Sun 12 Jan 2014

ཚངས་སྲས་རིག་པའི་གཏམ་ཚོགས།

ཚད་གཞི།:
(0 འོས་བླུགས།)

༢༠༡༣ ལོའི་སྙན་རྩོམ་འགྲན་བསྡུར་སྐབས་ཀྱི་རྩོམ་ཡིག

དགའ་ལྷོ་ནགས་ཤོད་པ་བློ་བཟང་ཕུན་ཚོགས།

བརྒྱད་གཉིས་ལང་ཚོ་རྫོགས་པའི་མཚར་སྡུག་དང༌།།
འགྲོ་ལ་དགྱེས་པའི་འཛུམ་དཀར་གཡོ་བ་ཅན།།
བདག་གི་མགྲིན་མཚོར་རོལ་ཅིག་ཚངས་སྲས་ཀྱེ།།
སྨྲ་མཁས་ངག་གི་དངོས་གྲུབ་དེང་འདིར་སྩོལ།།

འདབ་དྲུག་ཁ་བའི་མེ་ཏོག་འཕུར་ལྡིང་གི།།
ངོ་མཚར་གར་རྩེད་འབུམ་གྱི་གཟིགས་མོ་ཅན།།
ཆོས་ལྡན་ཆེན་པོ་བོད་ཀྱི་རྒྱལ་ཁམས་ཀྱི།།
བཅུ་ཕྲག་རིག་པའི་གནས་ཀྱི་གཏམ་ཚོགས་གླེང༌།།

སྡེབ་སྦྱོར།
ཕྲད་དང་རྣམ་དབྱེའི་དར་གྱི་སྐུད་པ་ལས།།
ལེགས་པར་དྲངས་པའི་འདོད་འཇོའི་གཙུག་ལག་སྟེ།
མིང་ཚིག་མ་ཎི་ཀ་ཡི་དོ་ཤལ་འདི།།
དཔྱོད་ལྡན་མཁས་པའི་བུ་ཡི་མགུལ་དུ་མཛེས།།

ཕྲ་ཞིབ་དོན་གྱི་ཡིད་འོང་ལུས་ཕྲ་མའི།།
རབ་སྙན་འགྱུར་ཁུགས་སྟོང་གི་གོས་བཟང་གིས།།
ལེགས་པར་སྤུད་པའི་གླུ་ཡི་ལྷ་མོ་འདི།།
སྡེབ་སྦྱོར་རིན་ཆེན་མཛེས་པའི་དཔལ་དུ་ཆེ།།

མངོན་བརྗོད།
གང་ཞིག་ཤེས་ན་མིང་ལ་མི་རྨོངས་ཞེས།།
མངོན་བརྗོད་རིག་པ་ཟླ་ཞུན་དྭངས་མ་ཡི།།
སྣ་ཚོགས་མིང་གི་འོད་སྣང་དཀར་པོ་འདི།།
དོན་གྱི་བཞིན་རས་གསལ་བའི་སྒྲོན་མེ་ཡིན།།

ཟབ་རྒྱས་དོན་གྱི་སྒེག་ལྡན་བུ་མོ་ལ།།
གསོལ་བའི་སྣ་ཚོགས་བརྡ་ཡི་དར་གཤམ་འདི།།
བརྗོད་འདོད་དལ་བུའི་རླུང་གིས་བསྐུལ་བ་ན།།
ཐོས་འཛིན་དཔལ་དུ་འཇེབས་པའི་ཁྱད་པར་ལྡན།།

སྙན་ངག
སྙན་འགྱུར་སྟོང་དང་ལྡན་པའི་དྲི་ཟའི་གླུས།།
ཆ་ཤས་ཙམ་ཡང་འགྲན་པར་མི་ནུས་པའི།།
གངས་ཅན་རིག་པའི་ངག་གི་སྒྱུ་རྩལ་འདི།།
སྙན་རྒུ་གཅིག་ཏུ་སྤུངས་པའི་ཕུང་པོ་ཡིན།།

ཉམས་བརྒྱད་འཛུམ་དཀར་གཡོ་བའི་རླབས་ཕྲེང་ཅན།།
ཟབ་རྒྱས་དོན་གྱི་ནོར་བུའི་བང་མཛོད་འཛིན།།
བྷོ་ཊའི་སྙན་ངག་མ་ཕམ་གཡུ་མཚོ་ལས།།
སྡེ་བཞིའི་གཏམ་གྱི་རྒྱུན་བཟང་དལ་གྱིས་འབབ།།

