Fri 21 Dec 2012

ཐོན་མིའི་དགོངས་བཅུད།

ཚད་གཞི།:
(0 འོས་བླུགས།)

ནགས་ཤོད་སྐལ་རྒྱན།

བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།  དེ་ཡང་གངས་ཅན་པའི་ལོ་ཆེན་ཐོན་མི་སམ་བྷོ་ཊ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་གསུང་ལས། གང་ལ་ཡོན་ཏན་མཆོག་མངའ་བའི། །

དཀོན་མཆོག་དེ་ལ་ཕྱག་འཚལ་ལོ།།གང་གིས་སྒྲ་དབྱངས་གསུངས་པ་ཡི།། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།གང་གིས་མིང་གཞི་སྔོན་གསུང་པའི།།

རྟག་བཞི་བ་ལ་ཕྱག་འཚལ་ལོ།།ཞེས་པའི་མཆོད་བརྗོད་ཀྱི་སྐབས་འདིར་གང་ཅན་པའི་འགྲེལ་མཛད་དག་གི་གསུང་རྟ་མོག་གི་སྤུ་ལྟར་ཡིད་རྟོན་ཕེར་དཀའ་བའི་བཤད་ཡམ་མང་ནའང་མཁས་མཆོག་པྲ་སི་གཉིས་ཞེས་ཀུན་གྱིས་གཙུག་ཏུ་བཀུར་ནས་འགྲེལ་བཤད་གཉིས་ཀྱི་འཕྲིན་ལས་ཕྱོགས་སུ་དར་བ་སྐད་བྱེད་ཀྱང་མཆོད་བརྗོད་ཀྱི་སྐབས་འདིར་རྣམ་པ་གཅིག་ཏུ་དཔྱོད་ལྡན་ཡིད་དབང་འགུགས་པའི་རྣམ་པ་མ་མཐོང་སྟེ། ཚིག་འགྲོས་སྔ་ཕྱིའི་འགྲེལ་རྒྱག་སྟངས་བཙན་གྱིས་འགྲེལ་བ་དང་ཡིད་རྟོན་དཀའ་བའི་ཕྱི་རོལ་པའི་རིག་བྱེད་ཀྱི་གཏམ་རྒྱུད་ཚད་མར་བཟུང་ནས་ཞེ་འདོད་བསྒྲུབས་པ་སོགས་དཔྱད་མི་བཟོད་པ་ལྟ་བུར་སྣང་ནའང་གངས་ཅན་པའི་འགྲེལ་མཛད་རྣམས་གཞུང་དོན་ལ་རྨོངས་འཐམས་ཨ་མཐས་ཙམ་ལས་ངེས་ཤེས་འདྲེན་པའི་ཤེས་བྱེད་ཅི་ཡང་མེད་པར་གཅིག་རྗེས་གཉིས་མཐུད་ཀྱིས་འགྲེལ་བཤད་ཤ་མོ་རྡོལ་བ་ལྟར་སྤེལ་བ་ནི་ལོ་ཆེན་ཐོན་མི་ལ་ཅོ་འདྲི་བ་དང་གཉིས་སུ་མ་མཆིས།

