Wed 27 Mar 2013
རླུང་སྦྱོར་ལུས་ཁམས་བདེ་སྦྱིན་གྱི་ཟིན་བྲིས།
མདོ་ཁམས་ནགས་ཤོད་བློ་བཟང་ཕུན་ཚོགས་།
ཨོཾ་སྭ་སྟི།བླ་མ་དཀོན་མཆོག་གསུམ་གྱིས་དགེ་ལེགས་སྩོལ།། རླུང་སྦྱོར་ལུས་ཁམས་བདེ་སྦྱིན་ཞེས་བྱ་བ།།
དགེ་སློང་བློ་བཟང་དོན་ལྡན་ལམ་སྟོན་བཞིན།། གཞན་ལ་ཕན་ཕྱིར་ཅུང་ཟད་འབྲི་བར་བྱ།།
ནང་ཆོས་གསང་བ་སྔགས་ཀྱི་ཐེག་པ་ལས།། རྩ་་ཐིག་རླུང་གསུམ་ཉམས་སུ་ལེན་པའི་ཚུལ།།
ཟབ་ཅིང་རྒྱས་པའི་ལེགས་བཤད་ཡོད་ན་ཡང༌།། ད་ལྟ་དེ་དག་བཤད་ཆོས་ཙམ་ཞིག་ལས།།
ལག་ལེན་དངོས་ཐོག་ཁེལ་མཁན་དཀོན་འདི་སྐྱོ།། ད་ནི་མགོ་ཟླུམ་གོས་དམར་སྡེ་པ་འདི།།
ཕྱག་གི་ཐལ་མོ་བྲང་ལ་རབ་སྦྱར་ཏེ།། དབང་ཕྱུག་རྗེས་འབྲང་ཕྱི་པ་རལ་ཅན་ལ།།
གཏུམ་མོའི་རླུང་སྦྱོར་བསླབ་ལ་བྲེལ་བ་འདི།། རྟོགས་པའི་བསྟན་པ་ཉམས་རྟགས་མིན་ནམ་སྙམ།།
འོན་ཀྱང་སྔགས་ཀྱི་ཟབ་ཆོས་མ་ཐེག་པའི།། བདག་དང་འདྲ་བའི་ཐ་མལ་སྐྱེ་བོ་རྣམས།།
ཕྱི་རོལ་མུ་སྟེགས་པ་ཡི་གདམས་ངག་འདི།། ཕན་ནོ་སྙམ་པའི་ཡིད་ཆེས་བདག་ལ་ཡོད།།
ཕྱི་ཡི་ཁོར་ཡུག་འབག་བཙོག་སྐྱོན་གྱིས་སླད།། སྟེང་གི་ནམ་མཁའ་དུག་གི་ན་བུན་འཁྲིགས།།
བར་གྱི་རླུང་བུ་རྫས་ངན་སྣ་ཚོགས་འདྲེས།། གསོ་བྱེད་ཁ་ཟས་རྫས་སྦྱོར་སྨན་གྱིས་སྦག།
གཞན་ཡང་ཟ་འཐུང་འགྲོ་ཆགས་ཉལ་འདུག་སོགས།། སྤྱོད་ལམ་རྣམ་པ་བཞི་ལ་མི་མཁས་པས།།
ནད་ཀྱི་ཁ་དར་སྨན་གྱི་རིན་གོང་འཕར།། དུས་ལ་མ་བབ་འཆི་བའི་འོ་བརྒྱལ་འདི།།
དེང་དུས་མི་བུ་ཕལ་ཆེར་མགོ་ལ་ལྷུང༌།། བསགས་པའི་ནོར་ལ་གཅེས་སྲུང་བྱེད་པ་ལས།།
དོན་ལྡན་རིན་ཆེན་རང་གི་ལུས་ཕུང་འདི།། གཅེས་སྲུང་བྱེད་པ་དེ་ལས་འོས་ཤིང་འཚམས།།
དེས་ན་རང་གི་མི་ལུས་རིན་ཆེན་འདི།། བདེ་བའི་ཐབས་ལམ་གང་ནས་རྙེད་གྱུར་ན།།
དེ་ཉིད་དབུལ་པོས་གཏེར་བཞིན་ལེན་པར་རིགས།། ད་ལྟ་འཛམ་བུ་གླིང་གི་མི་རྣམས་ནི།།
འཕྲོད་བསྟེན་དོར་ནས་དངུལ་གྱི་ཆེད་དུ་རྒྱུག། ནམ་ཞིག་ལུས་ཀྱི་འཕྲོད་བསྟེན་མ་འདངས་བས།།
མི་འདོད་ནད་ཀྱིས་ལུས་ཁམས་དཀྲུགས་པའི་ཚེ།། ཁྲག་བསགས་རྣག་བསགས་བྱས་པའི་དངུལ་དངོས་རྣམས།།
མ་ལུས་དེ་ལ་བཏང་འདི་ཨེ་མ་མཚར།། ལྷག་པར་གཞིས་བྱེས་གཉིས་ལ་གནས་པ་ཡི།།
རྩམ་ཟན་བོད་མིའི་བྱེད་སྟངས་འདི་འདྲ་གདའ།། འདི་ཡིས་གནོད་དང་འདི་ཡིས་ཕན་ནོ་ཞེས།།
ཟ་འཐུང་འགྲོ་སྤྱོད་གང་ལ་འཛེམ་གཟོན་མེད།། རང་གི་ལུས་དང་མི་འཚམས་ཟ་བཏུང་གི།
རྐྱེན་གྱིས་ནམ་ཞིག་ནད་སྐྱོན་བྱུང་བའི་ཚེ།། འཕྲོད་བསྟེན་འཐུས་ཤོར་སོང་བ་མ་ཤེས་པར།།
