Fri 28 Jul 2023

བོད་ཀྱི་སྐད་ཡིག་དང་འབྲེལ་པའི་༸པཎ་ཆེན་བླ་མ་གླེང་བ།

ཚད་གཞི།:
(0 འོས་བླུགས།)

ནག་པོ་བཀྲ་ཤིས།

[ནང་དོན་གནད་བསྡུས།] དཔྱད་རྩོམ་འདི་ཉིད་ཀྱི་བརྗོད་དོན་གཙོ་བོ་ནི་དུས་རབས་ཉི་ཤུའི་ལོོ་རབས་དྲུག་ཅུ་དང། བདུན་ཅུ། བརྒྱད་ཅུ་བཅས་དུས་རིམ་སོ་སོར་བོད་ཀྱི་སྐད་ཡིག་གི་གནས་སྟངས་ཇི་ལྟར་ཐབས་སྡུག་ཏུ་གྱུར་མིན་དང་། གནས་སྟངས་དེ་ཉིད་ལས་སྐྱོབ་ཆེད་དུ་རིགས་ཞེན་དང་དཔའ་སྤོབས་ལྡན་པའི་སྐྱེས་བུ། ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གིས་དཀའ་སྤྱད་བློས་གཏོང་ཇི་ཙམ་མཛད་ཡོད་མེད་དང་། མཐར་ཁོང་གིས་བློས་གཏོང་དེ་དག་ལ་བརྟེན་ནས་བོད་མི་རིགས་ཀྱི་སྐད་ཡིག་འདི་ཇི་ལྟར་གསོན་གནས་གོང་འཕེལ་གྱི་ཕྱོགས་སུ་ཁྲིད་སྟོན་བྱས་ཚུལ་སོགས་རླབས་ཆེན་མཛད་བཟང་དེ་དག་སྙིང་བསྡུས་ཀྱི་ཚུལ་དུ་འགོད་ཐབས་བྱས་ཡོད།

[བརྡ་ཆད།] པཎ་ཆེན། བོད་ཡིག །རིག་གནས་གསར་བརྗེ།

སྔོན་གླེང་།

བོད་ཀྱི་བསྟན་སྲིད་བྱུང་རབས་ལོ་རྒྱུས་དང་བྲལ་ཐབས་མེད་པའི་༸པཎ་ཆེན་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་ནམ་ཡང་མི་རིགས་འདི་ཉིད་ཀྱི་དོན་དུ་གཞན་དྲིང་འཇོག་མྱོང་མེད་ཅིང་། ལྷག་པར་དུ་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནི། ཛ་དྲག་ཤིན་ཏུ་ཆེ་བའི་དུས་རབས་ཉི་ཤུའི་ཆབ་སྲིད་ཀྱི་ཡོ་ལངས་ཁྲོད་དུ། གངས་ཅན་པའི་བསྟན་སྲིད་མི་རིགས་དང་བཅས་པ་གོང་འཕེལ་རྒྱུན་གནས་ཆེད། ཐུགས་སྨོན་དང་བརྩོན་ལེན་ཧུར་སྐྱེད་གནང་མཁན་ཞུམ་མེད་ཀྱི་དཔའ་བོ་ཞིག་ཡིན་པ་བསྙོན་དུ་མེད།

 

མགོན་པོ་གང་ཉིད་དགོངས་པ་གཞན་དོན་དུ་གཤེགས་པ་དེས། མི་རིགས་འདིའི་ཆ་ཡོངས་སུ་རྫོགས་པར་བརྗོད་དུ་མེད་པའི་ཕམ་ཁ་ཆེན་པོ་བྱུང་ཞིང་། ད་ཆ་མགོན་པོ་གང་ཉིད་གདུལ་བྱའི་གངས་ལྗོངས་དང་གྱེས་ཏེ་ལོ་ངོ་སུམ་བཅུ་ལྷག་ཙམ་ཟིན་ནའང་། ང་ཚོས་སྙན་རྩོམ་དང་གླུ་གཞས་སྒྱུ་རྩལ་གྱི་ལམ་ནས་གང་ཉིད་རྗེས་དྲན་ཞུ་བཞིན། ཁྱེད་ཀྱིས་རང་རིགས་ལ་བཅངས་པའི་བརྩེ་དུང་དང་། རླབས་ཆེན་གྱི་དགོངས་གཞི་དག་ལ་ཡང་ནས་ཡང་དུ་བསྔགས་པར་བརྗོད་ཀྱིན་མཆིས།

དང་པོ། ཐོག་མའི་དུས་ཀྱི་༸པཎ་ཆེན་རིན་པོ་ཆེ་དང་དུས་སྐབས་ཀྱི་འགྱུར་བ།

དཔྱད་ཐབས་རིག་པའི་ལམ་སྟོན་བཞིན་དང་པོ་འགྲེལ་བརྗོད་ཀྱི་ཚུལ་དུ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གང་ཐུབ་ཅིག་རིམ་པར་ཞུ་ཐབས་བྱེད་ཀྱི་ཡོད། ཡིན་ནའང་མགོ་རྙོག་ཤིན་ཏུ་ཆེ་བའི་ཉེ་རབས་ཆབ་སྲིད་ཀྱི་ལོ་རྒྱུས་འདི་བཞིན་ལོ་རྒྱུས་ཀྱི་མྱོང་རྟོགས་དང་ཞིབ་འཇུག་གིི་བློས་བཏང་སོགས་ཅུང་ཟད་མི་ལྡན་པའི་ཁོ་བོས་འགྲེལ་ཐབས་དཀའ་ཡང་མཐོང་ཐོས་ཙམ་བཀོད་པ་གཤམ་གསལ་འདི་ལྟར་ལགས།

