Sun 12 Jan 2014

གླེག་བམ་ཁྲོད་ཀྱི་མེས་པོའི་བླ་སྲོག།།

ཚད་གཞི།:
(0 འོས་བླུགས།)

༢༠༡༣ལོའི་སྙན་རྩོམ་འགྲན་བསྡུར་སྐབས་ཀྱི་རྩོམ་ཡིག

སེར་ལྷོ་བསླབ་གསུམ་ནོར་བུ།

ལུགས་གཉིས་སྐྱོང་བའི་སྟོབས་དང་དཔའ་ངར་གྱི། །
སྙན་གྲགས་གངས་རིའི་མུ་ཁྱུད་ལས་འགོངས་པའི། །
ཡབ་རྗེ་མེས་དབོན་གསུམ་གྱི་རྣམ་ཤེས་ཀྱིས། །
དུས་ཀྱི་མཐའ་ཡང་ལྗོངས་འདི་སྲུང་གྱུར་ཅིག།

ཐོན་མིས་རྒྱ་གར་ཡུལ་ནས་ཡི་གེ་བསླབས། །
བློན་པོ་མགར་གྱིས་དམག་གི་རུ་སྣ་དྲངས། །
རྒྱ་བལ་བཙུན་མོ་ཁབ་ཏུ་རོལ་པའི་དུས། །
གླིང་ཆེན་འདི་ན་རྒྱལ་པོ་སྲོང་བཙན་ཙམ། །

མཁན་སློབ་ཆོས་གསུམ་བསམ་ཡས་ཐོག་ཏུ་འཛོམས། །
སད་མི་བདུན་གྱིས་བསྟན་པའི་གཞི་མ་བཟུང་། །
སྐ་ཅོག་ཞང་གིས་བཀའ་བསྟན་སྒྱུར་བའི་དུས། །
ཁ་བ་གངས་ཅན་དབུས་འགྱུར་འཆང་གི་ཡུལ། །

ཁྲི་རལ་བཙན་པོས་རལ་པ་ས་ལ་བསྙིལ། །
རབ་བྱུང་ཚོགས་རྣམས་གཙུག་ཕུད་བཞིན་དུ་བཀུར། །
གཏུམ་དྲག་དམག་གི་གཟི་ཉམས་ངོམ་བཞིན་དུ། །
ཁྲང་ཨན་གྲོང་ནས་དབོན་ཞང་རྡོ་རིང་བསླངས། །

སྦས་དང་ཅོག་རོས་བཙན་པོའི་སྐུ་སྲོག་བཅད། །
བྲན་ཀ་དཔལ་ཡོན་མཐའ་ཡི་ཡུལ་དུ་སྤྱུགས། །
བཙུན་པ་ཐམས་ཅད་ཉག་ཕྲན་འབེན་དུ་བཀོད། །
བདེ་སྡུག་དབྱར་གྱི་ཆར་སྤྲིན་ལྟ་བུར་སྟོན། །

ལྷ་ལུང་དཔལ་རྡོར་ཡེར་པ་བྲག་ནས་ཐོན། །
འུ་དུམ་དར་མའི་སྲོག་སྙིང་མདའ་ཡིས་ཕུག །
ཕུ་ནུ་མ་འཆམ་ནང་དམེའི་གཡུལ་དུ་ཞུགས། །
མེས་པོའི་རྒྱལ་རབས་ཉག་ཕྲན་རྩེ་ནས་ཡལ། །

ཡེ་ཤེས་འོད་དེ་གར་ལོག་རྒྱལ་པོས་བཀྲོངས། །
རྒྱ་བརྩོན་སེང་གེ་ལྷོ་བལ་ལམ་དུ་འདས། །
རི་རབ་གཏོས་དང་མཉམ་པའི་བཀའ་བསྟན་ཁྲོད། །
ཆོས་རྒྱལ་ལོ་པཎ་སྟོང་གི་རྣམ་ཤེས་འཁོར།།

སྐྱེ་འཆི་འཕོ་འགྱུར་འཇིག་རྟེན་གཤིས་ཡིན་ཡང་། །
རིགས་ཞེན་སེམས་ཀྱིས་སྔོན་བྱུང་ལེའུ་འདི། །
རྒྱལ་རབས་དེབ་ཐེར་ཁྲོད་ནས་མཇལ་བའི་ཚེ། །
ཁྲ་ཆུང་མིག་ལ་མཆི་མའི་རླབས་རྒྱུན་འཁྲུགས། །

ལ་ལུང་བརྒྱ་ཕྲག་གོམ་པའི་འགྲོས་ཀྱིས་བཅད། །
དཀའ་ཉེན་ཁྲི་ཕྲག་གཙང་པོའི་གཞུང་དུ་བསྐྱུར། །
ཤེས་རིག་དོན་དུ་རང་སྲོག་དོར་བའི་ཚེ། །
མེས་པོོའི་བླ་སྲོག་ཤེས་རབ་ཡིན་པར་རྟོགས། །