འདྲེ་དང་གདོན་གྱིས་གནོད་པ་སྐྱེལ་སོང་ཞེས། །མོ་དང་རྩིས་ལ་འཚང་ཀ་ཤིག་ཤིག་རེད།།
གདོས་དང་གཏོར་མའི་ཆོ་ག་བསྒྲུབ་ལ་བྲེལ།།འོན་ཀྱང་འདི་ཡིས་མི་ཕན་མི་ཟེར་གྱིས།།
ཆོས་ཡོད་འཕྲོད་བསྟེན་མེད་པའི་བོད་པ་དང༌། །ཆོས་མེད་འཕྲོད་བསྟེན་ཡོད་པའི་ཕྱི་པ་གཉིས།།
ནད་དང་ན་ཚ་ཡོད་མེད་མི་འདྲ་བ། །མངོན་སུམ་མིག་གིས་མཐོང་རྒྱུ་ཡོད་པ་འདི།།
དགེ་བའི་ཆོས་ལ་ནུས་པ་མེད་པས་མིན། །འདྲེ་དང་གདོན་གྱིས་ཕྱོགས་རིས་བྱས་པ་མིན།།
རང་ལུས་འདོམས་གང་རང་གིས་སྲུང་སྟངས་ལ །།མཁས་དང་མི་མཁས་དབང་གི་ཁྱད་པར་ཙམ།།
ན་འདོད་མེད་ན་ཤི་འདོད་ག་ནས་ཡོད། །མི་ཚེ་རིང་པོ་འཚོ་རྒྱུར་སུ་ཡང་དགའ།།
དེ་ཕྱིར་ཚེ་རིང་ནད་མེད་འབྱུང་བའི་ཐབས། །དབུགས་སྦྱོངས་ལུས་སྦྱོངས་ཟས་སྤྱོད་གང་འཕྲོད་བསྟེན།།
རང་གི་ལུས་འདི་གཅེས་སྲུང་མ་ཐུབ་ན། །གཞན་ཕན་བསྒྲུབ་རྒྱུ་ཕ་རིའི་སྤང་ཁ་རུ།།
དགུན་ལ་སྐྱེས་པའི་མེ་ཏོག་སེར་ཆེན་འདྲ། །དེ་ཕྱིར་དགེ་སློང་བློ་བཟང་དོན་ལྡན་གྱིས།།
གཞན་ཕན་གཏམ་གྱི་སྦྱོར་བ་དང་པོ་ནི། །རང་གི་ལུས་འདི་བདེ་བའི་ཐབས་ལམ་རུ།།
ཡོ་གའི་རླུང་སྦྱོར་མི་འདྲ་བདུན་ཚར་གཅིག །བརྙན་ཕབ་འོད་སྡེར་བརྒྱུད་ནས་བསྟན་དགོས་ཟེར།།
དེ་ཡི་ནང་ནས་སྔ་མ་ལྔ་པོ་འདི། །ཤིན་ཏུ་ཕན་པར་བྱེད་པའི་ཐབས་ཡིན་པས།།
ལེགས་པར་ཉོན་ལ་ཡིད་ལ་ངེས་དགོས་ཟེར། །རླུང་སྦྱོར་ཕན་ཡོན་བྱེ་བྲག་མ་ཕྱེ་པར།།
སྤྱི་བཤད་ཙམ་ཞིག་བྱས་ན་འདི་འདྲ་ཟེར། །འཆད་འགྱུར་རླུང་སྦྱོར་ཆག་མེད་བྱས་པ་ན།།
གཟུགས་གཞི་ཐང་ལ་རྒྱགས་ཚད་སྙོམས་པ་དང༌། །ལུས་ཀྱི་ཤ་གནད་མཉེན་པོར་འགྱུར་བ་དང༌།།
ལོ་ན་རྒས་ཀྱང་གཞོན་ཤ་ཅན་དུ་འགྱུར། །སེམས་ཁམས་ཞི་བར་གནས་ཞིང་གཡེང་བ་ཞི།།
ཞེས་ནས་ཕན་ཡོན་དཔག་ཏུ་མེད་པར་བཤད། །ད་ནི་རླུང་སྦྱོར་དངོས་ལ་འཇུག་པ་ནི།།
ཞོགས་པ་སྔ་པོ་ལངས་ནས་དྲོད་འཇམ་གྱི །ཆུ་ཁོལ་གང་འཚམས་བཏུང་ནས་གྲོད་ཁོག་གི།
བཙོག་སྙིགས་གང་ཡོད་ཕྱི་རུ་འཕུད་ཐབས་གྱི། །ཆབ་གཅིན་ཡོད་ཚད་ལེགས་པར་གཏང་དགོས་ཟེར།།
འདི་ལ་ང་རང་བསམ་ཚུལ་འདི་ལྟར་བྱུང༌། །སྣོད་ཕོར་ཆུ་བཤལ་གཏོང་བཞིན་མི་ཡོང་བས།།
ཟ་འཐུང་གང་ཡང་མེད་ན་བཟང་སྣང་ཤར། །དེ་ནི་རང་གིས་བསམ་ཚུལ་ཙམ་ཞིག་ལས།།
དཔྱད་ནས་སྨྲས་པའི་ཉམས་མྱོང་མ་ཡིན་པས། །ཅི་དགོས་སོ་སོའི་ལུས་དང་སེམས་ལ་ལྟོས།།
དེ་ནས་ས་གཙང་རླུང་གཙང་དབེན་པ་རུ། །ཕྱིན་ན་ལེགས་ཀྱང་མ་བྱུང་གང་ཡང་རུང༌།།