བོད་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་དུ་ཆོས་སྲིད་གཉིས་ཐད་ནས་གལ་འགངས་ཤིན་ཏུ་ཆེ་བའི་༸པཎ་ཆེན་རིན་པོ་ཆེ་མཆོག་ལ་རྒྱུས་ལོན་བྱེད་སྐབས་ཕྱོགས་གཉིས་ནས་རྟོག་ཞིབ་བྱ་དགོས་པར་སེམས། དེ་ཡང་རིག་གནས་གསར་བརྗེ་མ་བྱུང་བའི་གོང་རོལ་དུ། ༡ སྤྱི་ཚོགས་ཀྱི་འགྱུར་བ་དང་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཚུལ།  ༢ རིག་གནས་གསར་བརྗེའི་རྗེས་སུ་དཔལ་འབྱོར་རིག་གནས་ཀྱི་ཐད་ནས་ཤུགས་སྣོན་བརྒྱབ་ཚུལ་བཅས་ཡིན།

དང་པོ། རིག་གསར་མ་བྱུང་གོང་གི་དུས་སྐབས་དང་ཁོང་གི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཚུལ་གྱི་ཐད་ནས་འགྲེལ་བརྗོད་ཀྱི་ཚུལ་དུ་སྤྱི་སྒྲོམ་ཞིག་བཤད་ན། ཕྱི་ལོ་༡༩༢༩ལོར་༸པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་རྒྱ་ནག་གི་རྒྱལ་ས་ནན་ཅིང་དུ་པཎ་ཆེན་དོན་གཅོད་ཁང་ཐོག་མར་བཙུགས་པ་དེས། ༸པཎ་ཆེན་སྐུ་ཕྲེང་བཅུ་པའི་སྐུ་ཚེའི་སྟོད་ཕྱོགས་ཀྱི་གནད་དོན་གང་མང་ཞིག་ལ་རྒྱ་མིས་ལག་པ་བསྲིངས་ཏེ་ཁ་ལོ་སྒྱུར་ཐབས་བྱ་སའི་མཐུན་རྐྱེན་དུ་གྱུར་པ་འདྲ་སྟེ། གུང་ཁྲན་ཏང་དང་གོ་མིན་ཏང་ཕྱོགས་གཉིས་ནས་༸པཎ་ཆེན་དོན་གཅོད་ཁང་བརྒྱུད་དེ་པཎ་ཆེན་ནང་མ་སྒང་ལ་ལག་པ་འཆང་རྒྱུའི་འབད་བརྩོན་བྱས་འདུག །དེ་ཡང་༸པཎ་སྐུ་ཕྲེང་བཅུ་པའི་གསུང་སྒྱུར་ཞུས་མྱོང་མཁན་འཇམ་དཔལ་རྒྱ་མཚོས་བརྩམས་པའི་<<སློབ་དཔོན་ཆེན་པོ་པཎ་ཆེན་རིན་པོ་ཆེ་>>ལས། “ཐབས་ལམ་སྣ་ཚོགས་ཀྱིས་ནང་མ་སྒང་གི་མི་སྣ་བསླུ་བྲིད་བྱས་ནས། ༸པཎ་ཆེན་བཅུ་པ་དང་ནང་མ་སྒང་ཁོ་ཚོའི་དབང་འོག་བསྡུ་རྒྱུ་དེ་ཡིན’’ལྟ་བུ་རེད།”  [1]<<ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ་>>ལས། “འོན་ཀྱང་། ཅི་འཇིགས་མེད་སྔར་ནས་རྒྱ་མིའི་ལག་ཆར་གྱུར་ཟིན།’’ཞེས་བརྗོད་འདུག །སྤྱིར་དུས་སྐབས་དེར་བོད་དང་འབྲེལ་བའི་ཆབ་སྲིད་ཀྱི་གནད་དོན་གང་མཆིས་༸རྒྱལ་པཎ་རྣམ་གཉིས་དང་འབྲེལ་དགོས་ཤིང་། བོད་ཀྱི་སྟོབས་ཤུགས་ཉམས་ཉེས་སུ་གཏོང་རྒྱུ་ཡང་གནད་དེ་ལ་ཐུག་ཡོད། ཕྱིའི་བཙན་འཛུལ་གང་ཞིག་གིས་བོད་ཀྱི་ཆབ་སྲིད་ལ་ལྟ་སྟངས་ནི་གཞི་དེ་ལས་མ་འདས་པ་ལྟ་བུ་རེད། གཞན་ཡང་དུས་སྐབས་དེར་འཛམ་གླིང་དམག་ཆེན་གཉིས་པའི་ཛ་དྲག་གི་ཡོ་ལང་འགྲོ་བཞིན་པ་ཡིན་སྟབས། རྒྱ་ནག་གི་ཆབ་སྲིད་ཀྱི་གནས་སྟངས་ནི་ཉིན་རེ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད། དཔེར་ན།<<མྱོང་བའི་གཏམ་གྱི་བདུད་རྩི་བློ་གསར་མེ་ལོངས(ལོང་)་>>ལས། “༡༩༤༥ལོར་ཨ་རིས་འཇར་པན་གྱི་ས་ཆ་ཧི་རོ་ཤི་མར་རྡུལ་ཕྲན་མཚོན་ཆ་དབྱུགས་(གཡུགས)པ་དང་། ཨུ་རུ་སུའི་དམག་མིས་རྒྱ་ནག་ཧྲང་ཏུང་ཞིང་ཆེན་ནང་ཡོད་པའི་འཇར་པན་གྱི་དམག་སྒར་ཆེ་ཤོས་ལ་དམག་དྲངས་ཏེ། འཇར་པན་མགོ་བཏགས་ཞུས་པའི་གོ་སྐབས་དང་བསྟུན་སོ་སོའི་སྟོབས་ཤུགས་རྒྱ་བསྐྱེད་བཏང་བ་སྟེ། གོ་མི་ཏང་གི་ས་ཆ་འཕྲོག་སྟེ་རྒྱལ་ནང་དམག་འཁྲུག་ཅེས་པའི་གུང་བྲན་ཏང་དང་གོ་མི་ཏང་གཉིས་ཀྱི་དམག་འཐབ་མཐའ་མ་བྱས་མཐར་གོ་མི་ཏང་དམག་ཤོར་ནས་ཐེ་ཝན་དུ་ཕྱིར་འཐེན་བྱས་ཏེ།’’[2] ཞེས་ཛ་དྲག་གི་རྣམ་པ་དེ་ལ་བལྟས་ན་མཐོང་ཐུབ་ཅིང་། གཞན་ཡང་དུས་སྐབས་དེར་ཏང་ཤོག་གཉིས་པོས་སོ་སོའི་དགོས་དམིགས་རེ་བཟུང་ཐོག་བོད་ནི་གཉིས་ཀར་མཁོ་བའི་དངོས་པོ་ཞིག་ཏུ་གྱུར་ཡོད་དེ། དམག་དོན་གྱི་ཆ་ནས་མཐོ་སྒང་གི་སྐམ་ས་གལ་ཆེན་ཞིག་ཡིན་སྟབས་ཕྱོགས་གཉིས་ཀས་ཧམ་སེམས་བཅངས་པས་མི་ཚད། ལོ་རྒྱུས་ཀྱི་འགྲོས་ལ་གཞིགས་ན་རྒྱལ་སྤྱིའི་ཐོག་ནས་ཀྱང་དོ་སྣང་བྱེད་ཀྱི་ཡོད་ཚོད་འདུག །གང་ལྟར་དེ་ལྟའི་ལོ་རྒྱུས་ཀྱི་གནས་སྟངས་ཁྲོད་ནས་འཚར་ལོངས་བྱུང་བའི་པཎ་ཆེན་ནི། གཞན་དང་མི་འདྲ་བའི་མྱོང་རྟོགས་གཏིང་ཟབ་དང་སྦྱོང་བརྡར་ཁྱད་པར་བ་ཞིག་ཐོབ་ཡོད་པ་ནི། <<སློབ་དཔོན་པཎ་ཆེན་རིན་པོ་ཆེ་>>ལས། ཏིང་ཞའོ་ཕིང་གིས། “༸པཎ་ཆེན་རིན་པོ་ཆེ་དང་ལས་དོན་མཉམ་དུ་སྒྲུབ་སྐབས་རིག་པ་རྩེ་གཅིག་ཏུ་སྒྲིམ་དགོས་པ་ལས། ཕྲུག་གུ་ཆུང་ཆུང་ཞིག་ལ་ངོས་འཛིན་བྱེད་མི་རུང་། ཁོང་ནི་ཆབ་སྲིད་ཀྱི་རླུང་འཚུབ་ཁྲོད་ནས་གསོ་སྐྱོང་བྱུང་བ་ཞིག་ཡིན་པས། ལས་དོན་མཉམ་སྒྲུབ་བྱེད་སྐབས་ཐབས་ཤེས་ལ་བརྟེན་དགོས་པ་དང་། མཉམ་ལས་ཡོད་དགོས་ལ་འཐབ་རྩོད་ཀྱང་ཡོད་དགོས།’’[3] ཞེས་བཤད་པ་ལས་རྟོགས་ཐུབ།