ལོ་ཆེན་གྱི་དགོངས་པ་དངོས་ལ་རེག་ན་མཆོད་བརྗོད་ཀྱི་གཞུང་འདིས་ལོ་རྒྱུས་ལ་ཚད་འཛིན་ཡང་དག་བྱས་པ་མ་ཟད་གངས་ཅན་པའི་ཡི་གེའི་འབྱུང་ཁུངས་ཀྱང་གསལ་སྟོན་བྱས་འདུག་སྙམ། གང་ལ་ཡོན་ཏན་མཆོག་མངའ་བའི། །དཀོན་མཆོག་དེ་ལ་ཕྱག་འཚལ་ལོ། །ཞེས་པའི་ཚིག་རྐང་གཉིས་ཀྱི་གང་ཞེས་པ་སྤྱི་སྒྲ་ཡིན་ཀྱང་བྱེ་བྲག་ལ་འཇུག་པའི་སྒོ་ནས་ཡོན་ཏན་མཆོག་ཏུ་མངའ་བའི་རྟེན་ཞིག་ངོས་བཟུང་ནས་མཐར་ཐུག་གི་ཡོན་ཏན་མངའ་བའི་དཀོན་མཆོག་དེ་ཞེས་དཀོན་མཆོག་ཅེས་པའི་མིང་གི་རྣམ་གྲངས་ལས་ཡོན་ཏན་མཆོག་ཏུ་མངའ་བའི་དཀོན་མཆོག་ལ་ཕྱག་འཚལ་བས། ཕྱག་ཡུལ་དཀོན་མཆོག་དེ་ཕྱི་རོལ་པས་འདོད་པའི་དཀོན་མཆོག་ལས་ཡོན་ཏན་མཆོག་ཏུ་མངའ་བའི་ཁྱད་པར་འབྱེད་པའི་སྒོ་ནས་རང་རེ་ནང་པ་སངས་རྒྱས་པའི་དཀོན་མཆོག་གསུམ་གྱི་ནང་ཚན་སངས་རྒྱས་དཀོན་མཆོག་སྟེ་སྟོན་པ་བཅོམ་ལྡན་འདས་ལ་མཐར་ཐུག་གི་ཡོན་ཏན་གྱི་སྒོ་ནས་སྐུ་ལ་བསྟོད་པའི་ཕྱིར། ཕྱི་ནང་ཐུན་མོང་གི་དཀོན་མཆོག་སོགས་ལ་འཆད་པ་ནི་ཐོན་མིའི་དགོངས་པ་མ་སོང་བ་དང་ནོར་བ་འབའ་ཞིག་ཡིན་པར་ཤེས་པར་འགྱུར་རོ། །

གང་གིས་སྒྲ་དབྱངས་གསུངས་པ་ཡི། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པའི་རྐང་པ་གཉིས་ཀྱིས་འཇམ་དཔལ་དབྱངས་ལ་མཆོད་བརྗོད་མཛད་པ་འགྲེལ་མཛད་ཀུན་གྱིས་མགྲིན་གཅིག་ཏུ་སྨྲ་བར་བྱེད་མོད་འོན་ཀྱང་འབྲུ་འགྲེལ་སྐབས་རྗེ་བཙུན་འཇམ་དབྱངས་ལ་འགྲེལ་སྐབས་འཇམ་པའི་དབྱངས་དང་དབྱངས་དེས་ཁྱད་པར་བྱས་ནས་ཁྱད་པར་དེ་དང་ལྡན་པས་ན་འཇམ་པའི་དབྱངས་ཞེས་འགྲེལ་བ་ནི་སྣ་འཐེན་ནས་ཁར་བཅུག་པ་དང་གཉིས་སུ་མ་མཆིས། གཞུང་དོན་དངོས་ནི་གང་གིས་སྒྲ་དབྱངས་གསུངས་པ་ཡི། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པས་གང་སྒྲ་བྱེ་བྲག་སྟོན་པ་ལ་འཇུག་པ་དང་སྟོན་པ་དེས་སྒྲ་ཡི་དབྱངས་ཏེ་གསུང་ཚངས་པའི་དབྱངས་ཤིག་གསུངས་པ་དང་གསུང་པའི་ངག་དེ་ཉེས་པའི་རྩུབ་རེག་དང་བྲལ་བའི་གསུང་ཡིན་པས་འཇམ་པ་དང༌། འཇམ་པ་དེས་ཁྱད་པར་དུ་བྱས་པའི་ཚངས་དབྱངས་ཡིན་པས་ན་འཇམ་པའི་དབྱངས་ཏེ་གསུང་དེ་ལ་ཕྱག་འཚལ་ལོ་ཞེས་ཁོ་བོས་འགྲེལ་ཏེ་བླ་མའི་གསུང་ནི་ཚངས་པའི་དབྱངས། །འགག་མེད་སེངྒེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་སྐྲག་མཛད་པའི། །བླ་མའི་གསུང་ལ་ཕྱག་འཚལ་ལོ། །ཞེས་པ་དང་ཕྱོགས་མཚུངས་སོ།།
འགྲེལ་བྱེད་དག་གིས་སྒྲ་དབྱངས་ཞེས་པའི་སྐབས་འདིར་འཇམ་པའི་དབྱངས་ཀྱིས་ང་རོས་དྲངས་ཞེས་སྒྲ་དབྱངས་དབྱངས་ཡིག་ལ་འཆད་མོད། མ་འབྲེལ་བ་ཁོ་ན་མ་ཟད་སྤྱིར་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ལས། རྗེ་བཙུན་འཇམ་དབྱངས་ཀྱི་མཚན་ལ་འཇམ་དཔལ་དབྱངས་ཞེས་ཤ་སྟག་འབྱུང་བས་ལེགས་པར་བསམ་ན་འབྲུ་དོན་སྒྲ་ཡིས་གོ་དགོས་པས་གཡས་འཐེན་གཡོན་འཐེན་གྱིས་འཇམ་དབྱངས་ཕྱག་གི་ཡུལ་ཡིན་པར་སྨྲ་བ་ནི་ཐོན་མིའི་དགོངས་པ་ལས་ཕྱི་རོལ་དུ་གྱུར་པའི་རང་གི་ཞེ་འདོད་ཙམ་དུ་ཟད་དོ། །དེས་ན་གང་གིས་སྒྲ་དབྱངས་གསུང་པ་པོ་སངས་རྒྱས་དང་གང་གི་སྒོ་ནས་གསུངས་ན་ཚངས་དབྱངས་ཀྱི་སྒོ་ནས་དང༌། ཚངས་དབྱངས་ཞེས་པ་ནི་མཚན་བཟང་ཞིག་ཡིན་མོད་ལྷ་ཚངས་པའི་དབྱངས་སམ་རྟ་སྙན་མོ་ཞིག་གི་སྒོ་ནས་ཡིན་ནམ་སྙམ་མོ། །གང་གིས་མིང་གཞི་སྔོན་གསུངས་པའི། །རྟག་ཞི་བ་ལ་ཕྱག་འཚལ་ལོ། །ཞེས་པའི་གང་སྒྲ་བྱེ་བྲག་སྟོན་པ་ལ་འཇུག་པ་དང་སྟོན་པ་དེས་མིང་གཞི་སྔོན་གསུངས་པ་ཞེས་པའི་མིང་གཞི་ནི་ཡི་གེ་ཡིན་ལ་དེ་ཡང་ཚངས་པའི་ཡི་གེའམ་ཡི་གེ་ཁྱད་པར་བ་བྱང་ཆུབ་སེམས་དཔའ་དང་འཁོར་ལོས་བསྒྱུར་བ་གཉིས་འཇིག་རྟེན་ན་བྱུང་ནས་མངོན་པར་འགྱུར་བའི་ཡི་གེ་སྟེ་བྱང་ཆུབ་སེམས་དཔའ་ཉིད་ཀྱིས་བྲིས་ཏེ་སྲིན་བུ་གོ་ཆ་ལ་བྱིན་ནས་གསུངས་པའི་ཡི་གེ་དེའོ་དེའི་གོང་དུ་འཇིག་རྟེན་ན་སྲིན་བུ་གོ་ཆ་སོགས་ཡིག་མཁན་གང་གིས་བཀླགས་མ་མྱོང་བས་ན་སྔོན་ཏེ་ཐོག་མར་བྱང་ཆུབ་སེམས་དཔས་ཡི་གེ་དེ་ཚངས་པའི་དབྱངས་ཀྱིས་བཀླགས་པས་ན་གསུངས་པའོ། །