གདན་ཆུང་ཉལ་གདན་གང་རུང་སྟེང་དུ་ནི། །ལུས་ཀྱི་གྱོན་ཆས་ལྷོད་གྱིས་ཕབ་བྱས་ནས།།
རྡོ་རྗེའི་དཀྱིལ་ཀྲུང་ཕྱེད་དཀྱིལ་གང་རུང་དང༌། །ལུས་ནི་དྲང་པོ་བསྲང་ནས་སྡོད་དགོས་ཟེར།།
དེ་ནི་ང་ཚོ་ཞི་གནས་སྒོམ་སྐབས་ཀྱི། །ལུས་ནི་རྣམ་སྣང་ཆོས་ནི་བདུན་ལྡན་ཞེས།།
ཞི་གནས་སྒོམ་ཚུལ་སྐབས་སུ་བཤད་པ་ལྟར། །བསྡད་ན་འགྲིག་ཚོད་རེད་སྙམ་བདག་གིས་དྲན།།
སེམས་ནི་བྱམས་དང་སྙིང་རྗེ་ལ་སོགས་པའ། །དགེ་སེམས་སྣ་རེ་ཅི་སྐྱེ་ལ་འབད་ནས།།
ཞི་ཞིང་དུལ་བའི་ངང་དུ་གནས་དགོས་ཟེར། །དེས་ན་རླུང་སྦྱོར་དེ་དག་སྒོམ་པའི་དུས།།
རབ་ལ་ཞོགས་པ་སྔ་པོ་ཡིན་དགོས་ཀྱང༌ །།མ་བྱུང་དེ་ལྟར་དགོས་པའི་ངེས་པ་མེད།།
དགོང་ཟས་མ་བཟོས་གང་གི་ལྟོ་སྟོང་སྐབས། །ཆུ་ཚོད་གཅིག་ཙམ་རྩེས་ན་རུང་ཞེས་ཟེར།།
དུས་ཚོད་གང་ཞིག་རྩེད་ན་ཆོག་མོད་ཀྱང༌། །ངེས་པར་ལྟོ་སྟོང་དགོས་པ་ནན་གྱིས་བསྐུལ།།
༑ད་ནི་དང་པོ་བྷ་སི་ཏི་རི་ཀ། །ཞེས་པའི་རླུང་སྦྱོར་སྒོམ་ཚུལ་འདི་འདྲ་ཟེར།།
ཁ་མིག་གཉིས་ཀ་བཙུམ་ནས་ལག་པ་གཉིས། །ནུ་མ་གཡས་གཡོན་སོ་སོར་སྦྱར་ནས་ནི།།
སྣ་བུག་གཉིས་ནས་དབུགས་ཀྱི་རྒྱུ་བ་དེ། །དལ་བུ་དལ་བུར་གྱེན་དུ་རྔུབས་པའི་ཚེ།།
ལག་གཉིས་ཀྱིས་ཀྱང་ཐད་དུ་ཕར་ལ་དེད། །དེ་ནས་དལ་བུས་ཕྱི་ལ་གཏོང་བའི་ཚེ།།
ལག་པ་གཉིས་ཀྱིས་ཚུར་དེད་བྲང་དཀྱིལ་གཏུགས། །དབུགས་ནི་ནང་རྔུབ་ཕྱིར་དབྱིན་གང་བྱས་ཀྱང༌།།
སྣ་བུག་གཉིས་ནས་ཆ་གཉམ་དགོས་པ་དང༌། ། ཡར་རྔུབས་གཏིང་རིང་མར་འབྱིན་ཤུགས་ཀྱིས་གཏོང༌།།
ནང་དུ་རྔུབས་པའི་དབུགས་རྣམས་མ་ལུས་པ། །གློ་བར་དགང་ནས་བྲང་ཁོག་བསྐྱིལ་ལ་ལས།།
ལྟོ་བའི་ཕྱོགས་སུ་གཏང་བ་མི་རུང་ཞིང༌། །ལྟོ་བ་ལྷོད་ཀྱིས་རང་བབ་འཇོག་དགོས་ཟེར།།
ཕྱི་དབུགས་ནང་དུ་རྔུབས་པ་དེ་ཡི་ཚེ། །དྭངས་གཙང་རླུང་རྣམས་ནང་དུ་འདྲེན་པར་སོམས།།
ནང་དབུགས་ཕྱི་ལ་འབྱིན་པ་དེ་ཡི་ཚེ། །ནད་ཅན་རླུང་དང་བཙོག་པ་ཅན་གྱི་རླུང༌།།
གློ་བའི་ནད་འབུ་གང་ཡོད་ཕྱི་ལོགས་སུ། །དོན་སོང་སྙམ་པའི་མོས་པ་བསྐྱེད་དགོས་ཟེར།།
ཡར་རྔུབ་གཞན་གྱི་སྡིག་སྡུག་ལེན་པ་དང༌། །མར་འབྱིན་བདེ་དགེ་གཞན་ལ་གཏོང་བ་ཡི།།
གཏོང་ལེན་མན་ངག་བཞིན་དུ་སྒོམ་པ་འམ། །ཡང་ན་འབེབས་སྦྱངས་གྱིས་ན་བཟང་སྙམ་ཤར།།
རླུང་སྦྱོར་གང་ཞིག་སྒོམ་པ་དེ་ཡི་ཚེ། །དཀའ་ངལ་འདྲ་མིན་བྱུང་བའི་དེ་མ་ཐག།
མཚམས་འཇོག་བྱས་ནས་ལྷོད་ལྷོད་སྡོད་པ་གལ །།ཟེར་ནས་འདི་ལ་ནན་ཏན་ཤོད་ཀྱི་འདུག།
ཁྱད་པར་སྙིང་ནད་ཅན་དང་ཁྲག་ཤེད་ཅན། །ཤིན་ཏུ་ག་ལེར་དགོས་ཞེས་ནན་གྱིས་གདམས།།
འདི་ཡི་ཕན་ཡོན་གློ་བའི་ནད་རིགས་དང༌། །དབུགས་བསགས་སེལ་ཞིང་དབུགས་རྒྱུན་རིང་བ་དང༌།།
སྙིང་ལ་ཕོག་པའི་ནད་རིགས་མ་ལུས་པ། །རྨེག་མེད་སེལ་ལ་ཐེ་ཚོམ་མི་དགོས་ཟེར།།
འདི་ཡི་དུས་ཡུན་སྐར་མ་ལྔ་ཡིན་ཟེར། །དེ་ལས་རིང་བ་སྒོམ་མིན་རང་ལ་ལྟོས།།
རླུང་སྦྱོར་དང་པོའི་བཤད་པ་རེ་ཞིག་རྫོགས། །༑རླུང་སྦྱོར་གཉིས་པ་ཀ་པལ་བྷ་ཏི་ཟེར།།
ལུས་ཀྱི་འདུག་སྟངས་སྔར་ལྟར་ཡིན་པ་ལ། །ལག་གཉིས་མཉམ་བཞག་བྱས་པའི་ཚུལ་ཡང་འདུག།
ཤུགས་ཚད་ཆེ་བའི་དབུགས་ཐེངས་གཅིག་གི་ནང༌། །དབུགས་རྣམས་ཚང་མ་ཕྱིར་གཡུག་དགོས་པ་ཡིན།།
གྲོད་ཁོག་ཅུང་ཟད་ནང་དུ་སྟིམ་པ་འམ། །ནང་དུ་འཁུམ་པའི་ཚུལ་འདྲ་དགོས་པར་འདུག།
དེ་ཡི་ལན་གྲངས་སུམ་ཅུ་ཙམ་བྱས་ནས། །དེ་ནས་གང་ནུས་དབུགས་རིང་ཆེན་པོ་ཞིག།
ནང་དུ་རྔུབས་ནས་གྲོད་ཁོག་ནང་དུ་བསྡུས། །དུས་ཡུན་གང་ནུས་དབུགས་རྣམས་ནང་དུ་སྡོམ།།
དེ་ནས་ནང་དབུགས་ཕྱི་རུ་འབྱིན་ཚུལ་ནི། །དང་པོ་སྒང་ཕུག་ཕུ་ནི་བརྡོལ་བའི་སྒྲ།།
གཉིས་པ་ངུར་སྒྲ་ཅུང་ཟད་ཐོན་པ་ཡི། །སྒོ་ནས་དབུགས་རྣམས་རིམ་བཞིན་དལ་གྱིས་ལྷོད།།
བརྙན་ཕབ་འདི་བཞིན་ལྟར་ན་འདི་འདྲ་སྟེ །།རླུང་སྦྱོར་གཉིས་པ་གསུམ་པ་ལྷན་ཅིག་ཏུ།།
བཤད་པ་བཞིན་དུ་འདི་ན་བཀོད་ཡོད་དོ། །གཞན་དུ་བཀོད་པའི་རླུང་སྦྱོར་གསུམ་པ་ཡི།།
བཤད་ཚུལ་ལོགས་སུ་ཡོད་པས་འོག་ནས་འཆད། །དམིགས་པ་དབུགས་ནི་ཡར་རྔུབ་སྐབས་སུ་ནི།།
མདུན་གྱི་ནམ་མཁའི་བླ་མ་ལྷ་ཚོགས་ལས །།བདུད་རྩི་དཔག་མེད་རང་ལ་ཐིམ་སོང་མོས།།
མར་གཡུག་སྐབས་སུ་ནད་གདོན་སྡིག་སྒྲིབ་ཀུན། །མ་ལུས་ཕྱི་རུ་དོན་པའི་མོས་པར་མཛོད།།
༑རླུང་སྦྱོར་གསུམ་པ་བྷ་ཡ་པར་ན་ཡམ །།ལུས་ཀྱི་འདུག་སྟངས་རང་གི་ལུས་རྩལ་རག།
རང་ལུས་མཉེན་པོ་མེད་ན་རྐང་པ་གཉིས། །བརྐྱང་སྟེ་རླུང་སྦྱོར་འདི་ནི་རྩེ་བར་བྱ།།
དབུགས་ནི་རྔུབས་གཏོང་རླུང་སྦྱོར་དང་པོ་འདྲ། །ལག་གཉིས་ལྟག་ཁུང་བསྣོལ་ཏེ་གན་རྐྱལ་ཉོལ།།
དེ་ཡང་ཡར་རྔུབས་དབུགས་ཀྱི་འགྲོས་དང་བསྟུན། །དེ་ནས་ལག་གཉིས་མགོ་བོ་བྲང་ངོས་བཀུག།
དེ་ཡང་མར་འབྱིན་དབུགས་ཀྱི་འགྲོས་ལ་བསྟུན། །འདི་ཡི་ལན་གྲངས་གསུམ་མམ་བཞི་ཡིན་ཟེར།།
དེ་ནས་ལྟོ་ཞབས་དབུགས་ཀྱི་ལྷག་མ་རྣམས།།ལྟེ་བ་སྙིང་དང་མགྲིན་པའི་བར་དུ་འཐེན།།
མགྲིན་པའི་གནས་སུ་གང་ནུས་བཟུང་བྱས་ཏེ །།སླར་ཡང་བཟློག་སྟེ་མགྲིན་པ་སྙིང་ག་དང༌།།