གཉིས་པ། བཅོས་བསྒྱུར་དང་ཟིང་འཁྲུག་ཞོད་འཇགས།

དམངས་གཙོ་བཅོས་བསྒྱུར་དང་ཟིང་འཁྲུག་ཞོད་འཇགས་གཏོང་བ་ཞེས་པའི་བརྗོད་དོན་ལ་ང་ཚོས་གོ་བ་ཡང་དག་ལེན་དགོས་ཤིང་། དེ་ནི་བོད་ལ་མཚོན་ན་རིག་གསར་མ་བྱུང་གོང་གི་ཆབ་སྲིད་ཀྱི་ཡོ་ལང་ཆེ་ཤོས་ཤིག་ཏུ་གྱུར་ཡོད། དམངས་གཙོ་བཅོས་བསྒྱུར་ཞེས་པ་ནི་གྲལ་རིམ་ལམ་ལུགས་ཀྱི་དབང་དུ་ཚུད་པའི་བོད་ཀྱི་སྤྱི་ཚོགས་ཀྱི་དཀའ་ངལ་ལ་ཁ་གཡར་ཏེ། རྒྱུ་ནོར་འཕྲོག་བཅོམ་བྱ་ཆེད་ཀྱི་སྲིད་བྱུས་ཤིག་དང་། ཟིང་འཁྲུག་ཞོད་འཇགས་ཞེས་པ་ནི། དགྲ་བོ་རྒྱ་ནག་བོད་དུ་བཙན་འཛུལ་བྱེད་སྐབས་མི་རིགས་བསྟན་སྲིད་ཀྱི་དོན་དུ་ཚེ་སྲོག་ཕངས་མེད་ངང་རྒོལ་ལེན་སྤྲོད་མཁན། བསྟན་སྲུང་དང་བླང་དམག་དང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱལ་གཅེས་དཔའ་བོ་རྣམས་ལ་ཁ་གཡར་ཏེ། བོད་བྱིངས་ལ་ཉེས་འགེལ་བྱ་ཆེད་ཀྱི་སྲིད་བྱུས་ཤིག་རེད། དཔེར་ན་བཅོས་བསྒྱུར་དང་ཞོད་འཇགས་ཀྱི་ལས་འགུལ་ཁྲོད་དུ་བོད་ཀྱི་བླ་ཆེན་མི་དྲག་ཡོད་ཚད་བཙོན་འཇུག་རྡུང་རྡེག་བཏང་བ་<<༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་>>ལས། “ཧོལ་རྒྱུགས་ཀྱི་ཟིང་འཁྲུགས་ཞོད་འཇགས་དམངས་གཙོ་བཅོས་བསྒྱུར་ཟེར་བའི་ལས་འགུལ་ཁྲོད། བོད་མི་རིགས་ཀྱི་བརྒྱ་ཆ་༩༩ལ་ངོ་ལོག་ཟིང་འཁྲུག་པ་ཞེས། མ་ཉེས་ཁ་གཡོགས་ཀྱི་ཉེས་པ་འདྲ་མིན་གཡོགས་ཏེ། སྲོག་ཐོག་དང་། རྡུང་རྡེག །བཙོན་འཇུག །འཛིན་བཟུང་བྱེད་པའི་བྱ་སྤྱོད་ངན་ཐལ་དུ་ཕྱིན་པས། བོད་མི་མང་པོ་ཞིག་མུག་ཤི་དང་། བཙན་ཤི། སྡུག་ཤི་ལ་སོང་།”[4] ཞེས་པར་གཞིགས་ན། དམངས་གཙོ་བཅོས་བསྒྱུར་དང་ཟིང་འཁྲུག་ཞོད་འཇགས་ཀྱི་དགོས་དོན་དངོས་ནི། བོད་མི་རིགས་ཀྱི་བདེ་སྡུག་ཆེད་མིན་པར་གསལ་བོར་རྟོགས་ཐུབ་ཅིང་། མ་གཞི་ནས་མི་སེར་སྤེལ་མཁན་གྱིས་མི་སེར་སྤེལ་ཡུལ་ལ་བཏིང་བའི་སྲིད་བྱུས་ནི་གཞུང་དྲང་ཡང་དག་ཅིག་གཏན་ནས་ཡིན་མི་སྲིད། དེ་ཡང་བཅོས་བསྒྱུར་གྱི་ཐོག་ནས་དམངས་སེམས་འགུག་ཆེད་དུ། ད་ནས་བཟུང་ས་ཞིང་བདག་དབང་གི་ལམ་ལུགས་འཛུགས་དགོས་ཚུལ་གྱི་འབོད་སྒྲ་བསྒྲགས་པ་དང་སྦྲགས། <<༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག>>ལས། “གཞུང་སྒེར་ཆོས་གསུམ་གྱི་རྒྱུ་ནོར་ཡོངས་རྫོགས་རྒྱ་ནག་གཞུང་གིས་གཞུང་བཞེས་བཏང་ཞིང་།’’[5] ཞེས་དོན་ལ་རྒྱུ་ནོར་ཧམ་ཟ་བྱ་ཆེད་ཙམ་དུ་ཟད། གཞན་ཡང་རིན་པོ་ཆེས་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཡང་། དེ་ལྟ་བུའི་ཐལ་ཆ་ཆེ་བའི་སྲིད་བྱུས་ལག་བསྟར་བྱས་པའི་ཉེར་ལེན་ལ་བརྟེན་ནས་མ་བྲིས་ཐབས་མེད་ཆགས་པ་རེད་ལ། ཐ་ན་༸པཎ་ཆེན་རིན་པོ་ཆེ་མི་ལོ་དགུ་ལྷག་ཙམ་མུན་བཙོན་མནར་གཅོད་མྱོང་དགོས་ཐུག་པའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་ཀྱང་རེད་བསམ་གྱི་ཡོད།

གསུམ་པ། བཙོན་གྲོལ་དང་རིག་གནས་སྐད་ཡིག་ལ་ཤུགས་སྣོན་བརྒྱབ་ཚུལ།

ཕྱི་ལོ་༡༩༧༦ཟླ་༩ཚེས་༩ཉིན་མའོ་ཤི་རྗེས་རྒྱ་ནག་གི་ཆབ་སྲིད་ཀྱི་ངོ་བོ་ལ་འགྱུར་བ་ཐེབས་ཡོད། གཞུང་འཛིན་གསར་པས་བསྒྱུར་བཅོས་སྒོ་འབྱེད་ཀྱི་ལམ་ལུགས་ཕྱེས་ཏེ། སྔར་རིག་གསར་སོགས་ཀྱི་ཡོ་ལང་སྐབས་སུ་མི་སྤྱོད་ལས་འདས་པའི་གདུག་རྩུབ་ཀྱི་སྲིད་བྱུས་ལ་དགག་པ་ཚ་ནན་བརྒྱབ་པ་དང་། ཡོ་ལང་དེ་ཡི་འོག་ཏུ་ཚུད་པའི་ཉེས་མེད་བཙོན་པ་མང་པོ་ཞིག་བཙོན་གྲོལ་ཐོབ་ཅིང་རྗེས་སུ་རིམ་པས་གོ་གནས་སླར་གསོ་ཐོབ་པའི་དཔོན་རིགས་ཀྱང་མང་པོ་བྱུང་ཡོད། དེ་དག་གི་ཁྲོད་དུ་པཎ་ཆེན་རིན་པོ་ཆེ་ཡང་གློད་གྲོལ་གུ་ཡང་དང་། རིམ་པས་གོ་གནས་སླར་གསོ་བྱུང་ཡོད། འོན་ཀྱང་། ང་ཚོས་ལོ་རྒྱུས་ཀྱི་སྤྱི་འགྲོས་ལ་བལྟས་ན། ༸པཎ་ཆེན་དང་འབའ་པ་ཕུན་ཚོགས་དབང་རྒྱལ་སོགས་ནི་དེ་ལྟ་བུའི་སྲིད་བྱུས་ཀྱི་འོག་ནས་བཙོན་གྲོལ་ཐོབ་པ་ཙམ་ཞིག་མ་ཡིན་པར། དེ་ཡི་རྒྱབ་ལ་ཆབ་སྲིད་ཀྱི་དགོས་པ་ངེས་ཅན་ཞིག་ཡོད་ཁོ་ཐག་རེད།