ཟློས་གར།
འཇོ་སྒེག་གར་རྒུའི་ཉམས་ཀྱི་ལྡེམ་འགྱུར་འདིས།།
ངོ་མཚར་ལྟད་མོའི་དགའ་སྟོན་མིག་ལ་སྦྱིན།།
གདངས་སྙན་འགྱུར་ཁུགས་དྲུག་གི་དབྱངས་རྟ་ཡིས།།
རྣ་བར་བདུད་རྩི་དཀར་པོའི་ཐིགས་ཕྲེང་འབེབས།།

འཛད་མེད་གླུ་གར་ཆུ་གཏེར་ཆེན་པོ་ཡིས།།
ཡོངས་སུ་གང་བའི་བསིལ་ལྡན་ཞིང་ཁམས་སུ།།
རྩ་གསུམ་ལྷ་རྣམས་རང་གི་གར་རྩེད་རྣམས།།
ལེགས་པར་བཏང་སྟེ་འདྲེན་བྱེད་ཐུར་དུ་བགྲད།།

སྐར་རྩིས།
ལྐོག་གྱུར་གྲངས་ཀྱི་ཚང་ཚིང་སྟུག་པོ་དག།།
ལེགས་པར་འབྱེད་པའི་རྩིས་ཀྱི་འཕྲུལ་འཁོར་འདིས།།
མ་ནོར་སོ་སོར་དབྱེ་མཚམས་འདི་རེད་ཅེས།།
གསལ་བར་སྟོན་པའི་ས་མཁན་འདི་ཀོ་རྨད།།

ལྷ་ལམ་དབྱིངས་སུ་རྒྱུ་བའི་ཉི་ཟླ་དང༌།།
གཟའ་སྐར་འཁོར་ཕྱོགས་དུས་བཞིའི་འགྱུར་ལྡོག་སོགས།།
སྔོན་རྗེས་དོན་རྣམས་གསལ་བའི་མེ་ལོང་སྟེ།།
སྐར་རྩིས་རིག་པ་གསལ་བྱེད་རྒྱན་དུ་བསྔགས།།

ནང་རིག
སེམས་ཉིད་རང་བཞིན་དག་པའི་ནམ་མཁའ་ལ།།
གློ་བུར་སྒྲིབ་པའི་མུན་སྟུག་ཅིར་ཡང་འཁྲིགས།།
ནང་དོན་རིག་པའི་ཉིན་བྱེད་ཤར་བ་ན།།
དྭངས་གསལ་སེམས་ཀྱི་རང་མདངས་མངོན་པར་བཀྲ།།

ཟབ་ཡངས་སྣ་ཚོགས་ཤེས་བྱ་རྒྱ་མཚོའི་རྡུལ།།
རྟེན་འབྱུང་གུར་གྱི་ནང་དུ་འཁྱིལ་བའི་ཚུལ།།
ནང་དོན་རིག་པའི་གཏམ་གྱི་སྒྲ་བརྒྱ་པ།།
ད་ལྟ་ས་ཆེན་འདི་ན་གྲགས་སྙན་འབར།།

ཚད་མ།
ཚད་ཐུབ་ལུང་གི་འབྲུག་སྟོང་ཟབ་མོ་ལྡིར།།
ཚུལ་གསུམ་རིགས་པའི་གློག་ཕྲེང་དྲག་ཏུ་འཁྱུག།།
ལུང་རིགས་ཟུང་དུ་འཇུག་པའི་རྟེན་འབྲེལ་ལས།།
ལོག་རྟོག་ལྗང་བུ་འཇོམས་པའི་སྤྲིན་རུས་འཐོར།།

གནས་ལུགས་ཟབ་མོའི་དོན་གྱི་ནམ་མཁའ་རུ།།
སྣ་ཚོགས་ཀུན་རྫོབ་སྒྱུ་མའི་གཞུ་རིས་བཀྲ།།
དཔྱོད་ལྡན་མིག་ལ་དགའ་བའི་གཟིགས་མོ་འབུམ།།
ཚད་མའི་ཉིན་བྱེད་འོད་བརྒྱ་འབར་བས་སོ།།

སྒྲ་རིག
སྤྲེལ་སྲིན་རིགས་ཀྱིས་མཐོ་བའི་མི་བརྒྱུད་ལ།།
གཞན་ཟློས་མི་དགོས་རང་ལ་སྐད་ཡིག་ཡོད།།
སྐད་ཀྱི་སྙིང་པོ་དབྱངས་གསལ་སོ་བཞི་འདི།།
སྒྲ་རིག་འདབ་བརྒྱ་མཆེད་པའི་རྩ་བ་ཡིན།།

སྒྲ་རིག་རིན་ཆེན་གཏམ་གྱི་སྦྱོར་བ་ལས།།
མ་ནོར་དོན་གྱི་ལྷུན་པོའི་བང་རིམ་བརྗིད།
ཤེས་རིག་ཉི་ཟླ་ཟུང་གི་རྣ་ཆ་མཛེས།།
གླིང་བཞིའི་ཁྱོན་དུ་ཕན་བདེའི་འོད་རླབས་གཡོ།།