དེ་ལྟར་ཡང་མངོན་པར་འབྱུང་བའི་མདོ་ལས་དེ་ནས་བྱང་ཆུབ་སེམས་དཔའ་ཤཱཀྱ་ཐུབ་པ་འཁོར་ལྔ་བརྒྱ་དང༌། ཡི་གེའི་སློབ་དཔོན་སྲིན་བུ་གོ་ཆ་ལ་ཡི་གེ་སློབ་པར་བཏང་ནས་ཡི་གེའི་སློབ་དཔོན་སྲིན་བུ་གོ་ཆས་བྱང་ཆུབ་སེམས་དཔའ་ལ་ཡི་གེར་བྲིས་ནས་ཕོག་པ་དང༌། བྱང་ཆུབ་སེམས་དཔས་སྨྲས་པ། འདི་ནི་ངས་ཤེས་སོ། །དེ་ནས་དེས་ཡི་གེ་གཉིས་དང༌། གསུམ་ནས་དེ་བཞིན་དུ་ལྔ་བརྒྱའི་བར་བྲིས་ནས་ཕོག་པ་དང༌། བྱང་ཆུབ་སེམས་དཔས་སྨྲས་པ། འདི་དག་ཐམས་ཅད་ངས་ཤེས་ཀྱི་གཞན་དག་སྨྲོས་ཤིག །སྲིན་བུ་གོ་ཆས་སྨྲས་པ། འཇིག་རྟེན་ན་ནི་ཡི་གེ་འདི་ཙམ་སྤྱོད་ཀྱི་གཞན་ནི་བདག་གིས་མ་འཚལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཉིད་ཀྱིས་ཡི་གེ་བྲིས་ཏེ་སྲིན་བུ་གོ་ཆ་ལ་བྱིན་ནས་གསུངས་པ། ཡི་གེ་འདི་མིང་ཅི་ཡིན་སྨྲོས་ཤིག །དེས་སྨྲས་པ་མ་འཚལ་ཏོ། །བྱང་ཆུབ་སེམས་དཔས་གསུངས་པ། འཇིག་རྟེན་དུ་གཉིས་ཤིག་བྱུང་ནས་མངོན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དང༌། འཁོར་ལོས་བསྒྱུར་བའོ། །ནམ་མཁའི་ངོས་ལ་གནས་པའི་ཚངས་པས་སྨྲས་པ། སྲིན་བུ་གོ་ཆ། བྱང་ཆུབ་སེམས་དཔས་ཇི་སྐད་གསུངས་པ་དེ་དེ་བཞིན་ཏེ། ཡི་གེ་འདི་ནི་འཇིག་རྟེན་དུ་གཉིས་ཤིག་བྱུང་ན་མངོན་པར་འགྱུར་ཏེ་བྱང་ཆུབ་སེམས་དཔའ་འམ་འཁོར་ལོས་བསྒྱུར་བའི་རྒྱལ་པོའོ། །