གང་ལྟར་ཆབ་སྲིད་ཀྱི་འགྱུར་ལྡོག་དེ་ཡི་ཁྲོད་ནས་༸པཎ་ཆེན་རིན་པོ་ཆེའི་གོ་ས་སླར་གསོ་ཐོབ་ཡོད་ཅིང་། ༸པཎ་ཆེན་རིན་པོ་ཆེས་འདས་དོན་གྱི་ཉམས་མྱོང་ལ་གཞིགས་ཏེ། རང་ཉིད་ཀྱི་ནུས་ཤུགས་བརྒྱག་སའི་ཁ་ཕྱོགས་ལ་འགྱུར་བ་བཏང་ཡོད། དེ་ཡང་ཆབ་སྲིད་ཀྱི་ཐོག་ཏུ་ལག་པ་མི་བསྲིངས་པར། མིག་སྔར་ཛ་དྲག་ཏུ་གྱུར་པའི་བོད་ཀྱི་སྐད་ཡིག་རིག་གནས་ལ་ཤུགས་སྣོན་རྒྱག་རྒྱུའི་དགོངས་གཞི་འཁྲུངས་པ་ནི་སྐྱེས་བུ་མཁས་མཛངས་ཤིག་གི་རང་ལུགས་རེད། དེ་ན་བྱེ་བྲག་ཏུ་༸པཎ་ཆེན་རིན་པོ་ཆེས་བོད་ཀྱི་སྐད་ཡིག་སྐོར་ལ་ཤུགས་སྣོན་བརྒྱབ་ཚུལ་ནས་བརྗོད་ན། སྤྱིར་རིན་པོ་ཆེ་ལ་རང་ཉིད་ཀྱི་ལྟ་སྟངས་ཤིག་ཡོད་པ་ནི།<<༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་>>ལས།“བོད་ཡིག་སྦྱང་རྒྱུ་ནི་རང་གི་མི་རིགས་ཀྱི་འོས་འགན་ཞིག་ཡིན་པས། ཕན་ཐོགས་རུང་མ་ཐོགས་རུང་ཅི་ནས་ཀྱང་བོད་ཡིག་སྦྱང་དགོས།’’[6] ཞེས་དགོངས་པ་འདི་ལྟར་ཡོད་མུས་ཡིན། ལོ་རབས་ལྔ་བཅུའི་དུས་མཇུག་ནས་བཟུང་། བོད་ཀྱི་སྐད་ཡིག་སྤྱོད་སྒོ་ཇེ་ཆུང་ཇེ་ཞན་དུ་སོང་བར་བརྟེན་༸པཎ་ཆེན་རིན་པོ་ཆེས་འཐབ་རྩོད་རིམ་པས་བརྒྱུད་དེ་མཐར་བོད་ཁུལ་དུ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་ཀྱི་ལམ་བུ་དལ་གྱིས་སྒོ་འབྱེད་ཐུབ་ཡོད། རྒྱ་དམར་གྱིས་བོད་ས་བཙན་འཛུལ་གྱི་འགོ་བཙུགས་པ་ནས་བོད་ཀྱི་སྐད་ཡིག་རིག་གནས་ལ་ཁྱད་གསོད་བྱས་པ་སྨྲོས་ཅི་དགོས། ལྷག་པར་དུ་ལོ་རབས་༦༠པའི་ནང་ཚུད་ནས་བོད་ཀྱི་སྐད་ཡིག་ནི་འཐབ་རྩོད་བྱ་ཡུལ་གྱི་རྙིང་བཞིའི་ཁོངས་སུ་དྲངས་ཏེ་བོད་སྐད་ཡིག་ནི་བེད་མེད་དུ་ངོས་འཛིན་བྱས་ཤིང་། ཐ་ན་བརྡ་སྤྲོད་པའི་གཞུང་ཆེན་སུམ་རྟགས་ཀྱི་རྣམ་གཞག་ལ་ཡང་འགྱུར་བ་བཏང་ཡོད། <<༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་>>ལས། “བོད་རང་སྐྱོང་ལྗོངས་ཏང་སྲིད་ལས་ཁུངས་ཁག་གི་ཡིག་ཆ་དང་། སློབ་གྲྭའི་སློབ་ཁྲིད་ཚང་མ་རྒྱ་ཡིག་སྤྱོད་པ་ལས་བོད་ཡིག་སྤྱོད་སྲོལ་མེད།’’[7] ཅེས་བོད་ཡིག་ཧ་ལམ་བཀོལ་སྤྱོད་མེད་པའི་ཚད་དུ་ཐོན་ཡོད། འོན་ཀྱང་༸པཎ་ཆེན་རིན་པོ་ཆེས་རང་ཉིད་ཀྱི་ནུས་པ་འཛོམས་མཚམས་སུ་སྔར་ལས་ལྷག་པའི་བོད་ཀྱི་སྐད་ཡིག་ལ་ཤུགས་སྣོན་བརྒྱབ་ཡོད། ཉེན་ཁ་ལ་མི་འཛེམ་པའི་༸པཎ་ཆེན་བླ་མས། ཕྱི་ལོ་ ༡༩༨༨ ལོར་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཟེར་བ་གསར་འཛུགས་ཀྱི་མཛད་སྒོའི་ཐོག<<པཎ་ཆེན་ཨེར་ཏེ་ནི་གླེང་བ།>>་ལས། “བོད་ལ་ལོ་ ༡༣༠༠ ལྷག་རིང་བོད་ཡིག་བེད་སྤྱོད་བཏང་སྟེ་ཁུངས་འཁྱོལ་བའི་ས་ཁུལ་ཞིག་ལ་བཅིངས་འགྲོལ་བྱུང་ནས་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ལོ་ངོ་ཉི་ཤུའི་ནང་བོད་ཡིག་རྦད་དེ་བརླགས་པ་རེད། ད་ཆ་ཨུ་ཚུགས་བརྒྱབ་སྟེ་བོད་ཡིག་བེད་སྤྱོད་གཏོང་དགོས་པའི་གྲོས་ཆོད་བཞག་དགོས་བྱུང་བ་འཛམ་གླིང་ཐོག་གི་ཞབས་འདྲེན་གྱི་ལས་ཀ་ཞིག་རེད་ཅེས་ཚིག་ཐག་ཆོད་པོས་གསུངས །”[8] སྤྱིར་མི་རིགས་ཤིག་དར་རྒྱས་སུ་འགྲོ་དགོས་ན། ཐོག་མར་མི་རིགས་རང་ཉིད་ཀྱི་སྐད་ཡིག་རིག་གནས་ལ་བརྟེན་དགོས་པའི་གནས་ལུགས་ཀུན་གྱིས་ཤེས་གསལ་ལྟར། མགོན་པོ་གང་གིས་བོད་ཁམས་ཡོངས་རྫོགས་ཞབས་ཀྱིས་བཅགས་ཏེ་གཟིགས་ཞིབ་མཐིལ་ཕྱིན་པ་གནང་རྗེས།

