Tue 04 Feb 2020

བློན་ཆེན་མགར་སྟོང་བཙན། ད་དུང་ཁོང་གི་བུ།

ཚད་གཞི།:
(0 འོས་བླུགས།)

ནགས་ཤོད་ཅོང་བརྡ།

གྲགས་པའི་གདུགས་དཀར་རིང་དུ་ཁྱབ་པ་ཡི།།
བཙན་པོ་སྲོང་བཙན་ཁྲི་གདུགས་ཉི་མ་ལ།།
ཆབ་འབངས་སྐར་ཚོགས་གྲངས་ལྟར་བཀྲ་བའི་དབུས།།
བློན་ཆེན་ཡུལ་བཟུང་དུང་གི་ཟླ་བ་ཚེས།།

མཛངས་བློན་དེ་ཡིས་ཁོད་ཀྱི་གཞི་རྟེན་བགྱིས།།
རྗེ་ལ་ཞོ་ཤ་འབུལ་དང་ཁབ་མཐའ་བསྐྱེད།།
དེ་ཀུན་ལྷག་མེད་འབྲི་བར་མི་སྤོབས་ཀྱང་།།
ཡབ་མེས་བློན་ཆེན་དྲན་པས་ཅུང་ཟད་འབྲི།།

ཟླ་མེད་བློན་ཆེན་དེ་ཡིས་ལེགས་བསྐྱངས་པའི།།
བུ་སྤུན་སྟག་ཕྲུག་འདྲ་བ་ལྔ་མཆིས་པ།།
བོད་ཐང་ཡིག་རྙིང་དག་ལས་གསལ་པ་ན།།
ཕ་གཅིག་བུ་ལྔ་དུས་འདིར་དྲན་པར་འོས།།

བློན་ཆེན་ཡུལ་བཟུང་ཞི་དྲག་ཀུན་འཛོམ་དེས།།
གཡོ་ཆེན་ཟུ་རྩེའི་ཇུས་ཆེས་ཆུ་ལ་བསྐྱུར།།
བཙན་པོའི་བཀའ་བཞིན་ཞལ་ལྕེ་ཡི་གེར་བྲིས།།
རྒྱལ་འབངས་བདེ་བའི་ལས་འདི་སུ་ཡིས་ནུས།།

མ་ཆུང་བལ་པོའི་བྲང་ལ་ཕྱག་རྗེས་དཔར།།
རྒྱལ་བློན་དྲེགས་ལྡན་དབུས་སུ་ཕོ་ཤེད་ངོམ།།
དཔྲལ་བའི་མིག་བཞིན་གཅེས་པའི་ནུ་རྒྱས་མ།།
ཕྱེ་ལེབ་འཐོར་རླུང་དེད་ལྟར་བོད་དུ་དྲངས།།

ཆེན་པོ་ཐང་གི་མགོ་ལ་ཞབས་རྗེས་ཕབ།།
སྐྱེན་པོ་བློན་མང་ཁྲོད་ནས་རིག་སྟོབས་ངོམ།།
ཁོག་པའི་སྙིང་བཞིན་བརྩེ་བའི་སྐེད་མེད་མ།།
སྟོང་ལོ་ལྷགས་པས་ཁུར་ལྟར་བོད་དུ་དྲངས།།

འདོ་ཆེན་རྨིག་པའི་རྡུལ་གྱིས་ཉི་ཟླ་བསྒྲིབས།།
རྒྱོབ་སོད་ཆོམ་སྒྲས་སྡར་མ་དར་ཤིང་བཞིན།།
སྐབས་དེའི་གྲུ་གུར་ཁྲག་གི་ཆར་ཤོད་བབས།།
སྟོང་བཙན་ཡུལ་བཟུང་དཔའ་ཡ་སྲིད་འདིར་མེད།།

རལ་གྲིའི་སོ་ཁར་བསད་པའི་ཁྲག་ཞག་ཆགས།།
ཁྲབ་ཀྱི་བྱང་བུར་དགྲ་བོའི་ཀླད་ཞོ་འཁྱིལ།།
སྐབས་དེའི་ཐང་བོད་མཚམས་ཀྱི་གནམ་ས་དམར།།
ལག་དམར་ཡ་མེད་སྟོང་བཙན་ཡུལ་བཟུང་ཡིན།།

