Thu 16 Feb 2017

སྣང་བའི་གླུ།

ཚད་གཞི།:
(0 འོས་བླུགས།)

ནགས་ཤོད་སྐལ་རྒྱན།

ཡ་གི་གནམ་མདོག་མོག་པའི་སྤྲིན་གསེབ་ནས་འཕྲོས་པའི། །
མཚམས་སྤྲིན་དམར་སེར་སྒྱུར་བའི་ཟེར་ཕྲེང་དེ་ལྡོག་དུས། །
ས་སྲོད་སྨག་ཏུ་ལང་པའི་འུག་པ་ནི་མིན་ན། །
མལ་སར་གཉིད་དུ་ཡུར་བའི་སྟ་གོན་ལ་ཆས་ཤོག །

འཁྲུལ་སྣང་སྒྱུ་མར་ཤར་བའི་རྨི་ལམ་ཞིག་སྒོམ་པའི། །
སྣང་བ་མུན་པས་གཡོགས་པའི་མཚན་མོ་ལ་བབས་དུས། །
ཡིད་སེམས་རྣལ་དུ་མི་གནས་སྨྱོན་པ་ནི་མིན་ན། །
བདེ་ཆེན་གཉིད་ཀྱི་ཞིང་ཁམས་ཅི་དགར་དུ་རོལ་ཤོག །

ཐོ་རངས་སྐྱ་རེངས་གསར་པའི་འཛུམ་ཕྲེང་ལ་འཁྲིལ་བའི། །
གསེར་མདོག་རི་བོའི་གཙུག་ཏུ་འོད་ཆགས་དེ་འབར་དུས། །
བ་གླང་བརྟུལ་ཞུགས་འཆང་བའི་བླུན་པོ་ནི་མིན་ན། །
དང་བསིལ་ཡན་ལག་ལྔ་པའི་སྐུ་ཁྲུས་ལ་བཞེངས་ཤོག །

རི་ལུང་ཀུན་ཏུ་སྣང་བའི་ཕྲ་རགས་ཀྱི་རྡུལ་གཟུགས། །
རང་བཞིན་དབང་པོའི་ཡུལ་དུ་ཅི་དགར་དུ་འཆར་ཚེ། །
སྣང་བས་དབང་པོ་འགོག་པའི་འབྱུང་བྱ་ནི་མིན་ན། །
སྣ་ཚོགས་གཟི་འོད་འབར་བའི་ཤེས་རིག་ལ་ལྟོས་ཤོག །

མ་གི་ས་གཞི་སྐྱ་བའི་རྡུལ་དམར་དང་འདྲེས་པའི། །
ཐག་རིང་ས་མཐའི་བས་མཐར་ཀྲོང་ངེ་རུ་འགྱིངས་དུས། །
མྱ་ངམ་ཐང་དུ་ལྷག་པའི་འཇག་སྐྱ་ནི་མིན་ན། །
བདེ་སྡུག་སྐྱོ་གར་སྣང་བའི་ཤུགས་གླུ་ལ་རྩེན་ཤོག །

དྲི་བཞོན་རླུང་བུ་གསར་པའི་རྒྱུ་ཕྱོགས་སུ་འགྲོ་བའི། །
ནགས་ཀླུང་ཙན་དན་དཀར་དམར་དྲི་བསུང་དེ་འཁྱིལ་དུས། །
རྫི་ཕྱོགས་དབང་པོ་རྒོད་པའི་རི་དྭགས་ནི་མིན་ན། །
དྲི་ཞིམ་བདུག་སྤོས་གསར་པའི་མཆོད་སྤྲིན་ལ་སྣོམས་ཤོག །

གྱ་གྱུ་རི་ལུང་གཉེར་བའི་ལམ་འཕྲང་དེ་རྫོབ་ཀྱང་། །
ས་མཐའ་རྐང་གིས་འཇལ་བའི་མདུན་ལམ་ན་བསྐྱོད་དུས། །
ལྕགས་སྲེག་ས་གཞི་བསྟར་བའི་དམྱལ་བ་ནི་མིན་ན། །
ཀུན་བཟོད་སྒེག་མོར་རེག་པའི་འདེགས་འཇོགས་ལ་བྲེལ་ཤོག །

རི་ཀླུང་འཕྲང་རིང་བརྒལ་དཀའི་གཞན་ཡུལ་དུ་ལྷགས་པ། །
ལྟོ་སྐྱ་གོས་ཧྲུལ་དམན་པའི་བརྟུལ་ཞུགས་དེ་བླང་དུས། །
ལྟོགས་སྐོམ་རིད་པས་མནར་བའི་ཡི་དྭགས་ནི་མིན་ན། །
ལུས་ཟུངས་གསོ་བའི་ཡང་དག་འཚོ་བ་ལ་བསྟེན་ཤོག །

༢༠༡༦/༩/༢༡

ཤོག་ངོས་འདི་ཐེངས་ 351 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་ « ཆར་པར་སྡིགས་པ། མཆོད་བསྟོད་དྲི་ཟའི་གླུ་དབྱངས། »

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

 གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།

རྩོམ་ཡིག་གསར་ཤོས།

ཡ་བཏགས་ལ་དཔྱད་པ་མེས་པོའི་ཞལ་ལུ…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 99

ནགས་ཤོད་སྐལ་རྒྱན། བསླབ་ལ་བརྩོན་པའི་གང་ཟག་གིས། ། དང་པོ་ང་རོ་རྣམས་ལ་སྦྱངས། ། སྔོན་འཇུག་མི... བཀླགས་འཕྲོ...

མཛོད་ལུགས་འདུས་མ་བྱས་ཀྱི་གྲངས་…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 87

ནགས་ཀྱི་ཤིང་ལོ། བརྩེ་ཆེན་ཐུགས་རྗེའི་ཐབས་ཀྱིས་འགྲོ་རྣམས་ཞི་བར་བགྲོད་པའི་ལམ་བསྟན་ནས། ། དྲི... བཀླགས་འཕྲོ...

བོད་ཀྱི་སྐད་ཡིག་དང་འབྲེལ་པའི་༸…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 97

ནག་པོ་བཀྲ་ཤིས། [ནང་དོན་གནད་བསྡུས།] དཔྱད་རྩོམ་འདི་ཉིད་ཀྱི་བརྗོད་དོན་གཙོ་བོ་ནི་དུས་རབས་ཉི་ཤ... བཀླགས་འཕྲོ...

མཆན་མང་ཤོས།