ལྟེ་བའི་བར་དུ་རིམ་གྱི་མར་འབེབ་བྱོས། །དེ་ནས་རྒྱུན་ལྡན་དབུགས་ལྟར་གཏོང་རྔུབས་གྱིས།།
ད་ནི་རླུང་སྦྱོར་གཉིས་པ་གསུམ་པ་ཡི། །ཕན་ཡོན་གང་ཡོད་ལྷན་དུ་བཤད་ན་བདེ།།
སེམས་ཉིད་ཞི་ནས་སེམས་ཁམས་བརྟན་དུ་གཏོང༌། །སེམས་མི་ཞུམ་ཞིང་སེམས་ལ་སྤོབས་པ་སྟེར།།
རྩ་འཁོར་གཙང་ཞིང་ཁྲག་རྩ་འགག་པ་གསོ། །ཁམས་སམ་ཐིག་ལེ་གཙང་ཞིང་དག་པར་བྱེད།།
ཀླད་པ་སྙིང་དང་གློ་བའི་ནད་ཀུན་ཞི། །དེ་བཞིན་ཕོ་མཆིས་མཁལ་མ་བསམ་སེ་འུ།།
བུ་སྣོད་གཙོས་པའི་ནང་ཁྲོལ་ཡོད་ཚད་ཀྱི། །ནད་གཞི་ཀུན་ལ་སྨན་གྱི་སྦྱོར་བ་ལས།།
ཕན་ཡོན་ཆེ་ཞེས་ཚིག་ཐག་གཅོད་ཀྱི་གདའ། །འདི་རྣམས་ཕལ་ཆེར་རླུང་སྦྱོར་གཉིས་པ་ཡི།།
ཕན་ཡོན་ཡིན་པས་རླུང་སྦྱོར་གསུམ་པའི་ཡང༌ །།ཕན་ཡོན་གང་ཡོད་འདིའི་ནང་མ་འདུས་མེད།།
འདི་ལ་དོ་གལ་ཆེན་པོའི་འཛེམ་དགོས་པ། །སྦྲུམ་མ་ཟླ་མཚན་སླེབས་པའི་བུད་མེད་ལ།།
རླུང་སྦྱོར་འདི་གཉིས་གཏན་ནས་མི་རུང་ཟེར། །ཁྲག་དང་སྙིང་གི་ན་ཚ་ཡོད་པ་རྣམས།།
ཤིན་ཏུ་ག་ལེར་དགོས་ཞེས་ནན་གྱིས་བསྐུལ། །ཚ་དྲོད་ཆེ་བའི་སྐབས་སུ་དུས་ཐུང་དགོས།།
གཞན་ཡང་རིགས་འདྲ་ཀུན་ལ་སྦྱར་ནས་འཛེམ། །རླུང་སྦྱོར་གསུམ་པའི་ལེའུ་རེ་ཞིག་རྫོགས།།
༑ད་ནི་རླུང་གི་སྦྱོར་བ་བཞི་པ་འདི། །ཨ་ལོམ་བི་ལོམ་པྲན་ཡ་མ་ཞེས་ཟེར།།
རླུང་སྦྱོར་འདི་ཡི་བྱེད་སྟངས་འདི་ལྟར་ཏེ། །ལག་གཡས་གུང་མོ་མཐེ་བོང་ཕྱོགས་སུ་བཀུག།
དང་པོ་མཐེ་བོང་གཡས་པས་སྣ་ཁུང་གཡས། །བཀག་སྟེ་སྣ་ཁུང་གཡོན་ནས་གློ་བའི་ནང༌།།
རླུང་གིས་མ་གང་བར་དུ་ག་ལེར་བརྔུབ །།དེ་ནས་གུང་མོ་སྲིན་ལག་གཉིས་ཀ་ཡིས།།
སྣ་ཁུང་གཡོན་མ་བཀག་སྟེ་གཡས་པ་ནས །།དབུགས་རྣམས་ག་ལེར་ཕྱིར་བཏང་བྱས་ནས་སླར།།
དེ་ནས་ཡར་རྔུབས་བྱས་ཏེ་གློ་བར་བཀང༌ །།དེ་ནས་གཡས་པ་བཀག་སྟེ་གཡོན་མ་ནས།།
ཕྱིར་གཏང་ཡར་རྔུབས་གཉིས་ཀ་དེ་ལས་བྱོས། །དབུགས་ཀྱི་གཏོང་རྔུབ་མགྱོགས་ཚད་ཇེ་མྱུར་གཏོང༌།།
མཚམས་འཇོག་བྱས་ཚེ་དང་པོ་བརྔུབ་ས་ནས།།དབུགས་རྣམས་མར་བཏང་བྱས་ནས་འཇོག་གིན་གདའ།
རླུང་ཕྱིར་གཏོང་བའི་སྐབས་ནི་གང་ཡིན་ལ། །ལག་མཐིལ་སྣ་ཁུང་ཕྱོགས་སུ་བསྟན་པར་བྱོས།།
ཡུན་ཚད་གང་དགོས་རང་གི་བབ་ལ་ལྟོས། །སྣ་བུག་གཡོན་པའི་རླུང་གི་ཟླ་བ་མཚོན།།
དེ་ཉིད་བསིལ་བར་བྱེད་པའི་བྱེད་ལས་ཅན །།རྩ་ལམ་གཙང་ཞིང་དག་པར་བྱེད་པའི་ཕྱིར།།
ནམ་བྱེད་སྣ་བུག་གཡོན་ནས་འགོ་འཛུགས་དགོས། །ཡུན་ཚད་སྐར་མ་གསུམ་ནས་བཅུའི་བར་བྱ།།
དགག་བྱ་དབྱར་ཁའམ་ཚ་དྲོད་ཆེ་སྐབས་སུ། །སྐར་མ་ལྔ་ལས་མང་བ་མི་རུང་ཟེར།།
ཕན་ཡོན་རྩ་ལམ་གཙང་མར་གྱུར་པ་དང༌། །ལུས་རྒྱས་མདངས་ལྡན་ནད་མེད་འགྱུར་བ་ཡིན།།
རུས་ཚིགས་ན་དང་གྲུམ་བུའི་ནད་གཞི་གསོ། །ཕོ་མོའི་དབང་པོར་འབྲེལ་བའི་ནད་རྣམས་དང༌།།
དེ་བཞིན་ཆམ་ནད་ཡ་མ་མིག་ནད་དང༌། །ནད་རྙིང་ཀན་སེར་ཧ་བི་ཀྲི་ཀྲི་སོགས།།
སྨན་གྱིས་གསོ་བྱ་མིན་པའི་ནད་ཀྱང་གསོ། །གཞན་ཡང་ཁྲག་རྩ་འགག་རྣམས་སངས་པ་དང༌།།
ཁྲག་གི་འཁོར་རྒྱུགས་བཟང་དུ་གཏང་བ་དང༌། །རྩ་འཁོར་གནས་པའི་རླུང་ནི་ཀུན་ད་ལི།།
གྱེན་དུ་ཕྱོགས་ཅིང་དབུ་མའི་ནང་དུ་རྒྱུ། །དེའི་མཐུས་སེམས་རྒྱ་བསྐྱེད་ཅིང་སྤོབས་པ་མཐོ།།
འཇིགས་ཞུམ་མེད་ཅིང་ཞི་བདེའི་སེམས་ཁམས་འཕེལ། །རིགས་ཀྱི་ནུས་པ་ལ་སོགས་བསྐྱེད་པར་བཤད།།
རླུང་སྦྱོར་བཞི་པའི་ལེ་འུ་རྫོགས་སོང་ལགས། །༑གཞན་ཡང་རླུང་གི་སྦྱོར་བ་ལྔ་པ་ནི།།
བརྙན་ཕབ་འདི་ནས་བཤད་ཚུལ་འདི་ལྟ་སྟེ། །མིང་ལ་ཨུ་ཇ་ཡེ་བར་ན་ཡམ་ཟེར།།
སྣ་བུག་བརྒྱུད་ནས་མགྲིན་པས་ཕྱི་དབུགས་རྣམས། །ནང་དུ་རྔུབས་ཐེངས་བཞི་བྱས་ལྔ་པའི་སྐབས།།
གློ་བ་མ་གང་བར་དུ་དབུགས་རིང་རྔུབས། །དེ་ནས་ནང་དུ་གང་ཐུབ་བཀག་བྱས་ནས།།
སྣ་བུག་གཡས་པ་བཀག་ནས་གཡོན་ལས་ཐོངས། །དུས་ཡུན་གང་དགོས་རང་གི་ནུས་པར་བརྟག།།
ཕན་ཡོན་མགྲིན་པའི་ནད་ཀུན་སེལ་བར་བྱེད། །རླུང་སྦྱོར་ལྔ་པ་རྫོགས་སོང་ཨ་རོགས་ཚོ།།
༑རླུང་སྦྱོར་ལུས་ཁམས་བདེ་སྦྱིན་དྲུག་པ་ནི། །ཧྱ་མ་རི་པྲན་ཡཱ་མཱ་ཞེས་ཟེར།།
སྣ་བུག་གཉིས་ནས་གློ་བ་མ་གང་བར། །ཕྱི་ཡི་དབུགས་རྣམས་ནང་དུ་རྔུབས་པར་གྱིས།།
དེ་ནས་མཐེ་བོང་གཉིས་ནས་རྣ་བར་བཀག །གུང་མོ་གཉིས་ཀྱིས་མིག་ནི་ཅུང་ཟད་གནན།།
མཛུབ་མོ་གཉིས་ཀྱིས་ཐོད་པའི་ངོས་གཉིས་ལ། །ཅུང་ཟད་གནན་ནས་སྲིན་ལག་མཐེའུ་ཆུང་བཅས།།
སོར་མོ་བཞི་ཡིས་སྣ་བུག་ངོས་གཉིས་ལ། །ཅུང་ཟད་གནན་ཏེ་ཁ་ནི་བཙུམ་པར་བྱེད།།
དམིགས་པ་སྨིན་མཚམས་རྩ་་ཡི་འཁོར་ལོར་གཏོད། །དེ་ནས་དབུགས་རྣམས་ག་ལེར་ཕྱིར་གཏོང་དང༌།།
ལྷན་དུ་ཨོཾ་ཡིག་ཡིད་བཟླས་སྦྲང་མའི་སྐད། །ལྟ་བུའི་སྐད་གདངས་དམའ་བོས་སྒྲོག་པར་བྱེད།།
ཡུན་ཚད་ཐེངས་མ་བཅུ་གཅིག་ནས་བཟུང་སྟེ། །ཉེར་གཅིག་བར་དུ་གྱིས་ན་ལེགས་ཞེས་ཟེར།།
ཕན་ཡོན་སྲོག་རླུང་ཞི་ཞིང་སེམས་ཁམས་གསོ། །སེམས་འཁྲུགས་ཡིད་ཀྱི་དཀའ་ངལ་མ་ལུས་སེལ།།
ཁྲག་ཤེད་མཐོ་དང་སྙིང་གི་ནད་རིགས་སེལ། །སྒོམ་གྱི་ཉམས་ལེན་བོགས་སུ་ཐོན་པ་འོང༌།།
རླུང་སྦྱོར་དྲུག་པའི་ལེ་འུ་རེ་ཞིག་རྫོགས། །རླུང་སྦྱོར་ལུས་ཁམས་བདེ་སྦྱིན་བདུན་པ་ནི།།
༑རྒྱ་གར་སྐད་ལ་ཨོཾ་ཀར་ཇ་པ་ཟེར། །ལུས་ཀྱི་འདུག་སྟངས་སྔར་ལྟར་ཡིན་པ་ལ།།
ལག་གཉིས་ཁ་གྱེས་པུས་མོ་གཡས་གཡོན་ཞོག །ལག་གཉིས་མཐེ་བོང་གུང་མོའི་རྩེ་གཉིས་སྦྱོར།།
མཛུ་མོ་ལྷག་པ་དྲུག་པོ་ཐད་དུ་རྐྱོངས། །དབུགས་ཀྱི་གཏོང་ལེན་དལ་ཞིང་འཇམ་པའི་ངང༌།།
སྣ་བུག་གཉིས་ནས་དབུགས་ཀྱི་འགྲོ་འོང་ཡང༌། །རང་གིས་མི་ཤེས་པ་ཡི་ཚོད་ཙམ་བྱེད།།
དམིགས་པ་དབུགས་ཀྱི་འགྲོ་འོང་གཉིས་ལ་གཏོད། །ཨོཾ་ཡིག་ཡིད་བཟླས་བུང་པའི་སྐད་ཀྱི་གདངས།།
འགྲོ་འོང་གཉིས་ཀ་སྐར་མ་གཅིག་ཙམ་ལ། །དུས་ཡུན་བསྲིང་བར་ནུས་པ་རབ་ཡིན་ནོ།།
འདི་ཡི་ཕན་ཡོན་གོང་ལྟར་ཡིན་པ་ལ། །རླུང་སྦྱོར་འདི་ནི་དམིགས་བསལ་ཉལ་ཁ་རུ།།
བྱས་ན་རྨི་ལམ་འཁྲུགས་པ་མི་ཡོང་བས། །ཉལ་བའི་གཉིད་ནི་བདེ་ཞིང་སྐྱིད་པར་འགྱུར།།
རླུང་སྦྱོར་ཨོཾ་དཀར་ཇ་པ་རེ་ཞིག་རྫོགས། །ལྷོ་བྲག་སྐུ་ཞབས་བློ་བཟང་དོན་ལྡན་གྱིས།།
རླུང་གི་སྦྱོར་བ་ལུས་ཁམས་བདེ་སྦྱིན་ཞེས། །བརྙན་འཕྲིན་འཁྲབ་ཚན་དྲ་བའི་ལམ་ནས་མཐོང༌།།
འདི་ཡིས་སྐྱེ་བོ་སྟོང་ཕྲག་མང་པོ་ལ། །ཕན་པར་ངེས་སོ་སྙམ་ནས་རྗེས་ཡི་རངས།།
བདག་ཀྱང་ཁྱེད་ཀྱི་གློག་བརྙན་ལ་བལྟས་ནས། །རླུང་སྦྱོར་ཚིགས་བཅད་སྡེབ་པའི་ངལ་བ་བླངས།།
འོན་ཀྱང་མི་ཤེས་རྨོངས་པའི་གཞན་དབང་གིས། །ཆད་ལྷག་ནོར་བའི་སྐྱོན་གྱི་ཉེས་པ་དག།
དཔྱོད་ལྡན་གཟུར་གནས་པ་ཡིས་སྣོན་འཕྲི་སོགས། །ནོར་བ་ལམ་དུ་བསྒྱུར་བར་བྱིན་གྱིས་རློབས།།
ཅུང་ཟད་དག་ཅིང་དགེ་བའི་བསོད་ནམས་ཀྱིས། །སྐྱེ་རྒུའི་ལུས་སེམས་གདུང་བ་རབ་ཞི་ནས།།
བདེ་སྐྱིད་ལྡན་པའི་ཚེ་ཐག་བསྲིང་བར་ཤོག ། ཅེས་པ་འདི་ལྷག་པའི་སེམས་ཀྱིས་སྦྱར་བའི་དགེ་ལེགས་འཕེལ།།
ཤོག་ངོས་འདི་ཐེངས་ 620 བཀླགས་འདུག
སྡེ་ཚན།
བསླབ་བྱ།
ནགས་ལྷ་དྲ་མཛོད།
ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།
གསར་ཤོས་དག : ནགས་ལྷ་དྲ་མཛོད།
དཔྱད་མཆན་འགོད་ས།
རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།
གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།
སྣ་ཚོགས་གསར་ཤོས།
བུད་མེད་ཀྱི་ནུས་སྟོབས།
སྡེ་ཚན། རྒྱུན་ཤེས། | ཟླ་ཚེས་ 28-07-2023 | ཀློག་གྲངས། 101
ནགས་ཤོད་ཅོང་བརྡ། རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག ། རྩོམ་འདིའ... བཀླགས་འཕྲོ...