བྱང་ཆུབ་སེམས་དཔས་ཡི་གེ་དེ་ཚངས་པའི་དབྱངས་ཀྱིས་བཀླགས་ལ། ནམ་མཁའི་ངོས་ལ་གནས་པའི་ཚངས་པས་དབང་བྱས་པས་ཚངས་པའི་ཡི་གེ་ཞེས་བྱ་བ་གྱུར་ཏོ་ཞེས་གསུངས་པས་ཚངས་པ་ཡི་གེའི་བྱེད་པོ་བཤད་པའི་རྒྱུ་མཚན་ཡང་འདི་ཁོ་ན་ཡིན་པར་འཁུམ། སྟོན་པའི་རྗེས་འབྲང་ནང་པ་ཚོས་ཡི་གེ་འདི་ལ་རིན་ཐང་དང་གུས་བཀུར་ཆེན་པོ་བྱ་ངེས་ཏེ་སྟོན་པ་བཀའ་དྲིན་ཅན་དེས་ཡིག་སྲོལ་བཏོད་པ་མངོན་པར་འབྱུང་བའི་མདོ་ལས་གསལ་བས་སོ། །སློབ་དཔོན་ཐོན་མིས། རྒྱ་ཡིག་ལྔ་བཅུ་ཐམ་པ་དེ། །བོད་ཡིག་སུམ་ཅུར་གཏན་ལ་ཕབ། །ཅེས་པའི་རྒྱ་ཡིག་དེའི་ཁུངས་ཤིག་འཚོལ་སྐབས་མངོན་པར་འབྱུང་བའི་མདོ་ལས་གསལ་བའྀ་ལོ་རྒྱུས་དང་འབྲེལ་བ་དམ་ཟབ་མེད་དམ་སྙམ་ཡང་བློ་དང་ལྡན་པ་དག་གིས་དཔྱད་པར་འཚལ།
དུས་རབས་བདུན་པའི་ནང་སློབ་དཔོན་ཐོན་མི་རྒྱ་གར་ལ་ཕེབས་སྐབས་ནཱ་ལེནྡྲ་ལ་ཕེབས་ཡོད་པར་ཡིག་བཤད་མཁས་པའི་ཁ་རྒྱན་ལས་བཤད། དེ་ལྟར་ན་སྐབས་དེར་ནཱ་ལེནྡྲར་ནང་པའི་མཁས་པ་དུ་མ་ཡོད་པ་ལོ་རྒྱུས་ལས་ཤེས་ཐུབ། ཐོན་མིས་ཀྱང་ནཱ་ལེནྡྲའི་མཁས་པའི་གསུང་ལ་ཡིད་ཆེས་དང་རིན་ཐང་ཆེས་ཆེར་བྱ་རྒྱུ་ནི་ལྡོག་མེད་ཀྱི་གཤིས་སུ་གྲུབ་ཡོད། ཕྱི་རོལ་པའི་སློབ་དཔོན་འཚོལ་དགོས་པའི་རྒྱུ་མཚན་ཅུང་ཟད་མེད་བཞིན་དུ་བོད་དག་གིས་ཨུ་ཚུགས་ཆེན་པོས་ཐོན་མིའི་སློབ་དཔོན་ཕྱི་རོལ་པ་སྒྲུབ་བཞིན་ཡོད། ཐོན་མིས་རྟག་ཞི་བ་ལ་ཕྱག་མཛད་པས་རྟག་ཞི་བ་ཚངས་པ་དང་ཁྱབ་འཇུག་སོགས་ལ་འགྲེལ་སྐབས་སློབ་དཔོན་ནང་པ་ཡིན་པའི་ཞེ་འདོད་དེས་བྲམ་ཟེ་ལིགས་བྱིན་ཧ་ར་ ངོ་སྲུང་ཕྱིར་སློབ་དཔོན་ཐོན་མིས་ཚངས་པ་དང་དབང་ཕྱུག་སོགས་ལ་ཕྱག་བྱས་པར་བཤད་པ་ནི་དགོད་བྲོ་བའི་གཏམ་རྒྱུད་ཡ་མ་ཟུང་ཞིག་དུས་རབས་ཉེར་གཅིག་བར་འགྲེལ་བ་དང་འགྲེལ་བཤད་དག་གི་དགོངས་པ་བླ་ན་མེད་པ་ཆགས་པ་རེད། ལྷ་རིགས་པའི་སེངྒེ་དང་བྲམ་ཟེ་ལིགས་བྱིན་ཧ་ར་གཉིས་གང་ཟག་གཅིག་ཏུ་འདོད་པ་སོགས་ཡོད་མོད་ཁོང་གི་གསུང་མགུར་ལས་སྒྲ་ཚད་གཉིས་ཞེས་ཡང་ཡང་གསུང་སྟངས་ལ་དཔག་ན་གཅིག་སྒྲ་རིགས་པའི་སློབ་དཔོན་དང་གཅིག་ཚད་མའི་སློབ་དཔོན་ཡིན་ནམ་སྙམ་སྟེ་བྲམ་ཟེ་ལིགས་བྱིན་ཧ་ར་ཡིག་མཁན་དང༌། ལྷ་རིགས་པའི་སེངྒེ་ཚད་མའི་སློབ་དཔོན་དུ་མཚན་ཟུར་ལས་གསལ་ཁ་ཅུང་ཟད་བྱས་འདུག་སྙམ། དེས་ན་རྟག་ཞི་བ་ལ་ཕྱག་འཚལ་ལོ་ཞེས་པ་ནི་རྟག་ཏུ་ཞི་བ་སྟེ་སྤྲོས་པ་མཐའ་དག་དུས་རྟག་ཏུ་ཉེ་བར་ཞི་བས་ན་རྟག་ཞི་བ་སྟེ་མཉམ་པར་མ་བཞག་པ་མི་མངའ་བའི་ཐུགས་ཡེ་ཤེས་ཆོས་སྐུས་བདག་རྐྱེན་བྱས་ནས་མིང་གཞི་སྔོན་གསུངས་པས། ཐུགས་ཀྱི་ཡོན་ཏན་བརྗོད་པའི་སྒོ་ནས་རྟག་ཞི་བ་ལ་ཕྱག་འཚལ་བས་མིང་གཞི་གསུང་མཁན་ཕྱི་རོལ་པའི་སྔོན་གྱི་ཡིག་མཁན་རྣམས་ཀྱིས་མིང་གཞི་ཇི་སྙེད་གཅིག་གསུང་ཡོད་པ་དེ་ལས་ཁྱད་པར་འབྱེད་པའི་སྒོ་ནས་སངས་རྒྱས་ཀྱི་ཐུགས་ཀྱི་ཡོན་ཏན་བརྗོད་པའི་སྒོ་ནས་ཐུགས་ལ་བསྟོད་པའོ། །

