Mon 17 Feb 2020

རིས་མེད་བྱེད་དགོས།

ཚད་གཞི།:
(0 འོས་བླུགས།)

འབྲོང་ངུར་ཕོ་ཉ།

རིས་མེད་ཀྱི་ཐ་སྙད།
རིས་མེད་ཅེས་པའི་ཚིག་འདི་ཕལ་ཆེར་བོད་རང་གིས་གསར་གཏོད་བྱས་པའི་ཐ་སྙད་སྙན་མོ་ཞིག་ཡིན་པར་སྙམ། ཐ་སྙད་སྙན་པོ་འདི་དཀའ་ངལ་མང་པོའི་འོག་ནས་བྱུང་བ་ཞིག་ཡིན་པར་འདོད། རིས་ཡོད་ཀྱིས་གྲུབ་མཐའི་དམར་འཛིངས་དང་རྩོད་རྙོག་དུ་མ་བྱུང་བས། བསྟན་འཛིན་སྐྱེས་བུ་མིག་རྒྱང་རིང་བ་དག་གིས་དོན་དམ་པའི་རིས་མེད་གནང་ཞིང་རིས་མེད་ཅེས་པའི་ཚིག་འདི་བྱུང་བ་ཡིན་ངེས་རེད། འོན་ཀྱང་དེང་སྐབས་མི་མང་པོ་ཞིག་གིས་རིས་མེད་ཅེས་པའི་ཐ་སྙད་འདི་ཆབ་སྲིད་ཀྱི་སྐད་ཆ་ཞིག་ཡིན་པར་འདོད་ཅིང་དེ་ལ་དགའ་བོ་བྱེད་ཀྱི་མི་འདུག དེ་ནི་གཏན་ནས་རྒྱུ་མཚན་མེད་པ་ཞིག་ཡིན་མི་སྲིད། དཔེར་ན་ཁ་ནས་རིས་མེད་ཤ་སྟག་བཤད་ཅིང་དོན་དུ་རང་དོན་ཤ་སྟག་བསྒྲུབ་པའམ། གཞན་ཕྱོགས་གྲུབ་མཐའ་མང་པོ་རིས་མེད་ཀྱི་མིང་ཐོག་ནས་འཇམ་བུས་བསྒྱུར་ཡོད་སྐད་འདུག སྤྱིར་ན་རིས་མེད་ཟེར་བའི་ཐ་སྙད་འདི་ཡི་འཇུག་ཡུལ་ལ་བསམས་ན་དེས་ག་ལ་ཚད། ད་དུང་ཆོལ་ཁ་རིས་མེད་དང་། རྒྱལ་མཚམས་རིས་མེད། ཕོ་མོ་རིས་མེད། མི་རིགས་རིས་མེད། གྲྭ་བཙུན་རིས་མེད་སོགས་འཇུག་ཡུལ་ཧ་ཅང་གིས་མང་།  ག་འདྲ་ཞིག་ལ་རིས་མེད་ཟེར།

ཆོས་ལུགས་ལྟ་བུ་ལ་ལྟོས་ཏེ་བཤད་ན་ཕྱི་ནང་གི་གྲུབ་མཐའ་ཡོད་ཚད་གང་ཟག་ཅིག་གིས་ཉམས་སུ་ལེན་པ་ལ་རིས་མེད་ཡིན་པར་བཤད། ཡང་རང་ཉིད་ཀྱི་གྲུབ་མཐའ་གང་ཡིན་ཁོ་ན་ཉམས་སུ་ལེན་ཞིང་གྲུབ་མཐའ་གཞན་དག་ལ་དག་སྣང་སྦྱོང་བ་ལ་རིས་མེད་ཡིན་པར་གསུང་ཚུལ་མི་འདྲ་བ་ཆེ་ཤོས་གཉིས་མཐོང་གི་འདུག་པ་ལས་ང་རང་གི་བློ་ངོར་འཇུག་བདེ་བ་ནི་ཕྱི་མ་འདི་ཡིན།

