- མདུན་ངོས།
- ཚན་རིག
- དངོས་ཁམས་རིག་པ།
- རྡུལ་ཕྲན་སྐོར་ལ་ཅུང་ཟད་བཤད་པ།
Sat 14 Apr 2018
རྡུལ་ཕྲན་སྐོར་ལ་ཅུང་ཟད་བཤད་པ།
འབྲི་སྐལ་བཟང་།
སྔོ་བསངས་ནམ་མཁའི་དབྱིངས་སུ་རང་གི་འཁོར་ལམ་ལ་ལྟོས་ཏེ་དུས་བཞིའི་འགྱུར་བ་སྟོན་པའི་གོ་ལ་འདི་དང་། དེ་ལས་ གཞན་པ་ཆེ་ཆུང་དང་ལྕི་ཡང་ཚ་གྲང་སོགས་ཆ་མི་སྙོམས་པའི་གོ་ལ་གྲངས་ཀྱིས་མི་ཆོད་པ་ཞིག་ཡོད་ཀྱང་དེ་དག་གི་རྩོམ་ གཞི་ནི་རྡུལ་ཕྲན་ཉིད་ལ་རག་ལས་པར་སོང་དེའི་སྐོར་ཅུང་ཟད་བཤད་ན། དེ་ཡང་རིགས་པ་སྨྲ་བའམ་རྡུལ་ཕྲན་སྐོར་ལ་དཔྱད་པ་བྱེད་པོ་རྣམས་ཀྱིས་རྒྱུ་མཚན་དང་འཕྲུལ་ཆས་སོགས་ཐབས་ལམ་དུ་མ་ སྤྱད་དེ་རང་གི་བསམ་ངོ་ལ་ལྟོས་པའི་གཏན་འབེབ་རེ་བྱས་ཡོད། དེ་དག་ཐམས་ཅད་ཀྱི་འདོད་ཚུལ་གཅིག་གི་ཐོག་ཏུ་འགྲོ་ བ་ནི་ཤིན་ཏུ་དཀའ། གང་ཡིན་ཟེར་ན་ཡུལ་གྱི་གནས་ཚུལ་ཀྱི་ངོས་ནས་གང་ཟག་རེ་ལ་རྣམ་འགྱུར་མི་འདྲ་བ་རེ་སྟོན་པ་མེད་ ཀྱང་དཔྱོད་མཁན་གང་ཟག་གི་ངོས་ནས་བཤད་ན་ཁམས་མི་འདྲ་བ་དང་། དབང་པོ་མི་འདྲ་བ། དེ་བཞིན་དཔྱོད་ཆས་མི་ འདྲ་བ་སོགས་ལ་བརྟེན་ནས་ཐ་མའི་གྲུབ་དོན་དེ་ཡང་ཅུད་ཟད་མི་འདྲ་བ་རེ་ཡོད་སྲིད་པ་ཡིན། འོན་ཀྱང་ནང་པ་སངས་ རྒྱས་པའི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་མི་ལོ་སྟོང་ཕྲག་ཁ་ཤས་ཀྱི་སྔོན་ནས་ལྐོག་གྱུར་ངེས་པའི་རིགས་པ་ཡང་དག་གི་ལམ་ ནས་གཏན་ལ་ཕབས་ཏེ་ཐག་གཅོད་བྱས་ཟིན་པ་དང་། ཚན་རིག་པའི་ལྟ་གྲུབ་ཀྱང་མི་ཐོག་མང་པོའི་རིང་ཡར་རྒྱས་ཕྱིན་ཏེ་ དེང་རབས་ཀྱི་འཕྲུལ་ཆས་རིགས་འདྲ་མིན་ལ་བརྟེན་ནས་ད་ལྟའི་ཆར་རྡུལ་ཕྲན་ཕྲ་མོའི་གནས་སྟངས་རྣམས་དབང་པོའི་མངོན་སུམ་གྱི་ཡུལ་དུ་བསྟན་ཐུབ་པའི་སྐབས་སུ་གཏན་ལ་ཕབས་ཏེ་ཐག་གཅོད་བྱས་པ་གཉིས་ཚིག་གི་བཤད་སྟངས་ཅུང་ཟད་མི་མཐུན་པ་ཙམ་ལས་དོན་གྱི་གནས་ཚུལ་ཕལ་ཆེར་གཅིག་གི་ཐོག་ཏུ་འབབ་པ་འདི་རིགས་མཐོང་ཚེ་དངོས་གཙོ་དང་ འཕྲུལ་གཙོ་སྨྲ་བའི་ཚན་རིག་པ་དག་ཀྱང་ཧང་སང་པའི་རྣམ་འགྱུར་ཞིག་མངོན་བཞིན་ཡོད་པ་ནི་འདིར་བཤད་མ་དགོས་པར་ དེང་སང་ལོ་ན་ཅུང་ཟད་གཞོན་པའི་ཚན་རིག་པ་ཞིག་ཡིན་ཕྱིན་ངེས་པར་དུ་ནང་པ་སངས་རྒྱས་པའི་ལུགས་ཀྱི་གྲུབ་དོན་ལ་ཤེས་འདོད་དང་དོ་སྣང་བྱེད་བཞིན་ཡོད་པ་འདིས་རྟོགས་ཐུབ། དེ་ལྟར་རྡུལ་ཕྲན་གཏན་ལ་འབེབ་ཚུལ་མཚོན་པ་ཙམ་བྱས་ཏེ་ད་ནི་རྡུལ་ཕྲན་རང་གི་ངོ་བོ་ལ་ཅུང་ཟད་དཔྱད་ན། སྤྱིར་ཡན་གར་གནས་པའི་རྡུལ་ཕྲན་ཞིག་ཡིན་ཕྱིན་འགལ་རྐྱེན་གྱི་དབང་གིས་རང་དབང་དང་བྲལ་བ་ཞིག་ཡིན་ན་མ་གཏོགས་འདུས་རྡུལ་གྱི་ངོ་བོར་འགྲོ་བ་ལ་སྐབས་མཚམས་མེད་པར་བྲེལ་བཞིན་ཡོད་པ་ནི་རྡུལ་ཕྲན་ཡན་གར་བ་སྤྱིའི་གཤིས་སྤྱོད་དམ་རང་བཞིན་ཞིག་ཡིན། དེ་ལྟ་བུའི་ཡན་གར་དུ་གནས་པའི་རྡུལ་ཕྲན་དེ་ནི་སྐད་ཅིག་ཙམ་ཞིག་བརྟན་པོར་གནས་པའི་སྐབས་མེད་ཀྱང་རང་གི་གོ་ས་འཛིན་པའི་ནུས་པ་དང་ལྡན་པ། རང་གི་རིགས་མཐུན་གཞན་དང་ལྷན་ཅིག་ཏུ་ཚོགས་པའི་གོ་སྐབས་འཚོལ་བའི་རྩོལ་བ་ཅན། རྣམ་པ་ཀུན་ཏུ་གཡོ་བའི་རང་བཞིན་ཅན། རང་གང་དུ་ཕྱིན་ཀྱང་འབྲལ་བ་མེད་པར་འཐེན་ཤུགས་སམ་ནུས་པ་དང་ལྡན་པ།
ཕྱེད་དུ་བྱས་ནས་བགོས་སུ་མེད་ཀྱང་འདི་ཙམ་ཞིག་ཅེས་ཚད་འཛིན་དུ་ཡོད་པ། བར་སྣང་ལ་འགྲོ་ཤེས་ཤིང་ས་གཞི་ལ་འཛུལ་ཐུབ་པ། རང་ཉིད་ཐོགས་བཅས་ཡིན་ཀྱང་རང་གི་རིགས་མི་མཐུན་ཚོགས་པའི་གོང་བུ་ལས་བརྒལ་ཐུབ་པ། རང་འཕྲད་པའམ་ཐུག་པའི་རྡུལ་ཕྲན་གཞན་མི་སྲིད་ཀྱང་གོང་བུར་འགྱུར་བའི་གཟུགས་ཀྱི་རྩོམ་གཞིར་རུང་བ། རང་གི་རིགས་མཐུན་འཐེན་པ་དང་རིགས་མི་མཐུན་སྦུད་པའི་བྱེད་ལས་ཅན། དུས་ཀྱི་དབང་གིས་འགྱུར་བའི་རང་བཞིན་ཅན་ཡིན་ཀྱང་རྫས་རྒྱུན་ལ་འགྱུར་བ་མེད་པ། སྐབས་འགར་ཚོགས་རྡུལ་གྱི་ངོ་བོར་འགྲོ་ཡང་གོང་བུ་ཞིག་པའི་ཚེ་སླར་ཡང་ཡན་གར་བའི་ངོ་བོར་གནས་ཐུབ་པ། སྐབས་འགར་མེ་ཡི་ཚོགས་རྡུལ་གྱི་ངོ་བོར་འགྲོ་བ་ནས་སྐབས་འགར་ཆུ་ཡི་ཚོགས་རྡུལ་གྱི་ངོ་བོར་འགྲོ་བ་སོགས་མཐའ་གཅིག་ཏུ་ཚོགས་པ་འདིའི་འདུས་རྡུལ་ཞེས་མ་ངེས་པ། དཔེར་ན་ཆུ་རྡུལ་ཕྲ་མོ་ཞིག་ལ་མཚོན་ན་ཆུ་འགྲུབ་བྱེད་ཀྱི་རྫས་ཀྱི་གཙོ་བོའམ་ཉེར་ལེན་བྱེད་ཀྱང་མེ་ཡི་འདུས་རྡུལ་གྱི་ངོ་བོར་འགྲོ་རུང་བ་བཞིན་དུ་འབྱུང་བཞིའི་རྡུལ་ཕྲན་ཕྲ་མོ་གང་ཡིན་ཡང་རང་ཉིད་འདུས་རྫས་གཙོ་བོར་བྱས་པའི་རྡུལ་ཚོགས་རེ་དང་། རང་ཉིད་འདུས་རྫས་ཕལ་པའམ་དེར་འདུས་ཙམ་གྱིས་གྲུབ་པའི་རྡུལ་ཚོགས་རེ་ཀུན་ལ་ཡོད་དེ། རེས་འཇིག་རེས་གྲུབ་ཀྱི་གོང་བུའི་རྩོམ་གཞི་མཐར་ཐུག་ཡིན་པའི་ཕྱིར། དཔེར་ན་མེ་ཡི་ཚོགས་པ་ན་ཡོད་པའི་རྡུལ་ཕྲན་ཕྲ་མོ་ཞིག་རང་དང་རིགས་མཐུན་པའི་མེ་རྡུལ་གཞན་དང་འགྲོགས་ནས་མེ་དམར་ལམ་པའི་ངོ་བོ་ཞིག་སྐྱེས་ན་ཡང་། མེ་ཡི་ཕུང་པོ་དེ་ཞིག་ནས་ཚོགས་བཅས་ཀྱི་རྡུལ་ཕྲན་དེ་རྣམས་ཚོགས་མེད་ཡན་གར་བའི་ངོ་བོར་གནས་པའི་ཚེ་ཆུ་རྡུལ་རིགས་མཐུན་དུ་མ་ཚོགས་ཏེ་ཆུ་ཡི་ངོ་བོར་བསྐྱེད་པའི་འདུས་རྡུལ་གྱི་ཚོགས་པར་བཞུགས་ཏེ་ཆུ་ཡི་ཚོགས་པ་ན་གནས་པ་ཡོད་པ་སོགས་འབྱུང་བ་གཞན་ལ་ཡང་རིགས་བསྒྲེ། རྡུལ་ཕྲན་རེ་རེ་ལ་ཡོད་པའི་ཤུགས་དེ་དག་ཀྱང་ཚུར་འཐེན་པའི་བྱ་བ་གཅིག་པུ་ཙམ་མ་ཡིན་པར་ཕར་སྦུད་པའི་བྱ་བ་ཡང་གང་འཚམས་ལྡན་ཡོད། འོན་ཀྱང་དེ་དག་གིས་ཕར་སྦུད་པ་ལས་ཀྱང་ཚུར་འཐེན་པ་མང་བས་འཐེན་ཤུགས་ཞེས་མིང་ཐོགས་པ་ཡིན།
དེ་ལྟ་བུའི་འཐེན་ཤུགས་དེ་རྡུལ་ཕྲན་ཡན་གར་བ་ཞིག་ཡིན་ནའང་འདྲ། ཚོགས་བཅས་ཀྱི་རྡུལ་ཕྲན་ཞིག་ཡིན་ནའང་འདྲ། ཚོགས་པའི་གོང་བུ་ཞིག་ཡིན་ཀྱང་རུང་མདོར་ན་མིག་གི་མཐོང་ཡུལ་དུ་འགྲེལ་བཤད་རྒྱག་ཏུ་རུང་བའི་དངོས་པོ་ཞིག་ཡིན་ཕྱིན་ཐམས་ཅད་ལ་ཡོད་པར་མཚུངས་པ་ཡིན། དེ་དག་གིས་འཐེན་པའི་བྱ་བ་ཙམ་གཅིག་པར་བྱེད་ཀྱང་ཕྱོགས་ཐམས་ཅད་ནས་འདྲ་བ་མ་ཡིན་ཏེ་ཆེ་ཆུང་དང་ལྕི་ཡང་སོགས་ཀྱི་ཁྱད་པར་ལས་ཤུགས་ཆེ་ཆུང་སོགས་མཐའ་ཡས་པ་ཡོད་པ་ཡིན་ནོ།།