དཔའ་བོའི་ཀི་བསྭོས་སྒྲ་གཞན་ཉམ་པར་གྱུར།།
ཁྲབ་ཀྱི་སིང་སྒྲས་རོལ་མོར་ཅོ་འདྲི་བགྱིས།
འ་ཞའི་འཛིན་མས་རུས་པའི་གོས་དཀར་གོན།།
སྟོང་བཙན་ཡུང་བཟུང་ཞི་དྲག་གཉིས་འཛོམ་ཡིན།།

དམག་རྟའི་རྨིག་པས་འཛིན་མའི་སྙིང་ཁ་བརྡུངས་།།
བ་དན་རྩེ་མོས་ཀུན་གསལ་ལྟོ་བ་དབྲལ།།
རྒྱལ་ཁའི་དུང་ཆེན་མཚོ་ནག་འགྲམ་ནས་བུད།།
རྒྱ་ནག་ལྕགས་ནག་བརྡུངས་མཁན་ཁྲི་འབྲིང་[1]ཡིན།།

 

བོད་ཐང་སོ་མཚམས་དཔའ་ཡ་རྒོད་ཀྱང་རུང་།།
བློན་ཆེན་ཁྲི་འབྲིང་འགྲན་པར་རློམས་པ་ནི།།
གནག་བརྫི་བློ་ཆུང་འཇའ་ཚོན་འཛིན་པ་བཞིན།།
རེ་འབྲས་མི་ལོན་ནམ་མཁའི་མེ་ཏོག་མཚུངས།།

ཡ་མེད་ཁྲི་འབྲིང་མིང་གི་རྩུབ་མོའི་མདའ།།
གབ་ཡངས་ཁང་ཁྱིམ་ནང་དུ་དྲེགས་པའི་གཏམ།།
སྨྲ་བར་གོམས་པའི་ཐང་གི་དཔོན་བློན་རྣར།།
ཐེབས་པ་ཙམ་གྱིས་སྤ་གོང་དཔུང་ཡང་འཐོར།།

རུ་དར་བསྒྲེངས་པས་ཉི་ཟླའི་བགྲོད་ལམ་དོག།
འདོ་ཆེན་རྒྱུགས་པས་སྟོན་གྱི་ལོ་ཏོག་བཅོམ།།
སྐབས་དེའི་འཇང་གི་ནོམ་པར་བདག་པོ་མེད།།
མགར་བུ་བཙན་སྙ[2]འི་དཔའ་མཛངས་ཅི་འདྲ་རེད།།

 

དམག་དཔུང་ཟིལ་གྱིས་གཤིན་རྗེའི་བརྗིད་པ་འཕྲོག།
དར་མདུང་སོ་ནས་ཁྲག་རྒྱུན་དྲོན་མོ་འཐིག།
སྐབས་དེའི་ཙི་ནའི་བུད་མེད་ཡུགས་མོར་བསྒྱུར།།
འབྲིང་རྩན་རྩང་སྟོན་[3]མཛད་རྗེས་ཆུང་ལེ་མིན།།

བཙན་ཉེན་གུང་རྟོན་[4]གཡུལ་ངོར་ཆས་པ་དང་།།
དཔའ་བོའི་ཁྲག་རྒྱུན་འཛིན་མས་ངོམས་པར་བཏུང་།།
སྡར་མ་འཇིགས་པས་མིག་གིས་རབ་འཁྲུལ་ཏེ།།
དགྲ་བོའི་གམ་དུ་དོགས་མེད་འབྲོས་འདི་མཚར།།

མ་བརྟགས་གྱ་ཚོམ་བྱ་བར་བཞུགས་པ་ཡིས།།
དཔའ་བར་གྲགས་འདོད་ཆེ་བའི་དྲེགས་བློན་དག།
རང་མགོ་སྐྱེས་སུ་འབུར་དུ་ཡོང་བ་དང་།།
གཉིས་སུ་མ་མཆིས་སྟ་གུ་རི་ཟུང་[5]ཐུག།

