་ཐུག་པར་བཤད། དེ་ཡང་རྒྱ་གར་གྱི་སྤྱིའི་བཤད་སྲོལ་དང་མཐུན་ཞིང་གོང་མ་ལྷ་ལས་བབ་ཞེས་འཆད་སྐབས་མཐོ་ས་ནས་དམའ་སར་བབ་པ་ལ་གོ་དགོས་པ་དང༌། རྒྱ་གར་ན་སྔོན་དུས་སུ་གངས་ཏི་སེ་ལ་དབང་ཕྱུག་གི་གནས་དང༌། དེ་སྐོར་གྱི་རི་དང་འབབ་ཆུ་དང་མཚོ་སོགས་ནི་ལྷ་ཡི་ཞིང་ཁམས་ཡིན་པར་བཤད་སྲོལ་འདུག་པས་ས་བབས་མཐོ་ས་བོད་ནས་ས་བབས་དམའ་ས་རྒྱ་གར་དུ་བབ་པའམ་ཆད་པ་ལ་ཕྱོགས་དེ་དག་ལྷ་ཡི་ཞིང་ཁམས་དུ་འདོད་མཁན་རྣམས་ཀྱིས་ལྷ་ཡུལ་ནས་བབ་ཅེས་བཤད་ཀྱང་མི་ཆོག་པ་མེད། རྒྱུ་མཚན་དེ་དག་ལ་གཞིགས་ན་མི་ཡི་ཐོག་མ་བོད་ཡུལ་ནས་བྱུང་ཞེས་བཤད་པ་ལ་རྒྱུ་མཚན་མེད་པ་ཞིག་མིན་ལས་ཆེ་སྙམ། མ་ཚད་བོད་ཀྱི་མིའི་འགྲོ་བ་བྱུང་ཚུལ་འཆད་སྐབས་ཕ་སྤྲེལ་རྒན་ཞེས་དུད་འགྲོ་གཞན་གྱི་རིགས་རྒྱུད་འཕེལ་བ་ལས་མིའི་འགྲོ་བ་བྱུང་ཚུལ་བཤད་པ་འདི་ད་ལྟ་ཚན་རིག་པས་མིའི་འགྲོ་བ་བྱུང་ཚུལ་བཤད་པ་དང་གཅིག་མཚུངས་སུ་འདུག་པས་དེ་ལ་བདེན་ཁ་གསར་པ་ཞིག་ཀྱང་བྱིན་ཐུབ། འདིར་མི་ཡི་འཕེལ་རིམ་དང༌། མི་ཆགས་སྟངས་ཀྱི་སྐོར་སོགས་ཅུང་ཟད་འཆད་འདོད་ཀྱང་དུས་དེབ་ནང་དུ་རྩོམ་ཡིག་མང་བའི་རྐྱེན་གྱིས་དེ་ཙམ་ཞིག་གིས་ཆོག་པར་བྱས་སོ།

 

རྩོམ་ཡིག་འདི་ཐེངས་ 1758 བཀླགས་འདུག

ཤོག་ངོས་འདི་ཐེངས་ 751 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་ « འགྲོ་བ་མི་སྐྱེ་འཕེལ་བྱེད་སྟངས་སྐོར།

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

 གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།

ཚན་རིག་གསར་ཤོས།

རྒྱ་གར་གྱི་མཚན་ཉིད་རིག་པའི་གོ་…

སྡེ་ཚན། ནང་ཆོས་ཀྱི་ཚན་རིག | ཟླ་ཚེས་ 17-02-2020 | ཀློག་གྲངས། 2371

ཟམ་པ། རྒྱ་གར་གྱི་མཚན་ཉིད་རིག་པ་ཞེས་པ་ནི། རྒྱ་གར་གྱི་བསམ་བློ་བ་གནའ་རབས་དང་དེང་རབས། ཧིན་དྷུ་... བཀླགས་འཕྲོ...

མཚན་ཉིད་རིག་པའི་རང་བཞིན།

སྡེ་ཚན། ནང་ཆོས་ཀྱི་ཚན་རིག | ཟླ་ཚེས་ 17-02-2020 | ཀློག་གྲངས། 2261

ཟམ་པ། གང་ཟག་གཞན་དག་དང་མཚུངས་པར་མི་རྣམས་ཀྱང་འཚོ་གནས་ཀྱི་ཆེད་དུ་འབད་བརྩོན་བྱེད་པ་ཡིན་མོད། འོ... བཀླགས་འཕྲོ...

རྣམ་རིག་ཙམ་དུ་འཇུག་ཚུལ་ལ་དཔྱད་…

སྡེ་ཚན། ནང་ཆོས་ཀྱི་ཚན་རིག | ཟླ་ཚེས་ 14-04-2018 | ཀློག་གྲངས། 3359

སེམས་ཙམ་པའི་ལུགས་ཀྱི་རྣམ་རིག་ཙམ་དུ་འཇུག་ཚུལ་ལ་དཔྱད་པ།ལེགས་བཤད་སྙིང་པོར་རྣམ་རིག་ཙམ་དུ་འཇུག་... བཀླགས་འཕྲོ...

མཆན་མང་ཤོས།