དེ་ཡང་རང་གི་འཐེན་བྱར་གྱུར་བའི་རྡུལ་ཕྲན་གྱི་ཤུགས་སམ་ནུས་པ་དེ་འཐེན་པ་ཡིན་གྱི་རྡུལ་ཕྲན་ནི་མ་ཡིན་ལ་>ེ་བཞིན་དུ་འཐེན་མཁན་ཡང་ཤུགས་དེ་ཡིན་གྱི་རྡུལ་ཕྲན་མ་ཡིན་ནོ། གལ་ཏེ་རྡུལ་ཕྲན་དེས་འཐེན་ན་རང་གི་རིགས་མཐུན་གྱི་རྡུལ་ཕྲན་འཐེན་པ་དེའི་ཚེ་རྡུལ་ཕྲན་གཉིས་ཕན་ཚུན་འཕྲད་པ་ལ་འགལ་རྐྱེན་མེད་ཅིང་མཐུན་རྐྱེན་ཚང་བས་མི་འཕྲད་པ་ལ་རྒྱུ་མཚན་མེད་པའི་ཕྱིར་རོ།། ཤུགས་སམ་ནུས་པ་འཐེན་པ་ལ་ཡང་མཚུངས་སོ་ཞེ་ན་མི་མཚུངས་ཏེ་དངོས་པོ་གང་གིས་གང་འཐེན་པའི་མཐར་ཐུག་གི་གྲུབ་དོན་ནི་དངོས་པོ་དེ་དང་འཕྲད་པ་ལས་གཞན་པའི་བྱེད་ལས་མེད་ལ་རིགས་མཐུན་པའི་རྡུལ་ཕྲན་གཉིས་ཀྱི་ནུས་པའམ་ཤུགས་གཉིས་ཕན་ཚུན་འཐེན་ཞིང་མཉམ་དུ་འཕྲད་པ་དེའི་ཚེ་དེ་གཉིས་ཀྱི་འཐེན་པའི་བྱེད་ལས་ཡོངས་སུ་རྫོགས་པས་རྡུལ་ཕྲན་འཕྲད་པར་ཐལ་བའི་སྐྱོན་མེད་དོ།
རྡུལ་ཕྲན་དེ་ཡང་འཐེན་པར་ཐལ། ནུས་པ་དེ་གང་ཉེ་པར་སླེབས་པ་དེ་བཞིན་དུ་རྡུལ་ཕྲན་ཡང་སླེབས་པའི་ཕྱིར། ཞེ་ན་སྐྱོན་མེད་དེ་དཔེར་ན་དངོས་སུ་རྒྱལ་པོ་གདན་འདྲེན་ཞུས་པ་དེའི་ཚེ་དེ་ལ་ལྡན་པའི་ལག་པ་དང་རྐང་པ། དེ་བཞིན་ལྷམ་དང་ཞྭ་མོ་སོགས་ཀྱང་མཉམ་དུ་བསླེབས་ཀྱང་དེ་དག་སྐུ་མགྲོན་དུ་གདན་འདྲེན་ཞུས་པ་མ་ཡིན་པ་བཞིན། རྡུལ་ཕྲན་དེ་དག་ཞོར་དུ་བསླེབས་པ་ཡིན་གྱི་འཐེན་བྱེད་ཀྱིས་འཐེན་ནས་བསླེབས་པ་མ་ཡིན་ནོ།། འདི་ནི་གང་བསླེབ་ས་དེར་བསླེབས་པའི་དཔེ་ཡིན་གྱི་ཁྱད་གཞི་དང་ཁྱད་ཆོས་སོགས་ཀྱི་དཔེ་མ་ཡིན་པ་ཤེས་དགོས་སོ།། འོ་ན་ཤུགས་དེ་དག་ཇི་ལྟར་གནས་ཞེ་ན་རྡུལ་ཕྲན་དེ་དག་གི་མཐའ་སྐོར་རམ་ཕྱོགས་ཐམས་ཅད་ལ་ཁྱབ་ཅིང་གནས་པ་རྣམས་གོ་བདེ་བའི་ཆེད་རིམ་པ་གསུམ་ཕྱེ་ནས་བཤད་ན། རིགས་མཐུན་ཚོོགས་པའི་གོང་བུ་དེ་ལ་རིགས་མི་མཐུན་པའི་རྡུལ་ཕྲན་ཤིན་ཏུ་ཉུང་བ་འདུས་པ་ཞིག་དང་། རིགས་མཐུན་ཚོགས་པའི་གོང་བུ་དེ་ལ་རིགས་མི་མཐུན་པའི་རྡུལ་ཕྲན་ཅུང་ཟད་མང་བ་འདུས་པ་ཞིག་དང་། རིགས་མཐུན་ཚོགས་པའི་གོང་བུ་དེ་ལ་རིགས་མི་མཐུན་པའི་རྡུལ་ཕྲན་ཤིན་ཏུ་མང་བ་འདུས་པ་ཞིག་སྟེ་འཕྲད་མཚམས་རིམ་པ་གསུམ་དུ་དབྱེའོ། དེ་ལྟར་འདུས་པའི་རྡུལ་ཚོགས་དེ་དག་གི་འཕྲད་མཚམས་དཔེ་དང་བཅས་ཏེ་བཤད་པར་བྱ་སྟེ། དང་པོ། ཧ་ཅང་སྙི་ལ་སོབ་པའི་དངོས་པོ་དེ་དག་ནི་རིགས་མཐུན་གྱི་འདུས་རྫས་ལས་གྲུབ་ཀྱང་ཚོགས་པ་དེ་ཡི་ནང་དུ་རིགས་མི་མཐུན་པའི་རྡུལ་ཕྲན་ཤིན་ཏུ་མང་ལ་དེ་དག་གི་གནས་སྟངས་ནི་ནང་ཕན་ཚུན་ཤུགས་ཚད་རིམ་པ་ཕྱི་མའི་མཚམས་བཟུང་ཡོད་པས་ཕན་ཚུན་ཁ་བྲལ་བ་ལ་འགོག་རྐྱེན་ཉུང་བས་ཚོགས་པ་དེ་ཞིག་སླ་བ་དང། རྡུལ་ཚོགས་གཞན་གྱིས་གནོད་ཆེ་བ་ཡོད། དཔེར་ན་སྙི་ལ་སོབ་པའི་རྩི་ཤིང་གི་རིགས་དང་ཟ་ཆས་ཀྱི་རིགས་འདི་དག་རྡུལ་ཚོགས་དེ་ལས་གྲུབ་པ་ཡིན། གཉིས་པ། ཅུང་ཟད་སྲ་བའི་དངོས་པོ་འདི་དག་གི་ཚོགས་པ་ན་རིགས་མཐུན་གྱི་རྡུལ་ཤུགས་ཚད་ཆེ་ཞིང་རིགས་མི་མཐུན་པའི་རྡུལ་ཤུགས་ཚད་ཆུང་བ་ཡོད་ལ་དེ་དག་གི་གནས་སྟངས་ནི་ནང་ཕན་ཚུན་ཤུགས་ཚད་རིམ་པ་བར་མའི་མཚམས་བཟུང་ཡོད་པས་ཧ་ཅང་མཁྲེགས་པོ་མེད། དཔེར་ན་ཤིང་ལྟ་བུ་ཅུང་ཟད་ཞིག་དཀའ་བའི་དངོས་པོ་རྣམས་རྡུལ་ཚོགས་དེ་ལས་གྲུབ་པ་ཡིན།
གསུམ་པ། ཤིན་ཏུ་སྲ་བའི་དངོས་པོ་འདི་དག་ནི་ཕལ་ཆེ་བ་རིགས་མཐུན་གྱི་རྡུལ་འབའ་ཞིག་ཚོགས་པ་ཡིན། རིགས་མི་མཐུན་པའི་རྡུལ་ཕྲན་ཡང་ཉུང་ཤས་ཤིག་ཡོད་པ་དེ་རྣམས་རིགས་མཐུན་གྱི་རྡུལ་དེ་དག་གི་གནོན་ཤུགས་སམ་བཅེར་ཤུགས་འོག་རིགས་མི་མཐུན་པའི་རྡུལ་དེ་དག་ནང་ཕན་ཚུན་ཤུགས་ཚད་རིམ་པ་ནང་མའི་མཚམས་བཟུང་ཡོད་པས་གོང་བུ་དེ་ཤིན་ཏུ་སྲ་བ་དང་རྡུལ་ཚོགས་གཞན་གྱིས་གནོད་དཀའ་བ་ཡོད། དཔེར་ན་ངར་ལྕགས་དང་ཕ་ལམ་གྱི་རིགས་ལྟ་བུ་རྣམས་རྡུལ་ཚོགས་དེ་ལས་གྲུབ་པ་ཡིན། དེ་ལྟར་རྡུལ་ཕྲན་གྱི་ནུས་ཤུགས་དེ་དག་འདིར་དཔེ་དང་བཅས་ཏེ་གོ་བདེའི་སླད་རིམ་པ་གསུམ་དུ་ཕྱེ་བ་ཡིན་གྱི་རིམ་པ་མི་འདྲ་བ་གསུམ་སོ་སོར་ཕྱེས་ནས་ཡོད་པའི་དོན་མ་ཡིན་པ་ཤེས་དགོས་སོ།། འདིར་རིགས་མཐུན་ཞེས་པ་ནི་མཉམ་དུ་ཚོགས་པའི་ནུས་པ་མཐུན་པ་ལ་བཤད་པ་ཡིན་གྱི་ཕོ་རྡུལ་རིགས་མཐུན་དང་མོ་རྡུལ་རིགས་མཐུན་སོགས་ལ་གོ་མི་རུང་། རྡུལ་ཕྲན་ཕྲ་མོ་ཞིག་ལ་བརྟེན་པའི་འཐེན་ཤུགས་ཡིན་ནའང་འདྲ། རྡུལ་འདུས་གོང་བུ་ཞིག་གི་འཐེན་ཤུགས་ཡིན་ནའང་འདྲ། དེ་འདྲའི་ནུས་ཤུགས་དེའི་ལྡན་གཞིར་གྱུར་བའི་གཟུགས་ཀྱི་བོངས་ཚད་ལས་སུམ་འགྱུར་བརྒལ་ཏེ་སླེབས་ཀྱི་ཡོད། དེ་ཡང་བར་མཚམས་མེད་པར་མེ་ཡི་དྲོད་ལྟར་གང་ཉེ་བ་དེར་ཤུགས་ཆེ་བ་དང་། དེནསརིམབཞིན་ཆུང་དུ་ཕྱིན་ཏེ་མཐར་རྫོགས་ཀྱི་ཡོད། འོ་ན་ཁྱོད་ཀྱིས་གོང་དུ་རིམ་པ་གསུམ་བཤད་པ་དང་འགལ་ཏེ་མུ་དང་མཚམས་མེད་པར་ཆ་སྙོམས་སུ་གནས་པ་ལ་རིམ་པ་ཞེས་པའི་ཐ་སྙད་སྦྱར་དུ་མེད་པའི་ཕྱིར་ཏེ། རིམ་པ་ཞེས་པ་ལ་འདི་ཡན་དང་འདི་མན་ཞེས་པའི་མཚམས་དབྱེ་རུང་བ་ཞིག་དགོས་པ་གང་ཞིག་མུ་དང་མཚམས་མེད་པ་ལ་དེ་འདྲ་མེད་པའི་ཕྱིར་ཞེ་ན་སྐྱོན་མེད་དེ། རིམ་པ་གསུམ་བཤད་པ་ནི་རིམ་པ་རེ་རེ་ནས་མཚམས་ཆད་དེ་གནས་པའི་དོན་མ་ཡིན་པ་གོང་དུ་གསལ་བར་བཤད་ཟིན་པའི་ཕྱིར་རོ།།
རྡུལ་ཕྲན་འདི་ལ་ཚན་རིག་པའི་ངོས་ནས་བཤད་ཚུལ་མི་འདྲ་བ་ཅུང་ཟད་ཡོད་པའི་སྣང་ཚུལ་ཞིག་འདིར་བཀོད་ན། ཚན་རིག་པས་ཤིན་ཏུ་ཕྲ་བའི་རྡུལ་ཕྲན་གྱི་ངོ་བོ་ངོས་འཛིན་པའི་སྐབས་སུ་རྡུལ་ཕྲན་དེ་དག་ཕྲ་མཐོང་ཆེ་ཤེལ་ལ་བརྟེན་ནས་དབང་པོའི་མངོན་སུམ་གྱི་ཡུལ་ལམ་མིག་རིལ་གྱི་རྒྱབ་ཕྱོགས་སུ་ཡོད་པའི་གཟུགས་ལེན་དྭངས་གསལ་ཅན་གྱི་པགས་པའི་ངོས་སུ་ཤར་ཐུབ་པ་ཞིག་ཡིན་ཡང་འདིར་འདུག་དང་འདིར་མི་འདུག་ཅེས་བཤད་དཀའ་བ། སྐབས་འགར་མཐོང་ལ་སྐབས་འགར་མི་མཐོང་བ། ཁ་དོག་ཀྱང་མཐའ་གཅིག་ཏུ་མ་ངེས་པ་སྐབས་འགར་སྔོན་པོར་མཐོང་བ་ནས་སྐབས་འགར་སེར་པོར་མཐོང་བ་སོགས་ངེས་གཏན་མེད་པ། དེ་བཞིན་དུ་དབྱིབས་དང་བོངས་ཚད་སོགས་ཀྱང་འདི་འདྲ་ཞིག་རེད་ཅེས་ངེས་བཟུང་གི་ཐག་གཅོད་གཅིག་བྱེད་མི་ཐུབ་པར་བཤད་པ་འདི་དང། ཡང་བྱེད་ལས་འཆད་པའི་སྐབས་སུ་འཇིག་རྟེན་གྱི་ཁམས་འདིར་ཡོད་པའི་དངོས་པོ་ཐམས་ཅད་ཀྱི་ནང་ནས་མགྱོགས་པའི་མཐར་ཐུག་པ་ནི་འོད་ཀྱི་རྒྱུ་བ་དེ་ཡིན་ལ་དེའི་སྐོར་ཚན་རིག་པའི་མཁས་དབང་རྣམས་ཀྱི་ནང་ན་འོད་དེ་རླབས་ཀྱི་རང་བཞིན་ཅན་ཞིག་ཡིན་ཞེས་པའི་འདོད་ཚུལ་ཞིག་དང། འོད་དེ་རྡུལ་གྱི་རང་བཞིན་ཅན་ཞིག་ཡིན་ཞེས་པའི་འདོད་ཚུལ་མི་འདྲ་བ་གཉིས་ཡོད་པ་གང་གི་རྗེས་སུ་འབྲང་དགོས་མིན་གྱི་བརྟག་དཔྱད་རབ་དང་རིམ་པ་བྱེད་ཀྱང་འོད་ཀྱི་མགྱོགས་ཚད་དེ་ཤིན་ཏུ་མྱུར་བས་ཆེ་ཤེལ་སོགས་འཕྲུལ་ཆས་ཁོ་ནས་རྟོགས་མི་ཐུབ་པ་ན་གཟུགས་ཀྱི་ཆུང་བའི་མཐར་ཐུག་པའི་རྡུལ་ཕྲ་མོ་ཞིག་ལ་དེ་ལྟར་བརྟག་དཔྱད་བྱེད་པ་ལ་མཁོ་བའི་ནུས་པ་ཡོད་པར་མཐོང་སྟེ་རྡུལ་ཕྲན་ཕྲ་མོ་ཞིག་བརྟག་ཆས་སུ་སྤྱད་པའམ་ཡང་ན་བརྟག་གྲོགས་སུ་ཁྲིད་དེ་བརྟག་དཔྱད་བྱས་པའི་ཐ་མའི་གྲུབ་དོན་འོད་དེ་རྡུལ་གྱི་རང་བཞིན་ཅན་ཞིག་ཡིན་པར་ངོས་བཟུང་བ་དང་། དེ་ཕྱིན་ཆད་དེ་ལྟར་ཁས་ལེན་པར་བཤད་པ་འདིའི་ཚིག་གི་ནུས་པས་རྡུལ་ཕྲན་དེ་སྐད་ཅིག་སྔ་མ་ལ་མཐོང་ཡང་ཕྱི་མ་ལ་བརླག་འགྲོ་བ་མ་ཡིན་པར་བེད་སྤྱོད་གང་འཚམས་ཡོད་པར་བསྟན་པ་འདི་གཉིས་ཚན་རིག་ལ་དེ་ཙམ་གྱི་གོམས་པ་མེད་པའི་གང་ཟག་ཞིག་གི་ངོས་ནས་བཤད་ན་ཅུང་ཟད་འགལ་བ་ལྟར་སྣང་ཡང་རང་ཉིད་ཚན་རིག་ལ་ཐོས་པ་ཆུང་བའི་རྐྱེན་གྱིས་ཡིན་སྲིད། འོན་ཀྱང་འདི་དག་ནི་དཔྱོད་པའི་གནས་ཡིན་པ་ལས་ཡིད་ཆེས་ཀྱི་གནས་སུ་ཅུང་འགྲོ་དཀའ་བར་སྣང་བས་མཁྱེན་ལྡན་རྣམས་ཀྱིས་དཔྱད་པར་འཚལ།།
རྩོམ་ཡིག་འདི་ཐེངས་ 2310 བཀླགས་འདུག
ཤོག་ངོས་འདི་ཐེངས་ 708 བཀླགས་འདུག
སྡེ་ཚན།
དངོས་ཁམས་རིག་པ།
ནགས་ལྷ་དྲ་མཛོད།
ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།
གསར་ཤོས་དག : ནགས་ལྷ་དྲ་མཛོད།
སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་
ཚན་རིག་དང་ནང་ཆོས་སྐོར་གྱི་མཐོང་སྣང༌། »
དཔྱད་མཆན་འགོད་ས།
རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།
གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།
ཚན་རིག་གསར་ཤོས།
རྒྱ་གར་གྱི་མཚན་ཉིད་རིག་པའི་གོ་…
སྡེ་ཚན། ནང་ཆོས་ཀྱི་ཚན་རིག | ཟླ་ཚེས་ 17-02-2020 | ཀློག་གྲངས། 2372
ཟམ་པ། རྒྱ་གར་གྱི་མཚན་ཉིད་རིག་པ་ཞེས་པ་ནི། རྒྱ་གར་གྱི་བསམ་བློ་བ་གནའ་རབས་དང་དེང་རབས། ཧིན་དྷུ་... བཀླགས་འཕྲོ...
