ནགས་ཤོད་འབྲི་རུ་ནི། ནགས་ཤོད་པའི་ཆབ་སྲིད་དང༌། དཔལ་འབྱོར་རིག་གནས་འགྲིམ་འགྲུལ་ས་ཚིགས་སོགས་ཀྱི་ལྟེ་བ་ལ་ཡོངས་གྲགས་སུ་ནགས་ཤོད་འབྲི་རུ་ཞེས་པ་དང༌། སྔ་དུས་སུ་ནགས་་་ར་ལྤགས་ཐང་ངམ་སྦུས་མདའ་ཞེས་ད་ལྟ་འབྲི་རུ་རྫོང་ཆགས་སའི་གནས་འདིར་ཡིན། འདིར་སྦུས་མདའ་ཞེས་འབོད་པའི་རྒྱུ་མཚན་ནི། འབྲི་རུ་དགོན་སྦུས་མདའ་རྣམ་རྒྱལ་དཔལ་འབར་གླིང་གི་གཡས་ཕྱོགས་ཀྱི་ལུང་པ་དེའི་མིང་ལ་ཡུལ་སྐད་དུ་སྦུས་ནང་ཞེས་དང༌། དེའི་མདའ་རུ་ཆགས་པས་ན་སྦུས་མདའ་ཞེས་འབོད། ས་གནས་འདིར་འབྲི་རུ་རྫོང་བཙུགས་ནས་འབྲི་རུ་ཞེས་པའི་ཐ་སྙད་འདི་བཀོལ་སྤྱོད་རྒྱ་ཁྱབ་ཏུ་སོང་ནས་དེང་སྐབས་འབྲི་རུ་ཞེས་པ་འདི་རྫོང་ཧྲིལ་པོའི་མིང་དུ་ཆགས་ཡོད། ཡུལ་སྤྱིའི་ས་བབས་ནི། ཤར་དང་ཤར་ལྷོའི་ཕྱོགས་དམའ་བ་དང༌།ནུབ་དང་ནུབ་བྱང་ཕྱོགས་ཅུང་མཐོ་བ་ཡོད་པ་དང༌། གོ་ལའི་ཤར་གྱི་གཞུང་ཐིག་༩༡་༤༧། ༩༤་༢༧ དང༌། བྱང་གི་འཕྲད་ཐིག ༣༡་༡༢། ༣༢་༢༠ བར་ན་གནས་ཡོད། རྒྱ་མཚོའི་ངོས་ནས་མཐོ་ཚད་ཆ་སྙོམས་རྨིད་ ༤༠༠༠ ཡོད། ལོ་རེའི་ཆར་ཆུའི་འབབ་ཚད་ཧོའོ་རྨིད་༥༨༠ནས་༦༥༠བར་ཟིན་གྱི་ཡོད། ས་བབས་ཀྱི་ཁྱད་ཆོས་ནི་དབྱར་ཁར་ཚ་བ་ཆུང༌། ཉི་མ་འཆར་ཡུན་རིང༌། ཉི་འོད་འོག་ཏུ་རླངས་ཆུའི་གྲུབ་ཆ་ཉུང༌། ཆར་དང་ཁ་བ་ཅུང་མང༌། མཁའ་དབུགས་དྭངས་ཤིང་ཁོར་ཡུག་གཙང༌། རྩི་ཤིང་དང་རྩ་ཆེའི་རི་སྐྱེས་སྔོ་སྨན་རིགས་ཀྱི་འབྱུང་ཁུངས་ཡིན་པ་ནི་ནགས་ཤོད་སྦས་ཡུལ་སྨན་ལྗོངས་ཞེས་མིང་དོན་མཚུངས་པ་ད་ལྟའི་དུས་སུ་སྨན་རིགས་ལག་སོན་བྱུང་བ་རྣམ་གྲངས་༣༠༠ལྷག་ཡོད་པ་འབྲི་རུའི་ལོ་རྒྱུས་སུ་གསལ་བ་བཞིན་ཡིན། གཞན་ཡང་གཏེར་དངོས་སོགས་རང་བྱུང་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད། དུས་འགྱུར་སྐབས་བོད་ཁྱོན་ཡོངས་བཞིན་ཡུལ་ལུང་འདིའི་ནང་དུ་དམྱལ་ཁམས་མི་ཡུལ་དུ་འཕོས་པ་ལྟ་བུའི་བཟོད་གླགས་དཀའ་བའི་མནར་གཅོད་དང་གསབ་ཐབས་མེད་པའི་གྱོང་གུད་ཕོག་པ་དང༌། ལྷག་པར་དུ་དགུ་གཉིས་ཀྱི་སྐབས་སུ་མི་མང་གི་གྱེན་ལངས་དང་སུམ་སྟོང་བརྒྱད་བརྒྱའི་དམག་གི