སྟོང་བཙན་ཕ་བུས་གཡུལ་ངོ་བཤམས་པ་ན།།
དགྲ་བོས་འོ་དོད་འབོད་བཞིན་ཁུང་དུ་འཛུལ།།
དགུང་གི་སེར་རྒོད་འདྲིལ་བའི་ཁ་འོག་ཏུ།།
དགྲ་བོ་རམ་ནག་ལྷག་པའི་ལོ་རྒྱུས་མེད།།

དགྲ་ལ་སྡོང་བའི་མིག་རྩ་དམར་བ་ཁྲག།
གཉེན་ལ་བྱམས་པའི་སེམས་རྩ་དཀར་བ་དར།།
གཡུལ་ལ་དཔའ་བའི་སྙན་པ་མི་དམའ་བའི།།
སྟོང་བཙན་ཕ་བུའི་གཤིས་འདི་མཛངས་པ་ལ།།

སྤུ་རྒྱལ་བཙན་པོའི་དབུ་རྨོག་བཙན་པ་དང་།།
མགར་བློན་ཕ་བུ་དགྲ་ལ་རྒོད་པ་གཉིས།།
གདོང་དམར་བུ་རྟ་གཡུལ་ལ་དཔའ་བ་གསུམ།།
བོད་ཀྱི་ཁབ་མཐའ་གནམ་སའི་མཚམས་སུ་བསྐྱེད།།

བཙན་པོའི་དབུ་འཕང་ཡར་གྱི་གནམ་ལས་མཐོ།།
བློན་པོའི་དཔའ་མཛངས་མར་གྱི་མཚོ་ལས་ཟབ།།
མངའ་འབངས་ཁ་ཞིང་ཆེ་བ་གནམ་གྱི་སྐར།།
རྒྱལ་བློན་བྱས་པ་ཅན་རྣམས་ཡུན་དུ་དྲན།།

1 ཁྲི་འབྲིང་། མགར་གྱི་བུ་གཉིས་པ་ཡིན།
2བཙན་སྙ། མགར་གྱི་བུ་ཆེ་བ་ཡིན།
3 འབྲིང་རྩན་རྩང་སྟོན།མགར་གྱི་བུ་གསུམ་པ་ཡིན།
4 བཙན་ཉེན་གུང་རྟོན། མགར་གྱི་བུ་ཐ་ཆུང་ཡིན།
5 སྟ་གུ་རི་ཟུང་། མགར་གྱི་བུ་བཞི་པ་ཡིན།

ཤོག་ངོས་འདི་ཐེངས་ 631 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

 གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།

རྩོམ་ཡིག་གསར་ཤོས།

ཡ་བཏགས་ལ་དཔྱད་པ་མེས་པོའི་ཞལ་ལུ…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 99

ནགས་ཤོད་སྐལ་རྒྱན། བསླབ་ལ་བརྩོན་པའི་གང་ཟག་གིས། ། དང་པོ་ང་རོ་རྣམས་ལ་སྦྱངས། ། སྔོན་འཇུག་མི... བཀླགས་འཕྲོ...

མཛོད་ལུགས་འདུས་མ་བྱས་ཀྱི་གྲངས་…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 87

ནགས་ཀྱི་ཤིང་ལོ། བརྩེ་ཆེན་ཐུགས་རྗེའི་ཐབས་ཀྱིས་འགྲོ་རྣམས་ཞི་བར་བགྲོད་པའི་ལམ་བསྟན་ནས། ། དྲི... བཀླགས་འཕྲོ...

བོད་ཀྱི་སྐད་ཡིག་དང་འབྲེལ་པའི་༸…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 97

ནག་པོ་བཀྲ་ཤིས། [ནང་དོན་གནད་བསྡུས།] དཔྱད་རྩོམ་འདི་ཉིད་ཀྱི་བརྗོད་དོན་གཙོ་བོ་ནི་དུས་རབས་ཉི་ཤ... བཀླགས་འཕྲོ...

མཆན་མང་ཤོས།