སྣག་ཆུང་ཡི་གེའི་འབྲུ་དོན་རེ་རེ་ལ། །
དཔོག་པར་དཀའ་བའི་ཟབ་དོན་རེ་རེ་དང་། །
གླེག་བམ་ཁྲོད་ཀྱི་བམ་པོ་རེ་རེ་ལས། །
སྔོན་བྱོན་མེས་པོའི་ཟུངས་ཁྲག་དྭངས་མ་བཞུར། །

ཟབ་མོའི་མདོ་སྡེའི་དགག་ཚིག་རེ་རེ་ཡིས། །
ཆོས་ཀུན་རང་ཚུགས་ཤོར་དུ་བཅུག་པས་ན། །
དངོས་ཀུན་བདེན་པའི་གནས་ལ་འཇལ་བའི་ཚེ། །
གཏི་མུག་དགྲ་སྡེའི་དཔུང་ཡང་ངལ་ཞིང་བྲོས། །

གངས་དཀར་ཏི་སེའི་འོད་མདངས་བླ་ན་མཐོ། །
རྒྱུན་བཟང་ཆུ་བོ་རྣམ་བཞི་དལ་གྱིས་འབབ། །
བྱམས་དང་བརྩེ་བའི་ནགས་ཀླུང་སྟུག་པོ་དཀྲིགས། །
བྷོ་ཊའི་ཤེས་རིགས་འཛམ་བུ་གླིང་གི་རྒྱན། །

མཁས་དང་གྲུབ་པའི་འབྲུག་སྒྲས་གནམ་ས་བཀང་། །
འཆད་རྩོད་རྩོམ་པའི་གློག་ཞགས་མཁའ་ལ་འཁྱུགས། །
ལྟོས་གྲུབ་ལྟ་བའི་གྲུ་ཆར་དབྱིངས་ནས་ཕབ། །
ཟླུམ་གཟུགས་གོ་ལའི་ཕྱོགས་ཀུན་རླན་གྱིས་བཟུང་། །

འཇིག་རྟེན་འདི་ན་བསླབ་བྱའི་གནས་མང་ཡང་། །
གཏན་དུ་ཕན་པའི་གཞུང་ལུགས་ཉུང་ཉུང་ཡིན། །
རྒྱལ་ཁམས་ཁྱོན་ན་མཁས་གྲགས་ཅན་མང་ཡང་། །
མིང་དོན་གཉིས་ཀ་མཚུངས་པ་རེ་གཉིས་ཙམ། །

པགས་ཚགས་ལྷན་བརྩེགས་གནག་རྫི་རྒན་པོའི་གོས། །
ཇ་དང་རྩམ་པ་རོང་པ་རྒན་མོའི་ཟས། །
ལྟོ་གོས་གཉིས་ལ་རིག་གཞུང་མི་ཟེར་བས། །
ཕ་མེས་རྒྱུ་ནོར་བཀའ་བསྟན་ཁྲོད་དུ་ཡོད། །

དབུགས་མེད་གནམ་གྲུ་མཁའ་ལ་འཕུར་བ་དང་། །
རྐང་མེད་མེ་འཁོར་ས་རུ་རྒྱུག་པ་ལ། །
ཧང་སང་མི་དགོས་སྐད་ཅིག་ཡུད་ཙམ་ལ། །
གོ་ལར་མྱུལ་བའི་འཕྲུལ་འཁོར་འདི་ནའང་སྟེ།།

ཟབ་གསལ་ཆེ་མྱུར་རྣམ་དཔྱོད་ལས་འཁྲུངས་པའི། །
ལྟ་སྤྱོད་ཡིད་འཕྲོག་ལྷ་ཡི་བུ་མོ་འདིས། །
སུ་དང་འགྲན་པར་ཕོད་པའི་སྤོབས་པ་ཞིག །
སྔོན་བྱོན་ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་བསྐྲུན།།

ཤི་གསོན་དར་རྒུད་དུ་མའི་སོ་ཁ་ནས། །
ལུས་མེད་རྣམ་ཤེས་ལྕགས་སྒྲོག་དམ་པོས་བཅིངས། །
གདོས་བཅས་ཕུང་པོ་རང་དབང་མི་ལྡན་ཡང་། །
ནང་གི་སེམས་ཐག་ཕྲ་མོ་འདི་ལ་འཕྲེང་། །

རྒྱུ་དང་དངོས་པོའི་སྟོབས་འབྱོར་མི་ལྡན་ཞིང་། །
ལུས་ལ་རས་རྐྱང་འདི་ལས་མེད་མོད་ཀྱང་། །
སྤྲང་པོའི་འཚོ་བས་རྒྱལ་ཁམས་འགྲིམ་པའི་ཚེ། །
ཤེས་རབ་སྣང་བ་ཨ་ཕའི་སྤོབས་པ་ཡིན། །

ཕ་མེས་ཤེས་རིག་ལྷ་ལམ་ཡང་པོ་རུ། །
རྣམ་རིག་སྒྲོ་གཤོག་རླབས་ཀྱིས་སྐྱོད་པའི་ཚེ། །
ནང་བསྟན་རྒོལ་བའི་དེང་གི་བསམ་བློ་བ། །
ཁྲོན་པའི་ནང་གི་སྦལ་པ་ཡིན་པ་ཤེས། །

རྨོངས་དད་ང་རྒྱལ་མ་ཡིན་འོལ་ཚོད་མིན། །
ཕ་མེས་གཞུང་ལ་ཇི་ཙམ་སྦྱང་པ་ན། །
སྐྲ་སེར་སྤྲེའུའི་རིགས་ཀྱི་གཞུང་ལུགས་ཀུན། །
སྒྱུ་མའི་གྲོང་གི་འཁྲུལ་རྟ་ཡིན་པར་གོ །

རང་ཁྱིམ་ནོར་གྱི་རིན་ཐང་མ་ཤེས་པར། །
གཞན་སྡེའི་མཆིང་བུ་ནོར་དུ་རློམ་པ་འགའ། །
རང་གི་ཕོ་བླ་རང་གིས་བཙོངས་ན་ཡང་། །
ཆེ་མདོག་སྤམ་མདོག་ཅན་གྱི་སྐྱེས་བུ་མང་། །

མི་ལུས་རིན་ཆེན་ཐོབ་པ་སླ་བ་མིན། །
ཁ་བའི་ལྗོངས་སུ་སྐྱེ་བ་ཤིན་ཏུ་དཀའ། །
དམ་པའི་ཆོས་དང་མཇལ་བ་དེ་བས་ཏེ། །
དེ་ལྟ་ན་འང་རང་ངོ་ཤེས་མཁན་དཀོན། །

ཡར་ཅིག་བཀྱགས་ན་གནམ་ལ་ཡལ་གྲབ་བྱེད། །
མར་ཅིག་བརྡབས་ན་ས་ལ་བྱིང་ལ་ཁད། །
བརྡབ་གསིག་ཁྲོད་ནས་རང་ཚུགས་མ་ཐོབ་པར། །
ཕ་མེས་གཅེས་ནོར་ཤོར་ན་ཤིན་ཏུ་ཕངས། །

སྙན་ངག་ལུས་ལ་བཅོས་མའི་རྒྱན་མ་བཏགས། །
སྡེབ་སྦྱོར་ཚིག་ལ་མངོན་བརྗོད་ཚོན་མ་བྱུགས། །
བརྗོད་བྱའི་གདོང་ལ་ནག་ནོག་དྲིས་མ་གོས། །
རང་བཞིན་རྒྱན་གྱིས་མཛེས་པའི་མཛངས་མ་འདིས། །

ཟུར་མིག་སྤྱན་གྱི་འདབ་མ་གཡོབ་ཙ་ན། །
ནག་མོའི་ཁོལ་དང་སློབ་དཔོན་དནྜི་སོགས། །
རྒྱ་བོད་སྙན་ངག་མཁན་པོ་ཕལ་མོ་ཆེའི། །
རབ་བཏགས་མཛེས་མའི་གདོང་ལ་འཕྱ་བ་བཞིན། །

ལྔ་ཕུང་ཚོགས་པའི་ལུས་ཀྱི་རྩ་རྒྱུད་ནང་། །
བྲག་སྲིན་མོ་ཡི་ཁྲག་རྒྱུན་མ་ཉམས་བར། །
ཟ་རྒྱུ་བདེན་དོན་མི་ཤ་རློན་པ་ལས། །
ཟོབ་རྫུ་འཇིག་རྟེན་ཆོས་ལ་མི་རྟོན་ཤོག།།

༢༠༡༣ ༩ ༡༥ ཉིན། །

ཤོག་ངོས་འདི་ཐེངས་ 281 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

 གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།

རྩོམ་ཡིག་གསར་ཤོས།

ཡ་བཏགས་ལ་དཔྱད་པ་མེས་པོའི་ཞལ་ལུ…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 99

ནགས་ཤོད་སྐལ་རྒྱན། བསླབ་ལ་བརྩོན་པའི་གང་ཟག་གིས། ། དང་པོ་ང་རོ་རྣམས་ལ་སྦྱངས། ། སྔོན་འཇུག་མི... བཀླགས་འཕྲོ...

མཛོད་ལུགས་འདུས་མ་བྱས་ཀྱི་གྲངས་…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 87

ནགས་ཀྱི་ཤིང་ལོ། བརྩེ་ཆེན་ཐུགས་རྗེའི་ཐབས་ཀྱིས་འགྲོ་རྣམས་ཞི་བར་བགྲོད་པའི་ལམ་བསྟན་ནས། ། དྲི... བཀླགས་འཕྲོ...

བོད་ཀྱི་སྐད་ཡིག་དང་འབྲེལ་པའི་༸…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 97

ནག་པོ་བཀྲ་ཤིས། [ནང་དོན་གནད་བསྡུས།] དཔྱད་རྩོམ་འདི་ཉིད་ཀྱི་བརྗོད་དོན་གཙོ་བོ་ནི་དུས་རབས་ཉི་ཤ... བཀླགས་འཕྲོ...

མཆན་མང་ཤོས།