དང་པོ་དེ་སྐྱེས་བུ་ཁྱད་པར་འཕགས་པ་དག་ལ་ཡོད་ངེས་ཀྱང་སྐྱེ་བོ་ཡོད་ཚད་ལ་ཡོང་ཐབས་མེད་པ་ཞིག་རེད། གལ་ཏེ་ཚང་མ་ལམ་དེ་འདྲ་ལ་སོང་ན་ཧ་ཅང་ཉེན་ཁ་ཆེ་བའི་རང་བཞིན་ཞིག་རེད། བདག་གི་བླ་མ་ཡིད་བཞིན་ནོར་བུས་རང་ཉིད་ཀྱི་གྲུབ་མཐའ་བཞག་ནས་གཞན་དག་ལ་འཇུག་པ་ནི་རིས་མེད་མ་ཡིན་ལ་མདོ་མེད་དམ་ཆོ་མེད་ཅིག་ཡིན་པར་གསུངས་པ་དེ་ཡིད་ལ་འཐད་པོ་བྱུང་། གོང་དུ་ཞུས་པ་ལྟར་རང་ཉིད་ཀྱི་གྲུབ་མཐའ་དེ་ཆོས་ལུགས་གཞན་དག་ལ་ཁྱབ་སྤེལ་ཆེད་དུ་རིས་མེད་ཡིན་ཟེར་བ་ནི་ངོ་མ་བཤད་ན་ཁྲམ་པ་ཞིག་ཡིན་པར་ཤེས་དགོས།

མདོར་བསྡུས་ནས་ཞུས་ན་རིས་མེད་ཅེས་པའི་དོན་རང་གཅེས་དང་གཞན་གཅེས་ལ་འཇུག དེ་ནི་ཆོས་ལུགས་སོགས་རིས་མེད་ཀྱི་འཇུག་ཡུལ་ཡོད་ཚད་ལ་མེད་ཐབས་མེད་པའི་བསམ་མནོ་ཞིག་ཡིན། རང་ཁོ་ནར་གཅེས་པ་དང་གཞན་ཁོ་ནར་གཅེས་པའི་མཐའ་རུ་ལྷུང་ན་ཉེན་ཁ་ཞིག་ཡིན་པ་ལས་རིས་མེད་ཅིག་ནམ་ཡང་མིན།
རིས་མེད་ཀྱི་དགེ་སྐྱོན།
རིས་མེད་བྱས་པའི་དགེ་མཚན་དང་མ་བྱས་པའི་སྐྱོན་ཆ་ང་ཚོའི་མིག་སྔར་ལྷག་ཡོད། བོད་ནི་ཆོས་ལུགས་ཀྱིས་གྲུབ་པའི་འཇིག་རྟེན་ཞིག་ཡིན། ད་བར་མི་ལོ་སྟོང་ཕྲག་མང་པོར་ཆོས་ལུགས་དང་འགྲོགས་ཏེ་ཡོང་བ་ཞིག་ཡིན་ལ། འབྱུང་འགྱུར་མི་རིགས་འདི་མ་རྫོགས་བར་དུ་ཆོས་ལུགས་དང་ཁ་བྲལ་གཏན་ནས་འགྲོ་མི་སྲིད་པ་ལྟ་བུའི་མི་རིགས་ཤིག་རེད། དེ་ཡང་ཆོས་ལུགས་གཅིག་དང་བླ་མ་གཅིག་གིས་དབང་བསྒྱུར་བྱས་པའི་མི་སྡེ་ཞིག་མིན་པས་ང་ཚོ་ཕན་ཚུན་གཅེས་སེམས་དང་སེམས་ཐག་ཅི་ཙམ་ཉེ་རུ་ཕྱིན་ན་དེའི་ཚོད་ཀྱིས་འདི་ཕྱི་ཀུན་ཏུ་བདེ་བ་དང་། ཞི་བ། སྐྱིད་པོ་ཞིག་ཡོང་ངེས་རེད། དེ་མིན་ང་ཚོའི་ལོ་རྒྱུས་ཀྱི་ཤོག་ངོས་རེ་རེ་དང་། ལྟ་གྲུབ་ཀྱི་གླེགས་བམ་རེ་རེའི་ངོས་སུ་ཡིག་འབྲུ་འབུར་གཟུགས་སུ་གྲུབ་པའི་སྨོད་ཚིག་དང་། མཚང་འབྲུ། བྱས་ཉེས་དེ་ཚོ་ལྟར་སླར་ཡང་དུས་རབས་འདིར་ལག་བསྟར་གནང་ན། ལྷིང་འཇགས་གཏན་ནས་ཡོང་མི་སྲིད་པའི་འཇིག་རྟེན་ཞིག་འགྲུབ་རྒྱུ་ཤོད་མི་དགོས་པ་ཞིག་རེད། དེར་བརྟེན་ཚིག་ཙམ་ཐོས་པས་ཞི་བ་སྟེར་བའི་དོན་ངོ་མའི་རིས་མེད་བྱ་རྒྱུ་ཁ་རྩ་་དགོས་གཏུགས་ཀྱི་གནད་དོན་ཆེན་པོ་ཞིག་མ་ཡིན་ནམ།
རིས་མེད་སུས་བྱེད་དགོས།
རིས་མེད་ནི་སེམས་ཅན་ཐམས་ཅད་མར་མཐོང་ཞིང་སྨྲ་བའི་ཆོས་བྱེད་མི་སྣ་ཚོས་སྣེ་ཁྲིད་ནས་བྱེད་དགོས། འདི་ནི་སྒེར་སེམས་ཆུང་ངུར་གཏོང་བ་དང་རང་གཞན་ལ་འདྲ་མཉམ་གཅེས་སེམས་ཡོད་པ་ཞིག་ལ་རིས་མེད་འདོགས་རུང་བར་ངས་གོང་དུ་བརྗོད་ཟིན་པ་ལྟར་ལགས། དེས་ན་ཆོས་པ་ཚོར་འགན་བླ་མེད་ཡོད་པ་ཞིག་ཡིན། དེ་མིན་ཚོགས་སྡེ་བྱེ་བྲག་པ་དང་མི་སྣ་གང་རུང་ལ་འགན་འཁྲི་ཡོད་པའི་ལས་ཀ་ཞིག་མིན། སྤྱིར་ན་དེང་སང་སྤྱི་ཚོགས་ནང་ཡ་མཚན་ཅན་གྱི་གནས་ཚུལ་མང་པོ་ཡོད། དཀར་སྐྱོང་ཚོགས་མིས་ཤ་ཟ་བ་དང་། རིས་མེད་ཚོགས་མིས་རིས་ཡོད་སྒྲུབ་པ་སོགས་མང་པོ་མཐོང་རྒྱུ་ཡོད། དེ་ཚོ་ཉེན་ཁ་ཆེན་པོ་ཞིག་རེད་བསམ། གང་ལྟར་སྔོན་གྱི་སྐྱེས་བུ་ཆེན་པོ་དག་དང་། དེང་གི་༸གོང་ས་༸སྐྱབས་མགོན་ཆེན་པོ་སོགས་ཀྱི་དགོངས་པ་ལྟར་བོད་མི་རྣམས། ཆོས་ལུགས་ཙམ་མ་ཟད། ཆོལ་ཁ་དང་། ལུང་ཚན། སྡེ་དགོན། སྐྱ་སེར། གྲྭ་བཙུན་སོགས་ཡོད་ཚད་རིས་མེད་གནང་ན་ཁྱོན་ཡོངས་ལ་བདེ་བ་ཡུན་རིང་གནས་ཐུབ་པའི་རྒྱུ་གལ་ཆེན་ཞིག་ཡིན་པར་སྙམ་མོ།། ༢༠༡༧། ༡༡། ༡༤།

