- མདུན་ངོས།
- རྩོམ་ཡིག
- དཔྱད་རྩོམ།
- འབྲི་རུ་ཞེས་པའི་མིང་ལ་དཔྱད་པ།
Mon 07 Jul 2014
འབྲི་རུ་ཞེས་པའི་མིང་ལ་དཔྱད་པ།
འབྲི་རུ་སྐལ་བཟང་རྒྱལ་མཚན།
འབྲི་རུ་ནི་བོད་ཀྱི་རྒྱལ་ས་ལྷ་སའི་ཤར་ཕྱོགས་མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཀྱི་ནང་ཚན་ནགས་ཤོད་སྦས་ཡུལ་སྨན་ལྗོངས་ཞེས་ད་ལྟ་འབྲི་རུ་རྫོང་ཆགས་གནས་འདིར་འབྲི་རུའི་ས་ཡི་ལྟེ་བར་ངོས་འཛིན། ཡུལ་སྤྱིའི་ས་བབས་ནི། ཤར་དང་ཤར་ལྷོའི་ཕྱོགས་དམའ་བ་དང༌། ནུབ་དང་ནུབ་བྱང་ཕྱོགས་ཅུང་མཐོ་བ་ཡོད་པ་དང༌། གོ་ལའི་ཤར་གྱི་གཞུང་ཐིག་༩༡.༤༧།༩༤.༢༧དང༌། བྱང་གི་འཕྲད་ཐིག ༣༡.༡༢།༣༢.༢༠ བར་ན་གནས་ཡོད། རྒྱ་མཚོའི་ངོས་ནས་མཐོ་ཚད་ཆ་སྙོམས་སྨི་ ༤༠༠༠ ཡོད། ལོ་རེའི་ཆར་ཆུའི་འབབ་ཚད་ཧོའོ་སྨི་ ༥༨༠ ནས་ ༦༥༠ བར་ཟིན་གྱི་ཡོད། ས་བབས་ཀྱི་ཁྱད་ཆོས་ནི་དབྱར་ཁར་ཚ་བ་ཆུང༌། ཉི་མ་འཆར་ཡུན་རིང༌། ཉི་འོད་འོག་ཏུ་རླངས་ཆུའི་གྲུབ་ཆ་ཉུང༌། ཆར་དང་ཁ་བ་ཅུང་མང༌། མཁའ་དབུགས་དྭངས་ཤིང་ཁོར་ཡུག་གཙང་བ། རྩི་ཤིང་དང་རྩ་ཆེའི་རི་སྐྱེས་སྔོ་སྨན་རིགས་ཀྱི་འབྱུང་ཁུངས་ཡིན་པ་ནི་ནགས་ཤོད་སྦས་ཡུལ་སྨན་ལྗོངས་ཞེས་མིང་དོན་མཚུངས་པ་ད་ལྟའི་དུས་སུ་སྨན་རིགས་ལག་སོན་ཡོད་པ་རྣམ་གྲངས་ ༣༠༠ ལྷག་ཡོད་པ་འབྲི་རུའི་ལོ་རྒྱུས་སུ་གསལ། གཞན་ཡང་གཏེར་དངོས་སོཊ་རང་བྱུང་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་ནགས་ཤོད་འབྲི་ལྗོངས་ཕྱུག་མོ་ཞེས་རྒྱུ་མཚན་དུ་བྱས་ནས་བཏགས་པའི་རྗེས་གྲུབ་ཀྱི་ཐ་སྙད་ཞིག་ཡིན། འབྲི་རུའི་མིང་བྱུང་ཚུལ། དམངས་ཁྲོད་ཀྱི་གཏམ་རྒྱུད་བཤད་སྲོལ་ལ།
སྒོ་ཕྱུགས་འབྲི་ཡི་རྭ་ཅོ་ཞིག་ནས་སྒོ་ང་གསུམ་སྐྱེས་པ་དང༌། སྒོ་ང་ཆུང་བ་དེ་ཁ་བཞད་སྔ་བ་བྱུང་བས་ཆུང་རྒྱུད་ཤོག་ཁ་ཞེས་དང༌། དེའི་རྗེས་སྒོ་ང་བར་པ་དེ་ཉི་མའི་དྲོད་ཀྱིས་ཁ་བཞད་པས་ཉི་མ་ཤོག་ཁ་ཞེས་ཟེར། སྒོ་ང་གཅིག་ཁ་བཞད་ཁག་པར་བྱུང་བ་བརྟེན་འབྲི་རྭ་ལུང་ཐག་བརྒྱབ་སྟེ་བསིལ་དྲོད་སྙོམས་སར་བཀལ་བས་མཐར་སྒོ་ང་དེ་ཁ་བཞད་པས་ལུང་རྒྱུད་ཤོག་ཁ་བཅས་འབྲི་རུ་ཚོ་ཤོག་གི་མིང་དེ་ལྟར་ཐོབ་ཚུལ་བཤད་སྲོལ་ཡོད་པ་ནི་རླངས་ཀྱི་པོ་ཏི་བསེ་རུ་ལས། འབྱུང་བ་སྣ་ལྔའི་སྙིང་པོ་ལས། །སྒོ་ང་ཆེན་པོ་གཅིག་ཡོང་བ། །ཕྱིའི་སྒོང་ཤུན་ལས་ལྷ་བྲག་དཀར་པོ་ཆགས། །ནང་གི་སྒོང་ཆུ་ལས་དུང་མཚོ་དཀར་མོར་འཁྱིལ། །བར་གྱི་སྒོ་ངའི་དར་ཆ་ལས། །རིགས་དྲུག་སེམས་ཅན་ཀུན་ཏུ་གྲོལ། །སྒོ་ངའི་འཕྲུལ་གྱིས་བཅོ་བརྒྱད་ཆགས། །སྒོ་ང་བཅོ་བརྒྱད་འབྲིང་བ་དེ། །དུང་སྒོང་གཅིག་ཏུ་ཡར་ནས་བྱུང་། །དེ་ནི་སྨོན་པའི་མི་བོ་ལུམ་ལུམ་ཡིན། ཞེས་སྲིད་པ་ཀློང་གི་སྒོ་ང་སྟེ་སྒོ་ང་ཆེན་པོ་གཅིག་ལས་སྣང་སྲིད་ཐམས་ཅད་གྲོལ་བར་བཤད་པ་བཞིན་སྒོང་སྐྱེས་ཀྱི་ལྟ་ཚུལ་དང་མཐུན་པར་བཤད་པ་ལས་འབྲི་རུ་ཤོག་བཞི་ནི་འབྲི་ཡི་རུས་དགུ་ལས་ཤོག་གསུམ་དང་། ཤོག་བཞི་བྱུང་བ་ཤིན་ཏུ་གསལ་བར་མཐོང་ཐུབ། སྤྱིར་རྭ་ཅོ་ལས་སྒོ་ང་སྐྱེ་མི་སྲིད་པ་དང༌། སྒོ་ང་ལས་མིར་སྐྱེ་བ་མི་སྲིད་པ་ག་ལ་ཡིན་ཏེ། མཛོད་ལས། དེར་ནི་སྒོ་ང་ལས་སྐྱེ་སོགས། །སེམས་ཅན་སྐྱེ་གནས་བཞི་དག་ཏུ། །མི་དང་དུད་འགྲོ་རྣམ་པ་བཞི། །དམྱལ་བ་པ་དང་ལྷ་རྣམས་དང༌། །སྲིད་པ་བར་མ་རྫུས་ཏེ་སྐྱེ། །ཡི་དྭགས་མངལ་ནས་སྐྱེ་བའང་ཡིན། ཞེས་གསུངས་པ་དང༌། མི་ལ་སྒོང་སྐྱེས་ཡོད་པའི་དཔེར་གྲུ་ཆག་པའི་ཚོང་པ་ཁྲུང་ཁྲུང་མོ་དང་འགྲོགས་པས་སྒོ་ང་གཉིས་བྱུང་བ་ལས་གནས་བརྟན་གྲཊ་པ་དང་ཉེ་བའི་གྲགས་སུ་གྱུར་པ་འདུལ་བ་ལུང་ལས་གསུངས་སོ། ། དོན་དངོས་སུ་མདོ་ཁམས་ནགས་ཤོད་འབྲི་ལྗོངས་ཡུལ་གྱི་སའི་ཆ་སྔོན་བཙན་པོའི་སྐབས་སུ་ནགས་ཤོད་སྟོང་བུ་ཆུང་ཞེས་པའི་དམག་གི་ལྟེ་བ་ནགས་ར་ལྤགས་ཐང་ཞེས་པ་དེར་རྫོང་ཆགས་པ་ནས་བཟུང་གནས་དེར་འབྲི་རུའི་སའི་ལྟེ་བ་ངོས་འཛིན་གྱི་ཡོད།
སྔར་དུས་སུ་ཡུལ་འདིར་སུམ་པ་འབྲི་ཡི་རྒྱལ་པོས་བཟུང་བ་ཞིག་ཡིན་སྟེ། དེ་ཡང་བོན་གྱི་ཡིག་རྙིང་གཏོ་ཕུག་ཏུ། སུམ་བྷ་འབྲི་ཡི་རྒྱལ་པོ་ཡང་། །རྒྱལ་ཕྲན་བཅུ་གཉིས་རྒྱུད་དུ་གྲོལ། །ཞེས་དང་། མགོ་ལོག་རུས་མཛོད་དུ། ཡུལ་སུམ་པ་ནས་འབྲི་རིགས་དང་ཞེས་འབྲི་ཡི་རུ་ནི་སུམ་པའི་རུས་ཡིན་པ་བཤད། དེ་བཞིན། རུས་མཛོད་མེ་ཏོག་སྐྱེད་ཚལ་ལས་ཀྱང༌། མེ་ཉག་ལས་ལྡོང་རིགས་དང༌། སུམ་པ་ནས་འབྲུ་རིགས། ཞང་ཞུང་ནས་དབྲ་རིགས། འ་ཞ་ནས་སྒ་སོགས་བོད་ཡུལ་རུ་བཞིར་སླེབས་ནས་རུས་རྒྱུད་དེ་རྣམས་བོད་དུ་རྒྱ་ཁྱབ་ཏུ་གྱུར་བར་བཤད། སུམ་པའི་རྩ་བའི་རུས་ནི་བཀའ་ཆེམས་ལས། དེར་མེས་པོ་སྤྲེའུ་སྒོམ་གྱིས་བུ་ཚ་བོ་ཡང་ཚ་རྣམས་ལ་བརྟག་གཞི་བྱས་པས། ཚན་པ་གཅིག་ནི་སྣ་ལྡོང་ངེས་བྱས་པ་ཞིག་བྱུང་ནས། མིང་རུས་ལྡོང་བྱ་བར་བཏགས་ཏེ། ལྡོང་ལ་རུས་ཆེན་པོ་བཅོ་བརྒྱད་བྱ་བ་བྱུང་ངོ༌། །དེའི་འོག་མ་ནི་འགྲམ་ཤ་སྟོང་ངེ་བྱས་པ་ཞིག་བྱུང་ནས། མིང་རུས་སྟོང་བྱ་བར་བཏགས་ཏེ། སྟོང་ལ་རྗེ་བཞི་ཁོལ་བརྒྱད་བྱ་བ་བྱུང་ངོ༌། །དེའི་འོག་མ་ནི་མགོ་སེ་ཡང་ངེས་པ་ཞིག་བྱུང་ནས། མིང་རུས་སེ་བྱ་བར་བཏགས་ཏེ། སེ་ལ་འཇུག་ལེ་སྤྱན་དགུ་བྱ་བ་བྱུང་ངོ༌། །དེའི་འོག་མ་ནི་འཚུལ་བ་སྨུག་སྒོ་རེ་བྱས་པ་ཞིག་བྱུང་ནས། མིང་རུས་སྨུ་བྱ་བར་བཏགས་ཏེ། སྨུ་ལ་ཀོ་ལེའི་འཕྲ་བརྒྱད་བྱ་བ་བྱུང་ངོ༌། །ལྡོང་དང་སྟོང་གཉིས། སེ་དང་སྨུ་གཉིས་ཏེ་ནང་གི་མིའུ་རིགས་བཞི་བྱ་བར་གྲགས་ཏེ། བོད་ཡུལ་ཁ་བ་ཅན་གྱི་མི་ལ་སྔ་བ་ཡང་དེ་རྣམས་ཡིན་ནོ། །ཞེས་གསུངས་པའི་རིགས་བཞིའི་ནང་གི་སྟོང་ཡིན། དེ་ཡང་། མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་སྲིད་པའི་མཛོད་ཕུགས་ཀྱི་གཞུང་དང་འགྲེལ་བ་འཕྲུལ་གྱི་སྒྲོན་མེ། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་པར་དུ་བསྐྲུན་པའི་དེབ་གཟུགས། ཤོག་གྲངས།༢༨ ལས། སྟོང་སུམ་པ་དང༌། སེ་འ་ཞ་དང༌། དབྲ་ཞང་ཞུང་དང༌། རྒྱལ་དྲང་རྗེ། ཞེས་གསུངས། བཻ་ཌཱུརྱ་དཀར་པོ་ལས། ཤིང་དང་སྟག་ཡོས་སྟོང་སུམ་པ། མེ་དང་རྟ་སྦྲུལ་སེ་འ་ཞ། །ལྕགས་དང་བྱ་སྤྲེལ་སྤྲ་ཞང་ཞུང་། ས་དང་གཤེད་བཞི་རྒྱལ་དྲང་རྗེ། ཆུ་དང་བྱ་ཕག་ལྡོང་མི་ཉག།ཅེས་དང་། འབྲུ་བཀྲ་ཤིས་རྒྱ་མཚོས་བསྒྲིགས་པའི་རུས་མཛོད་མེ་ཏོག་སྐྱེད་ཚལ་ལས། དེ་ནས་རིགས་བཟང་པོ་རྣམས་ཀྱི་རང་ཤུགས་ཀྱི་ལས་རྣམས་བསྒྲུབ་ལ་དེའི་བོད་ཀྱི་ཡུལ་ལྷ་རྣམས་དྭངས་བ་ཆེན་པོའི་མཆོད་པས། དེ་དག་རྣམས་ལ་ཞིང་པོ་ཞེས་ཟེར་ལ། ཕྱིས་དེ་རྣམས་ཀྱི་རིགས་ལ་ཞིང་པོ་ལྷ་རིགས་རྒོ་ཡང་ཟེར་བ་མངོན་པས་ལྷ་རིགས་རྒོ་དང་། བསེའི་ནང་གི་བཟང་པོ་གཙོ་བོ་རྣམས་ལ་བསེ་ཁྱུང་སྤྲ། དེ་བཞིན་དུ་དམུ་ཡི་ནང་གི་རིགས་བཟང་པོ་གཙོ་བོ་རྣམས་ལ་དམུ་ཚ་རྒ། ལྡོང་གི་ནང་གི་རིགས་བཟང་པོ་གཙོ་བོ་རྣམས་ལ་ཨ་སྤོ་ལྡོང་། སྟོང་གི་ནང་གི་རིགས་བཟང་པོ་གཙོ་བོ་རྣམས་ལ་ཨ་ཐང་འབྲུ་ཞེས་བརྗོད་པ་འདིའོ། ཞེས་གསུངས། མདོར་ན་རུས་མིང་ཡུལ་ལ་ཐོགས་པའི་འབྲི་རུ་ཞེས་པའི་འབྲི་ཡི་རུས་རྒྱུད་ནི་སུམ་པའི་རུས་ལས་གྱེས་པའི་འབྲི་དང་། སུམ་པའི་རུས་ནི་རུས་ཆེན་བཞི་ཡི་ཡ་གྱལ་སྟོང་ལ་ཐུག་པ་ནི་གོང་དུ་དྲངས་པའི་ལུང་ཚིག་དག་གིས་གྲུབ་དོན་ནོ། ཡུལ་འདིར་རུས་རྒྱུད་ཚོ་པའི་རྒྱལ་ཕྲན་སུམ་པ་འབྲི་ཡི་རྒྱལ་པོའི་རུས་ལས་གྱེས་པའི་ཁྱིམ་དུད་ཆགས་སྔ་བ་འབྲི་ཡི་རུས་དགུ་ཞེས་མི་ཚང་དགུ་བྱུང་བ་ནི། ཕྱུག་རུ་ཚང་བསགས་སྔོན་ལ་མཁར་ཆགས། རྫ་རུ་ཚང་གླང་སྣ་ (སྣིན་སྣ་) ལ་མཁར་ཆགས། རུ་ཟི། ཞུ་རུ། སོག་རུ་གསུམ་ད་ལྟའི་འབྲི་རུར་མཁར་ཆགས། འབའ་རུ་ཚང་ནགས་འབྲི་ར་འཁྱིལ་མཁར་ཆགས། སྡེ་རུ་ཚང་བརྗིད་ཆེན་ལ་མཁར་ཆགས། བེ་རུ་ཚང་ཚག་བསྡམ་ལ་མཁར་ཆགས། སུན་རུ་ཚང་མཁར་ཐོ་ལ་མཁར་ཆགས་ཞེས། གོང་གསལ་འབྲི་ཡི་རུས་དགུས་ཡུལ་འདི་ཐོག་མར་བཟུང་། རིམ་བཞིན་སྡེ་ཤོག་མང་དུ་འཕེལ་ནས་ས་ཁོངས་དང་སྡེ་རིས་ཚོ་ཁག་སོ་སོར་གྱེས་ཏེ་ཆུང་རྒྱུད་ཤོག་ཁ།ཉི་མ་ཤོག་ཁ། ལུང་རྒྱུད་ཤོག་ཁ།ཞེས་ཤོག་གསུམ་དང་། ཕྱིས་སུ་སྐྱར་རྒྱུད་ཤོག་ཁ་བཅས་ཤོག་བཞི་བྱུང་བར་བརྟེན་ འབྲི་ཡི་རུས་ལས་གྱེས་པའི་སུམ་པས་བཟུང་བའི་ཡུལ་ལ་རུས་མིང་ས་མིང་དུ་བཏགས་ནས་ནགས་ཤོད་འབྲི་ལྗོངས་ཕྱུག་མོ་ཞེས་འབོད། ཕྱིས་སུ་ཕྱི་ལོའི་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཀྱི་ས་ཁུལ་རྣམས་དྲག་པོའི་དམག་གི་སྒྲིག་གཞི་གཙོ་བོར་བྱས་པའི་དབང་འཛིན་གྱི་ས་ཁུལ་ཆེན་པོ་ཁག་ལྔར་དབྱེ་བ་ནི། གཙང་ལ་གཡས་རུ་དང༌།