བོད་དུ་བོད་ཡིག་བཀོལ་སྤྱོད་མེད་པ་ཤེས་སྐབས་གདུང་ཤུགས་དྲག་པོས་ཀྲུང་དབྱང་ལ་གཏུགས་བཤེར་རིམ་པ་གནང་སྟེ།  ༡༩༨༢ལོར་གཟིགས་ཞིབ་གྲུབ་མཚམས་ང་ཕོད་ངག་དབང་འཇིགས་མེད་དང་ལྷན་དུ་གྲོས་བསྡུར་བྱས་ཏེ། བོད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེེད་པའི་གྲོས་གཞི་བཏོན་ཞིང་། ༼བོད་ཡིག་སློབ་སྦྱོང་དང་བེད་སྤྱོད་གོང་འཕེལ་གཏོང་བའི་སྐོར་གྱི་ཆོད་དོན་འགའ་ཞིག༽ཅེས་པ་གྲོས་འཆམ་བྱུང་།[9]  ཞེས་གསལ། དེ་ནས་བོད་ཁུལ་གྱི་གཞུང་ལས་ཁང་དང་ཚོང་ཁང་། ཟ་ཁང་སོགས་ཀྱི་སྒོ་བྱང་ཡོད་ཚད་རྒྱ་ཡིག་བྲིས་པ་མཐོང་སྐབས་ཁོང་གིས། <<༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་>>ལས། “ས་འདི་ནི་བོད་རིགས་ས་ཁོངས་རང་སྐྱོང་བྱས་པའི་ས་ཞིག་ཡིན་པས། རང་སྐྱོང་ལས་ཁུངས་ཀྱི་སྒོ་བྱང་ལ་བོད་ཡིག་མེད་ན། ཇི་ལྟར་བོད་རིགས་ས་ཁོངས་རང་སྐྱོང་ལབ་དགོས། སྒོ་བྱང་ཚང་མ་བོད་ཡིག་གམ་བོད་རྒྱ་ཤན་སྦྱར་དུ་འབྲི་དགོས་ཞེས་གསུངས།’’ [10]ཞེས་སྒོ་བྱང་ཡོད་ཚད་བོད་ཡིག་ལ་བསྒྱུར་གནང་མཛད་ཡོད། དེ་ནས་བོད་ཡིག་སྦྱོང་སྤྱོད་ཀྱི་ལས་འགོ་བཙུགས་པ།<<སློབ་དཔོན་པཎ་ཆེན་རིན་པོ་ཆེ་>>ལས། “རིན་པོ་ཆེ་སྐུ་ངོ་མས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་དགེ་འོས་སློབ་གྲྭའི་མཚན་འཛིན་སློབ་སྤྱི་གནང་སྟེ་དུས་རྟག་ཏུ་སློབ་གྲྭ་དེའི་ལས་དོན་སྐོར་ལ་ཐུགས་ཁུར་དང་སློབ་སྟོན་གནང་གི་ཡོད།’’[11] ཅེས་དང་གཞན་ཡང་། <<༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག>>ལས། “བོད་ཀྱི་སྐད་ཡིག་སློབ་གྲྭ་ཆེན་མོ་གསར་འཛུགས། ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་སྲོང་བཙན་བོད་ཀྱི་གསོ་རིག་སློབ་གྲྭ། བོད་ལྗོངས་ལས་རིགས་དགེ་འོས་གསོ་སྦྱོང་སློབ་གྲྭ།”[12]  གཞན་ཡང་། སྐུ་སྒེར་གྱི་ཕྱག་གྲོན་ཞལ་འདེབས་ལས། རྒྱལ་ཐང་བོད་ཡིག་སློབ་གྲྭ། དར་རྩེ་མདོ་དྭ་ཕྲུག་སློབ་གྲྭ། ཞུན་ཧྭ་རྫོང་སྦིས་མདོ་བོད་ཡིག་སློབ་འབྲིང་། མཚོ་སྔོན་ཞིང་ཆེན་མི་རིགས་དགེ་ཐོན་སློབ་གྲྭ། ཡོངས་གྲགས་སུ་མཚོ་སྔོན་༸པཎ་ཆེན་སློབ་གྲྭ་ཆེན་མོ་ཞེས་འབོད། མགོན་པོ་གང་སློབ་གླིང་དེའི་མཚན་འཛིན་སློབ་སྤྱི་ཡང་གནང་མྱོང་། ཆབ་མདོ་༸པཎ་ཆེན་སློབ་གྲྭ། ཕྱི་ལོ་༡༩༨༥ལོར་བོད་ལྗོངས་སློབ་གྲྭ་ཆེན་མོ་དང་། ༡༩༨༦ལོར་མལ་གྲོ་གུང་དཀར་རྫོང་སློབ་གྲྭ་སོགས་བོད་ཁུལ་སློབ་གྲྭ་མང་པོ་འཛུགས་གཉེར་གནང་ཡོད། ༡༩༨༥ཡས་མས་སུ། བོད་ལྗོངས་ནང་བསྟན་སློབ་གྲྭ། ནག་ཆུ་ནང་བསྟན་སློབ་གྲྭ། ཟི་ཁྲོན་ནང་བསྟན་སློབ་གྲྭ། ཟི་ཁྲོན་བླ་རུང་ལྔ་རིག་ནང་བསྟན་སློབ་གྲྭ། མཚོ་སྔོན་ནང་བསྟན་སློབ་གྲྭ། ཀན་སུའུ་ནང་བསྟན་སློབ་གྲྭ་བཅས་གསར་འཛུགས་གནང་། ༡༩༨༨ལོར། བོད་ལྗོངས། མཚོ་སྔོན། སི་ཁྲོན ཀན་སུའུ། ཡུན་ནན། ནང་སོག །པེ་ཅིང་བཅས་ནས་༸པཎ་ཆེན་གྱི་དགོངས་པ་བཞིན། བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཁང་གསར་འཛུགས་གནང་ཡོད། གཞན་ཡང་དེབ་དེ་ཉིད་ལས། “ཕྱི་ལོ་༡༩༨༩ལོར། ལྷ་ས་སློབ་འབྲིང་། ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོ། གཞིས་རྩེ་སློབ་འབྲིང་། ལྷོ་ཁ་སློབ་འབྲིང་གཉིས་པ་བཅས་འབྲིང་རིམ་དང་མཐོ་འབྲིང་གི་རྩིས་དངོས་རྫས་གསུམ། སློབ་གཞི་ཡོངས་རྫོགས་བོད་ཡིག་གི་སྟེང་ནས་ཁྲིད་པའི་རྩ་དོན་ལག་བསྟར་གྱིས་སློབ་ཁྲིད་བྱས།’’ བོད་ཀྱི་ཤེས་རིག་བསྐྱར་དར་དང་ནང་བསྟན་ཡང་དར་གྱི་མེ་རོ་དགུང་དུ་མཆེད་བཞིན་པའི་དུས་སྐབས་དེར། བདག་སོགས་བསོད་ནམས་ཀྱིས་དམན་པའི་དབང་གིས། ༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག །འགྲོ་དོན་གྱི་དུས་ཆད་རྫོགས་ཏེ། འུ་ཅག་དང་གྱེས་ནས་ཐག་རིང་ཞིག་ཏུ་དགོངས་པ་གཞན་དོན་དུ་གཤེགས་སོང་། ཕྱིར་ལྡོག་མེད་པར་གཤེགས་སོང་། ང་ཚོ་ཕྱི་རབས་པ་ཚོས་དྲན་འཛིན་གྱི་ཡུལ་ངོས་ནས་བོར་མི་རུང་བའི་རླབས་ཆེན་གྱི་སྐྱེ་བོ་ཞིག་སྟེ། ལོ་རྒྱུས་ཀྱི་དཀྱོགས་མཚམས་ངེས་ཅན་ཞིག་ནས། ཚེ་སྲོག་གི་སྙིང་པོ་འབེན་ལ་བཞག་ནས། རང་མི་རིགས་ཀྱི་སྐད་ཡིག་རིག་གནས་ལ་དུང་བའི་སྐྱེ་བོ་སྟོབས་ཆེན་ཞིག་ཡོད་པ་དེ་སུ་རེད་ཅེས་དྲིས་ཚེ། ང་ཚོས་ཐེ་ཚོམ་མེད་པར་དེ་ནི་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་རེད་ཅེས་ཤོད་ངེས། ཞེས་མཐར་བོད་ཀྱི་སྐད་ཡིག་རིག་གནས་དང་འབྲེལ་བའི་༸པཎ་ཆེན་བླ་མ་གླེང་མཚམས་འདི་ནས་འཇོག་པར་བྱའོ། །