ཤོག་ངོས་འདི་ཐེངས་ 2434 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

 གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།

སྣ་ཚོགས་གསར་ཤོས།

བུད་མེད་ཀྱི་ནུས་སྟོབས།

སྡེ་ཚན། རྒྱུན་ཤེས། | ཟླ་ཚེས་ 28-07-2023 | ཀློག་གྲངས། 47

ནགས་ཤོད་ཅོང་བརྡ། རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག ། རྩོམ་འདིའ... བཀླགས་འཕྲོ...

ནགས་ཤོད་འབྲི་རུའི་གཏམ་དཔེ།

སྡེ་ཚན། རྒྱུན་ཤེས། | ཟླ་ཚེས་ 28-07-2023 | ཀློག་གྲངས། 44

སྡུད་སྒྲིག་པ། ནགས་རྒྱང་འབྲུག ༈ [1]གཏམ་རིན་ཆེན་སྣ་ལྔ་བསླབས་ཀྱང་མི་ཤེས། །འཇའ་ཁ་དོག་སྣ་ལྔ་དེ... བཀླགས་འཕྲོ...

ཁྱིམ་ཚང་གི་བདེ་ཐབས་སྐོར།

སྡེ་ཚན། བསླབ་བྱ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 36

དགའ་ཤར་ནགས་ཤོད་དགེ་བཤེས་ལྷ་རམས་པ་བློ་བཟང་ཕུན་ཚོགས། མི་ཚེའི་བདེ་སྐྱིད་དོན་དུ་གཉེར་མཁན་ཞིག་... བཀླགས་འཕྲོ...

མཆན་མང་ཤོས།