གསོ་རིག
སཱ་ལའི་ནགས་སུ་སྨན་གྱི་ལྗོན་ཤིང་འཁྲུངས།།
སྨན་སྦྱོར་རིག་པའི་ཟིལ་མངར་དེ་ནས་འཕྱུར།།
བདུད་རྩི་སྨན་གྱི་སྦྲང་ཆར་སིལ་མ་དེ།།
སྐྱེ་བོའི་ལུས་ཟུངས་གསོ་བའི་དཔལ་དུ་དགེ།

བཞི་བརྒྱའི་ནད་ཀྱི་གྲང་ངད་ལྡང་བ་ཡིས།།
འབྱུང་འདུས་ལུས་ཀྱི་གཟི་མདངས་ཉམས་པར་བྱེད།།
གསོ་རིག་དཔྱིད་ཀྱི་དཔལ་མོ་ཤར་བ་ཡིས།།
ལུས་ཁམས་དབྱར་གྱི་ལང་ཚོ་སླར་ཡང་བསུས།།

བཟོ།
སྤྲེལ་སྲིན་མི་རུ་འགྱུར་བའི་དུས་འགོ་ནས།།
ལག་ཟུང་མཁོ་རྒུ་བསྐྲུན་པའི་རྩལ་དུ་བཏོན།།
སྣ་མང་བཟོ་ཡི་རིག་པའི་གཏེར་ཁ་བརྒྱ།།
ནོར་འཛིན་གོ་ལའི་རྩེ་ནས་དལ་གྱིས་ལུད།།

ཕྱི་དངོས་བཟོ་ཡི་རིག་པ་དར་དྲགས་པས།།
སྐྱེ་འགྲོའི་ཚེ་སྲོག་འཇིགས་རུང་མཚོན་ལ་བསྐྱལ།།
ནང་གི་སེམས་ཉིད་བཟོ་བའི་རིག་པ་དེ།།
ད་ལྟ་གངས་ཅན་ལྗོངས་ན་མཆིས་སོ་ལོ།།

སྙན་འགྱུར་འབུམ་གྱིས་ཕྱུག་པའི་དབྱངས་རྟ་ལས།།
བཅུ་ཕྲག་རིག་པ་གླུ་རུ་བླངས་པ་ཡིས།།
འཇོ་སྒེག་ཉམས་ཅན་དྲི་ཟའི་གར་མཁན་མས།།
སྙན་གྱི་བུ་ག་འདི་རུ་གཏད་ཡོད་ཟེར།།

རྣམ་དཔྱོད་པིར་གྱི་རྩེ་ལས་བབ་པའི་རྒྱུན།།
མ་དཀྲོལ་རྒྱུད་མངས་འབུམ་གྱི་རང་སྒྲ་འདི། །
སྟོང་གསུམ་སྣོད་ཀྱི་ཁྱོན་དུ་ཁྱབ་པ་དང༌།།
འགྲོ་ཀུན་རྣ་བའི་དཔལ་དུ་འགྱུར་བར་ཤོག།

ཤོག་ངོས་འདི་ཐེངས་ 316 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

 གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།

རྩོམ་ཡིག་གསར་ཤོས།

ཡ་བཏགས་ལ་དཔྱད་པ་མེས་པོའི་ཞལ་ལུ…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 99

ནགས་ཤོད་སྐལ་རྒྱན། བསླབ་ལ་བརྩོན་པའི་གང་ཟག་གིས། ། དང་པོ་ང་རོ་རྣམས་ལ་སྦྱངས། ། སྔོན་འཇུག་མི... བཀླགས་འཕྲོ...

མཛོད་ལུགས་འདུས་མ་བྱས་ཀྱི་གྲངས་…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 87

ནགས་ཀྱི་ཤིང་ལོ། བརྩེ་ཆེན་ཐུགས་རྗེའི་ཐབས་ཀྱིས་འགྲོ་རྣམས་ཞི་བར་བགྲོད་པའི་ལམ་བསྟན་ནས། ། དྲི... བཀླགས་འཕྲོ...

བོད་ཀྱི་སྐད་ཡིག་དང་འབྲེལ་པའི་༸…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 97

ནག་པོ་བཀྲ་ཤིས། [ནང་དོན་གནད་བསྡུས།] དཔྱད་རྩོམ་འདི་ཉིད་ཀྱི་བརྗོད་དོན་གཙོ་བོ་ནི་དུས་རབས་ཉི་ཤ... བཀླགས་འཕྲོ...

མཆན་མང་ཤོས།