རུ་ལག།།དབུས་ལ་དབུ་རུ་དང༌། གཡོ་རུ། དེ་མིན་ཡན་ལག་ལྔ་པ་སུམ་པའི་རུ་སྟེ་དམག་དཔུང་གི་རུ་སྡེ་ཁག་ལྔར་ཕྱེ་བའི་རུ་ཆེན་ལྔ་པ་(སུམ་པའི་དམག་སྟེ་སུམ་པའི་རུ།) ལྟེ་བ་འབྲི་ར་ལྤགས་ཐང་དུ་བྱས། སྐབས་དེའི་དམག་གི་དཔུང་སྟོབས་དང་བྱས་རྗེས་སོགས་སྟོད་སྨད་ཀུན་ལ་གྲགས་པས་རིམ་བཞིན་དམག་གི་མིང་གིས་ལུང་པའི་མིང་མཚོན་པ་ཞིག་ཏུ་གྱུར། སུམ་པ་འབྲི་ཡི་དམག་གམ་སུམ་པ་འབྲི་ཡི་རུ་ཞེས་པའི་བར་གྱི་འབྲེལ་སྒྲ་བསྡུས་ནས་འབྲི་རུ་ཞེས་འབོད་སྲོལ་དར་ནས་སྟོད་ན་འབྲི་ལུང་མེ་ཏོག་གི་ར་བ། བར་ལ་འབྲི་རྫ་གདོང་ལ་གངས་དཀར། སྨད་ལ་འབྲི་རུ་ར་ལྤགས་ཐང་ཆེན་ཞེས་ཡོངས་སུ་གྲགས་པའི་ནགས་ཤོད་ཕུ་མདའ་བར་གསུམ་ལ་འབྲི་རུ་ཞེས་པའི་མིང་གིས་ཁྱབ་པར་གྱུར་ཀྱང་སྲིད་འཛིན་ས་ཁུལ་གཅིག་གི་འོག་འབྲི་རུ་ཞེས་རྫོང་ཧྲིལ་པོའི་མིང་ཕྱི་ལོ་ ༡༩༤༢ ལོར་ས་གནས་འདིར་འབྲི་རུ་རྫོང་བཙུགས་ནས་རྫོང་འདིའི་ཁྱབ་ཁོངས་ཡོངས་ལ་འབྲི་རུ་ཞེས་འབོད་པ་རྒྱུན་ཆགས་པ་ཡིན། ས་གནས་འདིར་སུམ་པ་འབྲི་ཡི་རྒྱལ་པོའི་གནས་གཞི་སྟེ་རྒྱལ་ས་ལྟེ་བ་ཡིན་པ་ནི། རིན་ཆེན་སྒང་པ་ཁུ་དབོན་གྱི་རྣམ་ཐར་ལས། བཟོད་པའི་ལུས་ལ་བརྩོན་འགྲུས་གོ་བགོས་ཏེ། །རིན་ཆེན་སྒང་པའི་བསོད་ནམས་གཟི་བརྗིད་འབར། །བྱིན་རླབས་མི་ཟད་ནོར་དང་བཅས་ནས་ནི། །ནགས་ཤོད་སུམ་པའི་སྟོད་དུ་ཤིང་ལ་བྱོན། ཞེས་ཁང་ཤིང་དྲངས་སའི་ནགས་ཤོད་སྟོད་ལ་ནགས་ཤོད་སུམ་པའི་སྟོད་ཅེས་པ་འདིས་འབྲི་རུ་སུམ་པའི་ལྟེ་བ་ཡིན་པར་གསལ་བར་གོ་ནུས། དེ་བཞིན། ཆོས་རྒྱལ་སྲོང་བཙན་སྒམ་པོས་མཛད་པའི་མ་ཎི་བཀའ་འབུམ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། ཤོག་གྲངས། ༣༠༩ ལས། སུམ་པ་ནགས་སུ་བྱོན་ནས་རྒྱ་མོ་འཕྲད་ལམ་བཏོན། བོད་ཀྱི་ཡུལ་བཟང་པོ་ཡང་གཟིགས་སོ། འཁོར་རྣམས་ཀྱིས་ཀོང་ཇོ་ལ་བློན་པོ་མགར་གྱི་བུ་ཆགས་ནས། ས་ལམ་འཆོས་པ་ལ་བསྙད་བཏགས་ནས་ཡུན་རིང་འགོར་ཟེར་རོ། དེར་བློན་པོ་མགར་གྱིས་རྗེས་ཟིན་ནས། ཞེས་ཀོང་ཇོ་ལ་བློན་པོ་མགར་གྱི་བུ་ཆགས་པར་བརྟེན་འཁོར་རྣམས་ཀྱིས་བཙན་པོའི་དྲུང་དུ་འཁྲིད་མ་ནུས་པར་བློན་པོ་མགར་དང་འཕྲད་པའི་ཐབས་ལམ་བཏོན་ཏེ། ལམ་ནོར་བ་ལ་བསྙད་བཏགས་ནས་དབུས་ཀྱི་རྒྱལ་ས་ལྷ་སར་བགྲོད་པའི་ལམ་ནགས་ཤོད་འབྲི་རུའི་ཆུ་བོའི་འགྲམ་རྒྱུད་ཀྱི་གཞུང་ལམ་དོར་ཏེ། ལམ་བསྐྱོགས་ནས་སྙེ་བོ་ནགས་སུ་ཁྲིད་ནས་ཡུན་རིང་འགོར་དུ་བཅུག ཀོང་ཇོ་དཔོན་གཡོག་གི་ཕྱི་རྗེས་ཁམས་ཀྱི་ནགས་ཤོད་དུ་ཟིན་ཞེས་པའི་བློན་པོ་མགར་དང་ཀོང་ཇོ་ཕྲད་ས་ནི་ནགས་ཤོད་སྙེ་བོ་ནགས་ཞེས་པ་འདིར་ཡིན། ལུང་པ་འདིའི་མིང་སྙེ་བོ་ནང་དང་། འདིར་ཤིང་ནགས་ཧ་ཅང་སྟུག་པའི་ཁྱད་ཆོས་དང་འབྲེལ་ནས་སྙེ་བོ་ནགས་ཀྱང་ཟེར། ད་ལྟ་འབྲི་རུ་རྫོང་ཆགས་གནས་ཀྱི་མདུན་ཕྱོགས་ལྷོ་ངོས་སུ་སྙེ་བོ་ནགས་སམ་སྙེ་ནང་ཞེས་པ་འདི་ཡིན། ལུང་པ་འདིའི་ཕུར་ལུང་ལག་ལྗོན་ཤིང་ཡར་འདབ་གྱེས་པ་ལྟ་བུ་དང་། མདར་གྲོག་རོང་དོག་ཞིང་ནགས་ཀླུ་ཚང་ཚིང་ཀུན་ནས་འཐིབས་པ་དང་། སྙེ་བོ་ནགས་ནས་འབབ་པའི་སྙེ་ཆུ་ནགས་ཆུར་འདྲེས་འཚམས་སུ་ནགས་ཀྱི་རྡོ་ཕུར་བཅུ་གསུམ་གྱི་གྲས་སྙེ་མདའ་རྡོ་ཕུར་ཞེས་པ་དེ་འདིར་ཡོད། ཆོས་རྒྱལ་སྲོང་བཙན་སྒམ་པོས་མཛད་པའི་བཀའ་ཆེམས་ཀ་ཁོལ་མ། ཀན་སུ་མི་རིགས་དཔེ་སྐྲུན་ཁང༌། ཤོག་གྲངས། ༡༩༧ ཕྲེང༌། ༢ ལས། དེ་ནས་བློན་པོ་ཁམས་སྟོད་ནགས་ཤོད་སྙེ་བོ་ནགས་སུ་སླེབས་པ་ན། ནགས་ཤོད་ན་ཨོང་ཅོང་འཁོར་བཅས་འདུག་པ་ཐུགས་དགྱེས་སོ། ཞེས་དང༌། དེ་ཡི་དོན་ཡང་རྒྱ་བོད་ཡིག་ཚང་ཆེན་མོ། དཔལ་འབྱོར་བཟང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌། ཤོག་གྲངས། ༡༥༨ ཕྲེང༌། ༣ལས། བློན་པོ་མགར་རིག་པ་ཆེ་བས་རིགས་རྒྱུད་སྤེལ་བའི་ཕྱིར་དུ་ལོ་གཅིག་སྡོད་དགོས་གསུངས། རྟིང་ལ་སྡད་དགོས་བྱུང་བའི་སྐབས་སུ་ན་རྫུ་བཏབ། རིམ་གྲོ་ལ་བསྙད་པའི་གཡོ་ཐབས་སྣ་ཚོགས་བྱས་ནས། རྒྱ་མི་མང་རབ་དང་བཅས་པ་ཁྲིད་ནས་ཡར་མགྱོགས་པར་ཡོང་བས། ཀོང་ཇོ་དཔོན་གཡོག་གི་ཕྱི་རྗེས་ཁམས་ཀྱི་ནགས་ཤོད་དུ་ཟིན། ཞེས་པའི་བློན་པོ་མགར་གྱིས་ཀོང་ཇོའི་རྗེས་ཟིན་ས་ནགས་ཤོད་སྙེ་བོ་ནགས་ལ་སུམ་པ་ནགས་ཞེས་གསལ། མ་ཟད་རྒྱལ་པོ་སྲོང་བཙན་གྱིས་དྲག་པོ་དམག་གི་ལས་ཕྱེ་བའི་རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་ཁྲོད་ནས་ཤིན་ཏུ་ཆེ་བའི་སྟོད་སྨད་བར་གྱི་དཔའ་སྡེ་གསུམ་ལས་བར་གྱི་དཔའ་སྡེ་ནི། རི་སྤེན་མ་ལུང་གིས་ཡར་བཅད། ཆ་སྐོར་དར་བས་ མར་བཅད་ཀྱི་ཡུལ་དེ་ན། སྦས་སྡེ་བཅུ་གཉིས་གནས་པ་ནགས་ཤོད་ཀྱིས་དཔོན་བྱས་ཞེས་པའི་ནགས་ཤོད་དང་། རུ་ཆེན་ལྔ་པ་སུམ་པའི་རུ་ལ་བརྩེ་མཐོང་དང་ཕོ་མཐོང་གཉིས། རྒོད་ཚང་སྟོད་སྨད་གཉིས། འཇོང་སྟོད་དང་འཇོང་སྨད་གཉིས། དྲེ་སྟོད་དང་དྲེ་སྨད་གཉིས། ཁ་རོ་ཁ་ཟང་གཉིས། ནགས་ཤོད་སྟོང་བུ་ཆུང་སྟེ་སུམ་པའི་རུ་ལ་སྟོང་ཁྱབ་བརྒྱ་ལྡན་གྱི་སྟོང་སྡེ་བཅུ་གཅིག་ཅེས་པའི་སྐབས་ཀྱི་ནགས་ཤོད་གཉིས་སྔོན་མ་ཡུལ་ལུང་སྤྱི་ཡི་གནས་སྟངས་དང་ཕྱི་མ་དྲག་པོ་དམག་གི་སྒྲིག་འཛུགས་ཀྱི་སྒོ་ནས་བཏགས་པ་མ་གཏོགས་ཡུལ་ལུང་མི་འདྲ་བ་གཉིས་ཡོད་པར་འཛིན་མི་རུང་སྙམ། སུམ་པ་རྒྱལ་ཕྲན་འདི་གཉའ་ཁྲིའི་སྔོན་ནས་རྒྱལ་ཕྲན་བཅུ་གཉིས་རྒྱུད་དུ་ཡོང་བ་ཞིག་ཡིན་ཏེ། གཏོ་ཕུག་ཏུ། སུམ་བྷ་འབྲི་ཡི་རྒྱལ་པོ་ཡང་། །རྒྱལ་ཕྲན་བཅུ་གཉིས་རྒྱུད་དུ་གྲོལ། ཞེས་དང་། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། དབང་རྒྱལ་དང་བསོད་ནམས་གཉིས་ཀྱིས་བསྒྱུར་ཅིང་བཀྲལ། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ལྕགས་པར་ཤོག་ངོས་ ༦༧ རྒྱལ་ཕྲན་སིལ་མ་བཤད་པའི་སྐབས།
ཡུལ་སུམ་ཡུལ་གྱི་ཡ་སུམ་ན། རྗེ་འབལ་ལྗི་རྨང་རུ་ཏི། བློན་པོ་རླང་དང་ཀམ་གཉིས། ཞེས་གསལ། སུམ་པ་རྒྱལ་ཕྲན་འདི་རྒྱལ་ཕྲན་གཞན་ལས་སྟོབས་འབྱོར་མངའ་ཐང་ཆེ་བ་བོད་བཙན་པོའི་རྒྱལ་ཁབ་ལ་འགྲན་ཐུབ་མཁན་ཞིག་ཡིན་པ་ནི་གཉའ་ཁྲི་དང་གནམ་རི་སྲོང་བཙན་སོགས་ཀྱི་སྐབས་འཁྲུགས་འཛིངས་ཡང་ཡང་བྱུང་ཡང་བོད་བཙན་པོས་ཡོངས་སུ་དབང་སྒྱུར་ཐུབ་མེད། ཕྱིས་སུ་ཡབ་གནམ་རི་སྲོང་བཙན་གྱི་སྐབས་སུ་བློན་པོ་བྱས་ཤིང་། སྲོང་བཙན་གྱི་བློན་པོ་གཙོ་བོར་གྱུར་བ་མང་པོ་རྗེ་ཞང་སྣང་གིས་ཞི་བའི་ཐབས་ཇུས་ལ་བརྟེན་ནས་གཉིས་མོས་གྲོས་ཀྱི་སྒོ་ནས་སུམ་པའི་དུད་ཁྱིམ་གཅིག་ཀྱང་མ་ལྷག་པ་བོད་བཙན་པོའི་མངའ་ཁོངས་སུ་བཅུག་པ་ཡིན་ཏེ། དེ་ཡང་གོང་གི་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཤོག་གྲངས་ ༥༡ ལས། འུང་གྀ་འོག་དུ་མྱང་མང་པོ་རྗེ་ཞང་སྣང་གིས། སུམ་པ་མཐའ་དག་དམགིས་གདབ་མྱི་དགོས་པར། ལུག་རྟུག་གིས་སྒྱུ་ཕབ་སྟེ། ལྕེ་འྀ་ཐོར་ཐོ་ལ་བརྗོད་ནས་། ཁྱྀམ་གྲངས་མ་ཤོར་པར་ཡོངས་ཀྱིས་འབངས་རྣལ་མར་བཀུག་གོ །ཞེས་དང་། དེབ་དཀར་དུ་ཡང་། མྱང་མང་པོ་རྗེ་ཞང་སྣང་གིས་སུམ་པ་མཐའ་དག་དམག་བྱེད་མ་དགོས་པར་སྒྱུའི་སྒོ་ནས། ཁྱིམ་གྲངས་མ་ཤོར་བ་འབངས་རྣལ་མར་བཀུག་གོ །ཞེས་པ་ལྟར། བཙན་པོ་སྲོང་བཙན་གྱིས་རྒྱལ་ཁོངས་རྒྱ་བསྐྱེད་དང་མཐའ་ཡི་རྒྱལ་ཕྲན་དབང་དུ་བསྡུ་ཆེད་སུམ་པའི་རྒྱལ་ཁམས་འདི་བཙན་པོས་དབང་དུ་བསྡུས་ནས་བཙན་པོའི་མངའ་འབངས་སུ་བཅུག་སྟེ་འཇང་ལ་དམག་དྲངས་སྐབས་རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་ཁྲོད་ནས་ཤིན་ཏུ་ཆེ་བའི་སྟོད་སྨད་བར་གྱི་དཔའ་སྡེ་གསུམ་ལས་བར་གྱི་དཔའ་སྡེ་ནི་རི་སྤེན་མ་ལུང་གིས་ཡར་བཅད། ཆ་སྐོར་དར་བས་མར་བཅད་ཀྱི་ཡུལ་དེ་ན་སྦས་སྡེ་བཅུ་གཉིས་གནས་པ་ནགས་ཤོད་ཀྱིས་དཔོན་བྱས་ཏེ་ལྗང་མོ་ཐག་མདུང་ཅན་གླང་པོ་ཆེའི་མདུང་ཁུར་ཏེ། དམག་དང་བཅས་ནས་འོང་པ་ལ། འཐབ་པའི་ཚེ་དཔའ་རྟགས་སུ་རལ་གྲི་ལ་རི་མོ་བྲིས། དུར་རྒྱགས་ལྟོར་ཟོས། ཚ་ལེབ་རྒྱབ་ཏུ་གོན། སླར་མི་ལྡོག་པའི་བསམ་པ་དང་བཅས་ཏེ། དཔའ་བོའི་རལ་ཁ་བྱས་པས་ན་དཔའ་བའོ་ཞེས་དང༌། རླངས་ཀྱི་པོ་ཏི་བསེ་རུ་ལས་རླངས་དོ་ཞེས་ལྷ་རུ་གཡུ་དགུང་པོ་དེ་མཆོད་ནས། ལྗང་ལ་དམག་བྱས་ལ། ལྗང་གི་ཐོག་མདའ་ནག་པོ་དེ་བཏེགས། ལྗང་མི་དུག་ཅན་གྱི་མིག་དེ་ཕྱུང༌། དེའི་དཔའ་རྟགས་ལྗང་གི་རལ་གྲི་ངོ་དེ་དང༌། འོད་འབར་མ་དེ་ཐོབ་པས་དེ་བས་ན་ནག་པོ་ལྗང་གི་འདུལ་དཔོན་ཡང་ལྷ་རིགས་རླངས་ཡིན་གསུངས་པ་བཞིན་ནགས་ཤོད་ཀྱིས་དམག་དཔོན་བྱས་ཏེ་བར་གྱི་དཔའ་སྡེས་འཇང་ཡུལ་ལ་དམག་དྲངས་པ་དང་། བཙན་པོའི་དུས་སུམ་པས་འཇང་ལ་དམག་དྲངས་པ་གཉིས་སོ་སོར་བཤད་དུ་མེད་པའི་ཕྱིར་རོ། དེས་ན་རུ་ཆེན་ལྔ་པ་སུམ་པ་རུ་ཡི་དཔོན་ནགས་ཤོད་པས་བྱས་ཏེ་ནགས་ཤོད་ས་ཡི་ཐིག་ལེ་འབྲི་རུར་སུམ་པའི་གནས་གཞི་ལྟེ་བ་བཟུང་བ་གསལ། འབྲི་རུ་ཞེས་པའི་འབྲི་ནི་སུམ་པའི་རུས་དང་། རུ་ནི་སུམ་པའི་རུ་ལ་བྱས་ནས་དེ་གཉིས་སྡོམ་པས་འབྲི་རུ་ཞེས་པའི་མིང་འདི་བྱུང་ངམ་སྙམ། འོ་ན་སུམ་པའི་རུ་ཞེས་པའི་རུ་དེ་གང་ལ་བྱེད་སྙམ་ན། དེ་ནི་གོང་དུ་བཤད་པ་བཞིན་བཙན་པོས་དམག་གི་རུ་སྡེ་ཁག་ལྔར་དབྱེ་བའི་སུམ་པའི་དམག་སྡེ་ལ་སུམ་པའི་རུ་ཞེས་འབོད། སྤྱིར་རུ་ཞེས་པའི་ཐ་སྙད་འདི་འཇུག་ཡུལ་མང་ནའང་དམག་ལ་རུ་ཞེས་པ་སྤྱོད་སྒོ་ཆེ་བའི་བརྡ་རྙིང་ཞིག་ཡིན་པ་དཔེར་ན། དམག་མི་ལ་རུ་མི་དང་། དམག་མདའ་ལ་རུ་མདའ། དམག་དཔོན་ལ་རུ་དཔོན། དམག་སྡེ་ལ་རུ་སྡེ། དམག་དར་ལ་རུ་དར། དམག་སྣ་འཁྲིད་མཁན་ལ་རུ་འདྲེན། རྒྱལ་པོའི་གཡས་གཡོན་མདུན་རྒྱབ་ཏུ་འགྲོ་བའི་དམག་གི་སྐོར་ཚོའི་ཐོག་མར་འགྲོ་མཁན་ལ་རུ་འདྲེན་སྡེ་བཞི། དམག་མི་དཀྱུས་མ་ལ་རུ་དམག་བཅས་འབོད་པ་བཞིན་སུམ་པའི་དམག་དང་དོན་གཅིག་ལ་སོང་མདོར་བསྡུས་ན་སུམ་པའི་རུ་ཟེར་བ་དེ་སུམ་པའི་དམག་ཟེར་བ་དེ་ཡིན་ནོ། འབྲི་རུ་དང་འབི་རུའི་ཁྱད་པར། ཡུལ་མཚམས་སོ་སོར་ཆུ་ཡིས་ཕྱེ། ཡུལ་ལུང་སོ་སོར་སྐད་ཀྱིས་ཕྱེ། ཞེས་པ་ལྟར་ཡུལ་ལུང་སོ་སོར་ཡུལ་སྐད་དམ་ཁ་སྐད་ཕྲན་བུའི་མ་འདྲ་བ་ཡོད་པ་བཞིན་ནགས་ཤོད་འབྲི་རུའི་ཡུལ་སྐད་ལ་ཀ་མད་སུམ་ཅུའི་སྡེ་པ་བཞི་པའི་དང་པོ་གསུམ་ལ་ར་བཏགས་ཀྱི་སྒྲ་མི་འབོད་པ་འགའ་ཞིག་ཡོད་པ་དཔེར་ན། སྤྲེའུ་ལ། སྤེའུ། སྤྲ་ལ། སྤ་ཞེས་པ་ལྟ་བུ། ཕྲ་སྦོམ་ལ། ཕ་སྦོམ། ཕྲ་རྒྱན་ལ། ཕ་རྒྱན་ལྟ་བུ། སྒོ་ཕྱུག་འབྲི་ལ།
འབི། ཡི་གེ་འབྲི་བ་ལ། ཡི་གེ་འབི། འབྲི་རུ་ལ། འབི་རུ་སོགས་འགའ་ཞིག་ཡོད་པ་ར་བཏགས་ཀྱི་སྒྲ་མ་གསལ་བ་ལས་གཞན་གོ་བ་ལྷག་པོ་ཅི་ཡང་མེད། གོང་གི་མིང་ཚིག་རྣམས་ཡིག་ངོས་སུ་འགོད་པ་དང་། ཀློག་འདོན་བྱེད་དུས་སྤྲེའུ་དང་། སྤྲ། ཕྲ་སྦོམ། འབྲི་རུ་སོགས་འགོད་ཀློག་བྱེད་པ་ལས་ཁ་སྐད་བཞིན་སྤ། ཕ་སྦོམ། ཕ་རྒྱན། འབི་རུ་སོགས་འགོད་ཀློག་བྱེད་པའི་སྲོལ་མེད། འོན་ཀྱང་སྦྲུལ་མདའ་ལ་སྦུས་མདའ་ཞེས་རྣམ་ཐར་དང་ཆོས་འབྱུང་ཁག་མང་དུ་མཐོང་རྒྱུ་ཡོད་པ་ནི་རྒྱུ་མཚན་ལ་མ་དཔྱད་པར་འདོད་པས་བརྡ་སྦྱར་བའི་མིང་ཞིག་ལ་བསམ་ནས་ཡིག་ངོས་སུ་བཀོད་པ་གསལ། འབྲི་རུ་ཞེས་པའི་ཐ་སྙད་འདི་སུམ་པའི་ལོ་རྒྱུས་དང་འབྲེལ་ནས་བཤད་དགོས་པ་དང་། སུམ་པའི་ལོ་རྒྱུས་ནི་རྙོག་འཛིང་ཆེ་ལ་ཐག་གཅོད་དཀའ་བ་ཞིག་ཡིན་པར་བརྟེན་ཁོ་བོའི་བློ་ཡི་ར་བ་ལས་འགོང་པའི་དཔྱད་གཞི་ཞིག་ཡིན་པར་སོང་འདི་ཡིན་དང་འདི་མིན་གྱི་ཁ་ཚོན་གཅོད་དཀའ་ནའང་ལོ་རྒྱུས་ཡིག་རྙིང་ཁག་ཏུ་གསལ་བའི་དཔྱད་གཞི་འོས་པ་རྣམས་གུང་དུ་བསྒྲིགས་ནས་འབྲི་རུའི་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཕན་པའི་རེ་བས་དཔྱད་པའི་འགོ་སྨོས་ཙམ་ཞིག་ཡིན་པས་བྱུང་རབས་ལོ་རྒྱུས་བལྟ་བའི་བློ་མིག་ཡངས་པའི་མཁྱེན་ལྡན་རྣམས་ཀྱིས་དཔྱད་པར་འཚལ།།ནགས་ལྷའི་སྒྲོན་མེ་དེབ་ཕྲེང་ལྔ་པར་བཀོད་པ་ལ་འཕྲི་སྣོན་ཕྲན་བུ་དང་བཅས་ཏེ། ཕྱི་ལོ་༢༠༡༣ཟླ་བ་༡༢ཚེས་༢༠ཉིན་སྤེལ།།
ཤོག་ངོས་འདི་ཐེངས་ 596 བཀླགས་འདུག
སྡེ་ཚན།
དཔྱད་རྩོམ།
ནགས་ལྷ་དྲ་མཛོད།
ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།
གསར་ཤོས་དག : ནགས་ལྷ་དྲ་མཛོད།
སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་
« ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
རང་རིག་མི་འདོད་པའི་ལུགས་ལ་ཅུང་ཟད་དཔྱད་པ། »
དཔྱད་མཆན་འགོད་ས།
རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།
གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།
རྩོམ་ཡིག་གསར་ཤོས།
ཡ་བཏགས་ལ་དཔྱད་པ་མེས་པོའི་ཞལ་ལུ…
སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 99
ནགས་ཤོད་སྐལ་རྒྱན། བསླབ་ལ་བརྩོན་པའི་གང་ཟག་གིས། ། དང་པོ་ང་རོ་རྣམས་ལ་སྦྱངས། ། སྔོན་འཇུག་མི... བཀླགས་འཕྲོ...
མཛོད་ལུགས་འདུས་མ་བྱས་ཀྱི་གྲངས་…
སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 87
ནགས་ཀྱི་ཤིང་ལོ། བརྩེ་ཆེན་ཐུགས་རྗེའི་ཐབས་ཀྱིས་འགྲོ་རྣམས་ཞི་བར་བགྲོད་པའི་ལམ་བསྟན་ནས། ། དྲི... བཀླགས་འཕྲོ...
བོད་ཀྱི་སྐད་ཡིག་དང་འབྲེལ་པའི་༸…
སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 98
ནག་པོ་བཀྲ་ཤིས། [ནང་དོན་གནད་བསྡུས།] དཔྱད་རྩོམ་འདི་ཉིད་ཀྱི་བརྗོད་དོན་གཙོ་བོ་ནི་དུས་རབས་ཉི་ཤ... བཀླགས་འཕྲོ...
བོད་ཀྱི་ས་ཐོག་ནས་དར་བའི་ནང་མ་ཞ…
བསྟན་པ་དར་ཕྱུག [གནད་ཚིག] ནང་མ། ཕོ་བྲང་ནང་མ། གམ་བཅར་ནང་མ། ནང་མའི་སྐྱིད་སྡུག །ནགྷ…
མཆན་གསར་ཤོས།
- ནགས་ཤོད་ནགས་ལ་ས་མཐའ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། རྩོམ་ཡིག་འདིའི་ནང་གི་རྒྱབ་རྟེན་ལུང་དང་སྒྲུབ་བྱེད་རིགས་པ་གཉིས་ལ་བལྟས་ན་ས་མཐའ་ཡོད་པའི་ཕྱོགས་ལ་ཉེ། རྩོམ་པ་པོ། : མི་ནག་མདུང་ཐུང་། on Thu 23 Aug 2018 ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ། (དཔྱད་རྩོམ།)
- དྲིས་ལན་གཟུར་གནས་དགྱེས་པའི་གཏམ་དྲིས་ལན་བཅུ་བརྒྱད་པོ་གནད་ལ་ཕིགས་པའི་དྲིས་ལན་གནང་འདུག་སྙིང་ནས་བཀའ་དྲིན་ཆེ། རྩོམ་པ་པོ། : མིང་འདིར་བྲིས། on Thu 31 May 2018 དྲིས་ལན་གཟུར་གནས་དགྱེས་པའི་གཏམ། (བརྒལ་བརྟག)
མཆན་མང་ཤོས།
-
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན།
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན། ནགས་ཤོད་ཚོ་དགུ་ནི།…
-
ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ།
དགའ་ལྡན་སྙན་བརྒྱུད་སྤྲུལ་པའི་གླེགས་བམ་ལ་བརྟེན་ནས་གསར་རྩོམ་ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ་བཞུགས་སོ།། ན་མོ་གུ་རུ་ཛཱ་ཡ་ཨིཎྜ་ཡ།…
-
དེ་རིང་།
ནགས་ཀྱི་ཤིང་ལོ་ནས། མེ་ལྟར་ཚ་བའི་ཉི་མ་དེས།།ས་གཞི་འདི་ཡང་འབར་རམ་ཅི།།བར་སྣང་ལས་ཀྱས་མེ་འོད་འཕྲོས།།རྐང་འཐུང་ཚོགས་རྣམས་ཉོབ་ཅིང་དུབ།།…
-
དྲིས་ལན་གཟུར་གནས་དགྱེས་པའི་གཏམ།
ཀླུ་སྒྲུབ་བསྟན་པ་ལྗོངས་འདིར་སྤེལ་བ་ལ།།གངས་ཅན་མཁས་པ་ཡོངས་ཀྱི་ཅོད་པཎ་ཞེས། །…
-
ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
འབྲི་རུ་སྐལ་བཟང་རྒྱལ་མཚན། སྟོན་པ་མཆོག་དང་འཕགས་བོད་པཎ་གྲུབ་སྤྱི།།མེས་དབོན་རྣམས་ལ་གུས་པས་རབ་བཏུད་ནས།།ནགས་ཤོད་ནགས་ལ་ས་མཐའ་ཡོད་མེད་ཀྱི།།དགག་སྒྲུབ་གཏམ་གྱི་སྦྱོར་བ་མདོ་ཙམ་སྤེལ།།…