མཚན་ཉིད་རིག་པའི་རང་བཞིན།
སྡེ་ཚན། ནང་ཆོས་ཀྱི་ཚན་རིག | ཟླ་ཚེས་ 17-02-2020 | ཀློག་གྲངས། 2262
ཟམ་པ། གང་ཟག་གཞན་དག་དང་མཚུངས་པར་མི་རྣམས་ཀྱང་འཚོ་གནས་ཀྱི་ཆེད་དུ་འབད་བརྩོན་བྱེད་པ་ཡིན་མོད། འོ... བཀླགས་འཕྲོ...
རྣམ་རིག་ཙམ་དུ་འཇུག་ཚུལ་ལ་དཔྱད་…
སྡེ་ཚན། ནང་ཆོས་ཀྱི་ཚན་རིག | ཟླ་ཚེས་ 14-04-2018 | ཀློག་གྲངས། 3360
སེམས་ཙམ་པའི་ལུགས་ཀྱི་རྣམ་རིག་ཙམ་དུ་འཇུག་ཚུལ་ལ་དཔྱད་པ།ལེགས་བཤད་སྙིང་པོར་རྣམ་རིག་ཙམ་དུ་འཇུག་... བཀླགས་འཕྲོ...
ཤར་ཕྱོགས་ནང་པ་དང་ནུབ་ཕྱོགས་ཚན་…
ཤར་ཕྱོགས་ནང་པ་དང་ནུབ་ཕྱོགས་ཚན་རིག་པ་གཉིས་ཀྱི་ལྟ་གྲུབ་མཐུན་ཆ་གནའ་དེང་ཟུང་གི་མེ་ལོ…
མཆན་གསར་ཤོས།
- ནགས་ཤོད་ནགས་ལ་ས་མཐའ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། རྩོམ་ཡིག་འདིའི་ནང་གི་རྒྱབ་རྟེན་ལུང་དང་སྒྲུབ་བྱེད་རིགས་པ་གཉིས་ལ་བལྟས་ན་ས་མཐའ་ཡོད་པའི་ཕྱོགས་ལ་ཉེ། རྩོམ་པ་པོ། : མི་ནག་མདུང་ཐུང་། on Thu 23 Aug 2018 ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ། (དཔྱད་རྩོམ།)
- དྲིས་ལན་གཟུར་གནས་དགྱེས་པའི་གཏམ་དྲིས་ལན་བཅུ་བརྒྱད་པོ་གནད་ལ་ཕིགས་པའི་དྲིས་ལན་གནང་འདུག་སྙིང་ནས་བཀའ་དྲིན་ཆེ། རྩོམ་པ་པོ། : མིང་འདིར་བྲིས། on Thu 31 May 2018 དྲིས་ལན་གཟུར་གནས་དགྱེས་པའི་གཏམ། (བརྒལ་བརྟག)
མཆན་མང་ཤོས།
-
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན།
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན། ནགས་ཤོད་ཚོ་དགུ་ནི།…
-
ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ།
དགའ་ལྡན་སྙན་བརྒྱུད་སྤྲུལ་པའི་གླེགས་བམ་ལ་བརྟེན་ནས་གསར་རྩོམ་ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ་བཞུགས་སོ།། ན་མོ་གུ་རུ་ཛཱ་ཡ་ཨིཎྜ་ཡ།…
-
དེ་རིང་།
ནགས་ཀྱི་ཤིང་ལོ་ནས། མེ་ལྟར་ཚ་བའི་ཉི་མ་དེས།།ས་གཞི་འདི་ཡང་འབར་རམ་ཅི།།བར་སྣང་ལས་ཀྱས་མེ་འོད་འཕྲོས།།རྐང་འཐུང་ཚོགས་རྣམས་ཉོབ་ཅིང་དུབ།།…
-
དྲིས་ལན་གཟུར་གནས་དགྱེས་པའི་གཏམ།
ཀླུ་སྒྲུབ་བསྟན་པ་ལྗོངས་འདིར་སྤེལ་བ་ལ།།གངས་ཅན་མཁས་པ་ཡོངས་ཀྱི་ཅོད་པཎ་ཞེས། །…
-
ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
འབྲི་རུ་སྐལ་བཟང་རྒྱལ་མཚན། སྟོན་པ་མཆོག་དང་འཕགས་བོད་པཎ་གྲུབ་སྤྱི།།མེས་དབོན་རྣམས་ལ་གུས་པས་རབ་བཏུད་ནས།།ནགས་ཤོད་ནགས་ལ་ས་མཐའ་ཡོད་མེད་ཀྱི།།དགག་སྒྲུབ་གཏམ་གྱི་སྦྱོར་བ་མདོ་ཙམ་སྤེལ།།…