Tue 25 Jul 2017

མ་ཡུམ་དུས་ཆེན་ཉིན་ཨ་མར་ཕུལ་བའི་འཕྲིན་པ་ཚིག་བཞི།

ཚད་གཞི།:
(0 འོས་བླུགས།)

ནགས་ཀྱི་ཤིང་ལོ་ནས།

དྲན་སེམས་རླུང་གིས་ཁྱེར་བའི་ས་སྲོད་འདིར།།
མིག་ཟུང་རྒྱང་དུ་འཕངས་པའི་གནམ་སའི་བར།།
བྱམས་བརྩེའི་འཛུམ་གྱིས་འཁྱུད་པའི་ཞལ་རས་ཞིག །
ཡང་ཡང་སྣང་བའི་ལམ་དུ་འཁོར་བཞིན་གདའ།།

དྲན་གདུང་སེམས་ན་ལྕི་བའི་འཁྱམ་པོ་ཞིག །
ཉན་བྱེད་རྒྱང་དུ་གཏད་པའི་བུ་ག་ནས།།
ཁྱེད་ཉིད་བདེ་ཐང་ཡིན་པའི་གཏམ་བཟང་ཞིག །
ཡང་ཡང་ཐོས་ན་འདོད་པའི་རེ་བ་ཆེ།།

ཉིན་མོ་དྲན་པའི་ངོས་ཀྱི་རི་མོ་ཞིག །
མཚན་མོ་གཉིད་ལམ་བསུ་བའི་ཕོ་ཉ་ཞིག །
ཉིན་མཚན་བར་མེད་སེམས་ཀྱི་རྟེན་ས་ཞིག །
བྱམས་ལྡན་ཨ་མ་སྐུ་གཟུགས་ཨེ་བདེ་ལགས།།

ཨ་མར་དྲིས་པའི་སྐད་ཆ་དང་པོ་ཡིན།།

ཟིན་མེད་ལོ་དང་ཟླ་བའི་ཁུགས་པ་ནས།།
གནག་སྣུམ་དབུ་སྐྲའི་ཁ་དོག་ཅི་ཙམ་དཀར།།
དུས་བཞི་མི་སྡོད་འགྱུར་བའི་བར་འཚམས་ནས།
ཞལ་གྱི་དཀྱིལ་འཁོར་གཉེར་མ་ག་ཚོད་དོད།།

ཨ་མར་དྲིས་པའི་སྐད་ཆ་གཉིས་པ་ཡིན།།

བུ་རུལ་ཕྱི་རུ་འགོར་ཡུན་རིང་བ་དེས།།
བྱམས་ལྡན་མ་ལོ་གདུང་བ་ཨེ་ཆེ་ལགས།།
ཕར་ཚུར་འཕྲིན་གྱི་རྒྱུན་ལམ་འཕྲོགས་པ་དེས།།
འཁྱམ་པོའི་གནས་ཚུལ་ཐོས་འདོད་ཨེ་ཆེ་ལགས།།

ཨ་མར་དྲིས་པའི་སྐད་ཆ་གསུམ་པ་ཡིན།།

ཕ་ཟས་ཤ་མར་ཐུད་དང་བྲལ་ན་ཡང་།།
དཔུང་པའི་ཤ་རྒོད་སྔར་བཞིན་མཁྲེགས་པོ་ཡོད།།
ལྷོ་མཐའི་ཚ་བ་མེ་བཞིན་འབར་ན་ཡང་།།
ལུས་ཀྱི་གཟུང་ཁྲག་མ་སྐམ་འཁོར་རྒྱུགས་ཡོད།།

ཨ་མར་ཕུལ་བའི་འཕྲིན་པ་དང་པོ་ཡིན།།

ཕ་ཡུལ་གངས་ལྗོངས་ལས་ཀྱིས་བྲལ་ན་ཡང་།།
ཕ་སྐད་དབྱངས་གསལ་ངག་གི་རྒྱན་དུ་ཡོད།།
མ་ཁྱེད་དྲན་པའི་སེམས་ཚོར་རྣོན་པོ་ཞིག །
མ་གཏོགས་སེམས་ན་སྡུག་གི་ཚོར་བ་མེད།།

ཨ་མར་ཕུལ་བའི་འཕྲིན་པ་གཉིས་པ་ཡིན།།

དཀར་དམར་གཞུང་ལུགས་འབུམ་གྱི་ལྡུམ་ར་ན།།
དམར་སེར་བུང་བ་འབུམ་གྱི་ཚོགས་དང་ལྷན།།
ཐོས་བརྩོན་གཤོག་ཟུང་ནམ་ཡང་མི་ལྷོད་པར།།
གཞུང་དོན་ཟེའུ་འབྲུའི་མངར་ལ་རོལ་བཞིན་འདི།།

ཨ་མར་ཕུལ་བའི་འཕྲིན་པ་གསུམ་པ་ཡིན།།

ཁྲིམས་ལྡན་འདུས་མང་སྟོང་དང་སྟོང་གི་སར།།
ལས་ཀྱི་སྣེ་མོར་ཅི་ཐུབ་བཀུར་བ་དང་།།
ངུར་སྨྲིག་མདངས་ཀྱིས་མཛེས་པའི་སློབ་གླིང་ན།།
གྲོགས་དང་གྲོགས་ཀྱི་མཐུན་ལམ་སེམས་ན་ཉར།།

ཨ་མར་ཕུལ་བའི་འཕྲིན་པ་བཞི་པ་ཡིན།།

གྱེས་བྲལ་ལོ་ཟླ་ཅི་ཙམ་ཟད་ཀྱང་རུང་།།
མཉམ་འཛོམས་རེ་བའི་འདུན་པ་ཆད་མྱོང་མེད།།
མ་འོངས་ལྷན་འཛོམས་སྐྱིད་ཀྱི་ཉི་མ་དེ།།
འཆར་དུ་ཉེ་བསམ་སེམས་འདི་དགའ་ཡང་དགའ།།
༢༠༡༧—༥—༡༤

ཤོག་ངོས་འདི་ཐེངས་ 964 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་ « ཟླ་བར་བཏགས་པའི་འབོད་སྒྲ་སྙི་མོ། ཀ་ཕྲེང་། »

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

 གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།

རྩོམ་ཡིག་གསར་ཤོས།

ཡ་བཏགས་ལ་དཔྱད་པ་མེས་པོའི་ཞལ་ལུ…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 99

ནགས་ཤོད་སྐལ་རྒྱན། བསླབ་ལ་བརྩོན་པའི་གང་ཟག་གིས། ། དང་པོ་ང་རོ་རྣམས་ལ་སྦྱངས། ། སྔོན་འཇུག་མི... བཀླགས་འཕྲོ...

མཛོད་ལུགས་འདུས་མ་བྱས་ཀྱི་གྲངས་…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 87

ནགས་ཀྱི་ཤིང་ལོ། བརྩེ་ཆེན་ཐུགས་རྗེའི་ཐབས་ཀྱིས་འགྲོ་རྣམས་ཞི་བར་བགྲོད་པའི་ལམ་བསྟན་ནས། ། དྲི... བཀླགས་འཕྲོ...

བོད་ཀྱི་སྐད་ཡིག་དང་འབྲེལ་པའི་༸…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 97

ནག་པོ་བཀྲ་ཤིས། [ནང་དོན་གནད་བསྡུས།] དཔྱད་རྩོམ་འདི་ཉིད་ཀྱི་བརྗོད་དོན་གཙོ་བོ་ནི་དུས་རབས་ཉི་ཤ... བཀླགས་འཕྲོ...

མཆན་མང་ཤོས།