རྟག་ཞི་བ་ཕྱི་རོལ་པའི་ལྷ་མ་ཡིན་ནམ་སངས་རྒྱས་ཀྱི་ཐུགས་ཀྱི་ཡོན་ཏན་བརྗོད་ཚུལ་ལ་སྒྲ་དོན་འགྲེལ་བ་ཙམ་ལས་ཤེས་བྱེད་དུ་ཇི་ལྟར་འགྲོ་སྙམ་ན་སྐྱོན་མེད་དེ། རྟག་ཞི་བ་ཞེས་པ་ཕྱི་རོལ་པའི་ལྷ་ཞིག་ཡོད་དུ་ཆུག་ཀྱང་དེ་ཁོ་ནས་ཁྱབ་པ་མ་ངེས་ཏེ་རྒྱུད་རྟག་གཉིས་ལས། རྟག་ཏུ་་དགེ་ལ་ཞི་བ་ཉིད། །ཅེས་གསུངས་པས་སངས་རྒྱས་ལ་གོ་བ་ཞ་ལུ་ལོ་ཆེན་པས་བཞེད་པ་ལྟར་རོ། ། མདོར་ན་གོང་དུ་བྲིས་པ་དག་གིས་ཅི་ཞིག་བཤད་སྙིང་འདོད་ཅེ་ན་ལོ་ཆེན་གྱི་མཆོད་བརྗོད་སྐབས་འདིར་འཇམ་དབྱངས་དང་ཕྱི་རོལ་པའི་ལྷ་རྟག་ཞི་བ་མཆོད་བརྗོད་ཡུལ་དུ་བཞག་པར་འདོད་པ་ནི་མ་འབྲེལ་བ་ཁོ་ན་མ་ཟད་ངེས་ཤེས་འདྲེན་པའི་ཤེས་བྱེད་ཅི་ཡང་མེད་དང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསུམ་རིམ་པ་བཞིན་མཆོད་ཡུལ་དུ་འདོད་པ་ནི་མངོན་པར་འབྱུང་བའི་མདོ་ཡི་ཤེས་བྱེད་རྣམ་དག་ཡོད་པ་དེའི་ཕྱིར། སྐུ་མཆོག་ཏུ་གྱུར་པ། གསུང་འཇམ་པ། ཐུགས་ཞི་བའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་འདི་མངོན་པར་འབྱུང་བའི་མདོ་ཡི་དགོངས་པ་གཞིར་མཛད་པའི་ཐོན་མིའི་དགོངས་པ་སྨྲ་མེད་པའོ་ཞེས་ཁོ་བོས་སྨྲ་བར་བྱེད་དོ།