ནགས་ཤོད་འབྲི་རུའི་གཏམ་དཔེ།
སྡེ་ཚན། རྒྱུན་ཤེས། | ཟླ་ཚེས་ 28-07-2023 | ཀློག་གྲངས། 102
སྡུད་སྒྲིག་པ། ནགས་རྒྱང་འབྲུག ༈ [1]གཏམ་རིན་ཆེན་སྣ་ལྔ་བསླབས་ཀྱང་མི་ཤེས། །འཇའ་ཁ་དོག་སྣ་ལྔ་དེ... བཀླགས་འཕྲོ...
ཁྱིམ་ཚང་གི་བདེ་ཐབས་སྐོར།
སྡེ་ཚན། བསླབ་བྱ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 94
དགའ་ཤར་ནགས་ཤོད་དགེ་བཤེས་ལྷ་རམས་པ་བློ་བཟང་ཕུན་ཚོགས། མི་ཚེའི་བདེ་སྐྱིད་དོན་དུ་གཉེར་མཁན་ཞིག་... བཀླགས་འཕྲོ...
རིས་མེད་བྱེད་དགོས།
འབྲོང་ངུར་ཕོ་ཉ། རིས་མེད་ཀྱི་ཐ་སྙད། རིས་མེད་ཅེས་པའི་ཚིག་འདི་ཕལ་ཆེར་བོད་རང་གིས་གས…
མཆན་གསར་ཤོས།
- ནགས་ཤོད་ནགས་ལ་ས་མཐའ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། རྩོམ་ཡིག་འདིའི་ནང་གི་རྒྱབ་རྟེན་ལུང་དང་སྒྲུབ་བྱེད་རིགས་པ་གཉིས་ལ་བལྟས་ན་ས་མཐའ་ཡོད་པའི་ཕྱོགས་ལ་ཉེ། རྩོམ་པ་པོ། : མི་ནག་མདུང་ཐུང་། on Thu 23 Aug 2018 ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ། (དཔྱད་རྩོམ།)
- དྲིས་ལན་གཟུར་གནས་དགྱེས་པའི་གཏམ་དྲིས་ལན་བཅུ་བརྒྱད་པོ་གནད་ལ་ཕིགས་པའི་དྲིས་ལན་གནང་འདུག་སྙིང་ནས་བཀའ་དྲིན་ཆེ། རྩོམ་པ་པོ། : མིང་འདིར་བྲིས། on Thu 31 May 2018 དྲིས་ལན་གཟུར་གནས་དགྱེས་པའི་གཏམ། (བརྒལ་བརྟག)
མཆན་མང་ཤོས།
-
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན།
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན། ནགས་ཤོད་ཚོ་དགུ་ནི།…
-
ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ།
དགའ་ལྡན་སྙན་བརྒྱུད་སྤྲུལ་པའི་གླེགས་བམ་ལ་བརྟེན་ནས་གསར་རྩོམ་ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ་བཞུགས་སོ།། ན་མོ་གུ་རུ་ཛཱ་ཡ་ཨིཎྜ་ཡ།…
-
དེ་རིང་།
ནགས་ཀྱི་ཤིང་ལོ་ནས། མེ་ལྟར་ཚ་བའི་ཉི་མ་དེས།།ས་གཞི་འདི་ཡང་འབར་རམ་ཅི།།བར་སྣང་ལས་ཀྱས་མེ་འོད་འཕྲོས།།རྐང་འཐུང་ཚོགས་རྣམས་ཉོབ་ཅིང་དུབ།།…
-
དྲིས་ལན་གཟུར་གནས་དགྱེས་པའི་གཏམ།
ཀླུ་སྒྲུབ་བསྟན་པ་ལྗོངས་འདིར་སྤེལ་བ་ལ།།གངས་ཅན་མཁས་པ་ཡོངས་ཀྱི་ཅོད་པཎ་ཞེས། །…
-
ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
འབྲི་རུ་སྐལ་བཟང་རྒྱལ་མཚན། སྟོན་པ་མཆོག་དང་འཕགས་བོད་པཎ་གྲུབ་སྤྱི།།མེས་དབོན་རྣམས་ལ་གུས་པས་རབ་བཏུད་ནས།།ནགས་ཤོད་ནགས་ལ་ས་མཐའ་ཡོད་མེད་ཀྱི།།དགག་སྒྲུབ་གཏམ་གྱི་སྦྱོར་བ་མདོ་ཙམ་སྤེལ།།…