མཇུག་བྱང་།

དྲན་སྣང་དང་ཚོར་སྣང་ཙམ་གྱིས་མི་ཆོག་པར། བོད་ཀྱི་ཉེ་རབས་ལོ་རྒྱུས་དང་འབྲེལ་བའི་སྐྱེས་ཆེན། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ལ་རྒྱུས་ལོན་བྱེད་སྐབས། དེ་ནི་དཔེ་ཀློག་གང་མང་གི་ཁྲོད་ནས་དབྱེ་ཞིབ་དང་དཔྱད་བསྡུར་བྱས་ཏེ་འཆད་དགོས་པ་ལས། གང་བྱུང་ཆེ་ལོང་ཙམ་བརྗོད་པས་མི་ཆོག་མོད། འོན་ཀྱང་། འདི་ནས་ཁོ་བོས་སྐྱེ་བོ་ཁོང་གི་སྙིང་སྟོབས་དང་ལ་རྒྱ་ལ་རྗེས་སུ་དྲན་པ་ཙམ་དང་། ཁོང་གི་བཀའ་དྲིན་མ་བརྗེད་པའིི་མཚོན་དོན་ཙམ་གྱི་ཕྱིར། རྩོམ་ཐུང་འདི་བྲིས་པས། ཆ་མ་ཚང་བ་དང་ནོར་འཁྲུལ་གྱི་རིགས་གང་མང་མཆིས་པས། དེ་དོན་ཀློག་པ་པོ་རྣམས་ཀྱི་དགོངས་དྭངས་ལམ་སྟོན་ཡོད་པར་ཞུའོ། །

 

[1]          འཇམ་དཔལ་རྒྱ་མཚོ་<<སློབ་དཔོན་པཎ་ཆེན་རིན་པོ་ཆེ།>>༡༩༩༧།༠༣།༢༩ བདེ་སྲུང་བོད་གནས་ཉམས་ཞིབ་ཁང་། ཤོག་གྲངས། ༡༣

[2]          བུ་རྫོང་ལྷ་མོ་ཚེང་རིང་དབང་ཕྱུག <<མྱོང་བའི་གཏམ་གྱི་བདུད་རྩི་བློ་གསར་མེ་ལོང་།>>༢༠༡༡ལོར། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། ཤོག་གྲངས། ༡༡༦ནང་དུ་གསལ།

[3]          འཇམ་དཔལ་རྒྱལ་མཚོ། <<སློབ་དཔོན་པཎ་ཆེན་རིན་པོ།>>༡༩༩༧༣༢༣ བདེ་སྲུང་བོད་གནས་ཉམས་ཞིབ་ཁང་ནས། ཤོག་གྲངས། ༡༣༥ནང་དུ་གསལ།

[4]          གཙང་ཕྲུག་སྟོབས་ལགས། <<པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག>>༢༠༡༢ VeeEnn Print-O-Pacཁང་། ཤོག་གྲངས། ༣༢༩

[5]          གཙང་ཕྲུག་སྟོབས་ལགས། <<པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག>>༢༠༡༢ VeeEnn Print-O-Pacཁང་། ཤོག་གྲངས། ༣༣༠

[6]          གཙང་ཕྲུག་སྟོབས་ལགས། <<པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག>>༢༠༡༢ VeeEnn Print-O-Pacཁང་། ཤོག་གྲངས། ༢༣༠

[7]          གཙང་ཕྲུག་སྟོབས་ལགས། <<པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག>>༢༠༡༢ VeeEnn Print-O-Pacཁང་། ཤོག་གྲངས། ༢༢༩ནས་༢༣༠

[8]          ཆེད་རྩོམ་གཅེས་བསྡུས། <<པཎ་ཆེན་ཨེར་ཏེ་ནི་གླེང་བ།>>༡༩༨༩-༢༠༠༩ པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས། ཤོག་གྲངས། ༡༣༤ནང་།

[9]          འཇམ་དཔལ་རྒྱལ་མཚོ། <<སློབ་དཔོན་པཎ་ཆེན་རིན་པོ།>>༡༩༩༧ བོད་གཞུང་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་། ཤོག་གྲངས། ༢༢༨

[10]         གཙང་ཕྲུག་སྟོབས་ལགས། <<པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག>>༢༠༡༢ VeeEnn Print-O-Pacཁང་། ཤོག་གྲངས། ༢༣༡

[11]         གཙང་ཕྲུག་སྟོབས་ལགས། <<པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག>>༢༠༡༢ VeeEnn Print-O-Pacཁང་། ཤོག་གྲངས། ༢༢༨

[12]གཙང་ཕྲུག་སྟོབས་ལགས། <<པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག>>༢༠༡༢ VeeEnn Print-O-Pacཁང་། ཤོག་གྲངས། ༢༣༠

ཤོག་ངོས་འདི་ཐེངས་ 96 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

 གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།

རྩོམ་ཡིག་གསར་ཤོས།

ཡ་བཏགས་ལ་དཔྱད་པ་མེས་པོའི་ཞལ་ལུ…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 99

ནགས་ཤོད་སྐལ་རྒྱན། བསླབ་ལ་བརྩོན་པའི་གང་ཟག་གིས། ། དང་པོ་ང་རོ་རྣམས་ལ་སྦྱངས། ། སྔོན་འཇུག་མི... བཀླགས་འཕྲོ...

མཛོད་ལུགས་འདུས་མ་བྱས་ཀྱི་གྲངས་…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 87

ནགས་ཀྱི་ཤིང་ལོ། བརྩེ་ཆེན་ཐུགས་རྗེའི་ཐབས་ཀྱིས་འགྲོ་རྣམས་ཞི་བར་བགྲོད་པའི་ལམ་བསྟན་ནས། ། དྲི... བཀླགས་འཕྲོ...

བོད་ཀྱི་སྐད་ཡིག་དང་འབྲེལ་པའི་༸…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 97

ནག་པོ་བཀྲ་ཤིས། [ནང་དོན་གནད་བསྡུས།] དཔྱད་རྩོམ་འདི་ཉིད་ཀྱི་བརྗོད་དོན་གཙོ་བོ་ནི་དུས་རབས་ཉི་ཤ... བཀླགས་འཕྲོ...

མཆན་མང་ཤོས།