སྒྲ་རིགས་ལེགས་བཤད་རྒྱུད་མངས་གྲོགས་སུ་བཀུག ། །
སྡེབ་ལེགས་རྩོམ་པའི་མགྲིན་ལམ་ཡངས་པོར་ཕྱེས།།
ལོ་ཆེན་ཐོན་མིའི་དགོངས་པ་གླུ་རུ་བླངས། །
དོགས་སློང་རིགས་ཚུལ་ཟློས་གར་འདི་ལྟར་སྒྱུར། །

སྔོན་བྱོན་སྟོན་ཆེན་གསུང་ལས་མ་བརྒལ་ཞིང༌། །
ཚུལ་གསུམ་རིགས་པའི་སྲང་ལས་མི་འདའ་བ། །
ཞིབ་མོའི་བློ་ཡིས་བཏབ་པའི་ཚངས་ཐིག་འདིས། །
བརྡ་སྤྲོད་གཞུང་བཟང་རིང་དུ་སྲོང་པར་སྨོན། །

ཤོག་ངོས་འདི་ཐེངས་ 288 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

 གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།

རྩོམ་ཡིག་གསར་ཤོས།

ཡ་བཏགས་ལ་དཔྱད་པ་མེས་པོའི་ཞལ་ལུ…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 99

ནགས་ཤོད་སྐལ་རྒྱན། བསླབ་ལ་བརྩོན་པའི་གང་ཟག་གིས། ། དང་པོ་ང་རོ་རྣམས་ལ་སྦྱངས། ། སྔོན་འཇུག་མི... བཀླགས་འཕྲོ...

མཛོད་ལུགས་འདུས་མ་བྱས་ཀྱི་གྲངས་…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 87

ནགས་ཀྱི་ཤིང་ལོ། བརྩེ་ཆེན་ཐུགས་རྗེའི་ཐབས་ཀྱིས་འགྲོ་རྣམས་ཞི་བར་བགྲོད་པའི་ལམ་བསྟན་ནས། ། དྲི... བཀླགས་འཕྲོ...

བོད་ཀྱི་སྐད་ཡིག་དང་འབྲེལ་པའི་༸…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 97

ནག་པོ་བཀྲ་ཤིས། [ནང་དོན་གནད་བསྡུས།] དཔྱད་རྩོམ་འདི་ཉིད་ཀྱི་བརྗོད་དོན་གཙོ་བོ་ནི་དུས་རབས་ཉི་ཤ... བཀླགས་འཕྲོ...

མཆན་མང་ཤོས།