་འཐབ་འཁྲུག།།བསྟན་སྲུང་ཆོས་རྒྱལ་དབང་གྲགས་དམག་གི་སྐོར་སོགས་ཁྲག་དམར་བཞུར་བའི་འཇིགས་སུ་རུང་བའི་ལོ་རྒྱུས་ཡོད་ནའང༌། སུས་ཀྱང་མ་གོ་མ་མཐོང་པའི་ཚུལ་གྱིས་གཡོལ་ཐབས་ཁོ་ན་བྱས་ནས་དངོས་བྱུང་གི་ལོ་རྒྱུས་ཡིག་ཐོག་བཀོད་པ་མཐོང་བ་དཀོན་ནོ། ནགས་ཤོད་འབྲི་རུ་རྫོང་ཁོངས་སུ་ད་ཡོད་ཀྱི་དགོན་པ། གསའ་མདའ་དགོན། སེན་ཚ་དགོན། དགའ་རི་དགོན། ཀླུ་མཁར་དགོན། དངུལ་ཁོ་དགོན། རྡོ་རྟེང་དགོན་བཅས་བོན་དགོན་དང༌། ཆགས་རི་དགོན། རྒོད་ལུང་དགོན། སེར་བཀྲ་ཤིས་དགོན་བཅས་རྙིང་མ། འགོམ་དགོན། ཝ་ཐང་དགོན། གླང་དེལ་དགོན་བཅས་བཀའ་བརྒྱུད་དང༌། ཤུག་གདོང་དགོན། གཡག་འཁྲབ་དགོན། ཆོས་སྡེ་དགོན། འབྲི་རུ་དགོན། ཆོས་གླིང་དགོན། སྒྲུབ་སྡེ་དགོན། འབྲོང་སྣ་དགོན། རྭ་ཁྱིམ་དགོན། རབ་བརྟན་དགོན། སྟག་སྨོན་དགོན། བན་སྒར་དགོན། བྱ་སྣ་དགོན་བཅས་དགེ་ལུགས་ཡིན། དགོན་ཁག་སོ་སོའི་བླ་རབས་དང༌། གཙུག་ལག་ཁང་སྐུ་གསུང་ཐུགས་རྟེན་སོགས་ཀྱི་སྐོར་ཞིབ་པར་འབྲི་རུའི་ལོ་རྒྱུས་སུ་གསལ། དེ་བཞིན་ཆོས་ལུགས་གྲུབ་མཐའ་སྣ་མང་འདུས་པའི་ཡུལ་ལུང་ཞིག་ཡིན། ངོ་སྤྲོད་མདོར་བསྡུས་སུ་འབྲི་རུ་སྐལ་བཟང་རྒྱལ་མཚན་གྱིས།།

འཛམ་གླིང་རལ་པའི་རྩེ་ན་ཁ་བའི་མུ་ཁྱུད་དཀར་པོ་གདུགས་ལྟར་འཁྱིལ་བའི་བསིལ་ལྡན་ཁ་བའི་ལྗོངས་ཀྱི་རང་བྱུང་གི་སྐྱེ་དངོས་ལ་བློ་ཁ་ཕྱོགས་མཁན་ཞིག་ཡིན་ཕྱིན་ཆད། སོག་ལ་ཉྭ་འདྲ་བཅུ་གསུམ། བེ་ལ་འབྲོང་ཉལ་བཅུ་གསུམ། ནགས་ལ་རྡོ་ཕུར་བཅུ་གསུམ་ཞེས་གྲགས་པའི་རང་བྱུང་གི་སྐྱེ་དངོས་འདི་གསུམ་ཐོས་མ་མྱོང་མཁན་མེད་པ་ལྟ་བུའི་ཚད་དུ་བསླེབས་ཡོད། དེ་དག་གི་ནང་ནས། རིན་ཆེན་གཏེར་རྫས་དུ་མས་མངོན་པར་འབུར་དུ་ཐོན་པ། མ་བཅོས་ལྷུན་གྱིས་གྲུབ་པའི་ངོ་མཚར་བཀོད་པ་དུ་མས་མཛེས་པའི་རྡོ་ཕུར་འདི་ནི། ནགས་ཀྱི་རྡོ་ཕུར་བཅུ་གསུམ་ནང་གི་ཡ་གྱལ་ཞིག་སྟེ། རྒྱང་ནས་བལྟས་ན་རྒྱལ་མོ་རྔུལ་ཆུའི་དཀྱིལ་དུ་མཆོད་པའི་སྡོང་བུ་བཙུགས་འདྲ། ཉེ་ས་ནས་བལྟས་ན་ལྕགས་ཀྱི་ཀ་བ་གསོན་པོ་ཞིག་གནམ་དུ་ཀྲོང་ངེར་བསླངས་པ་དང་འདྲ་ཞིང༌། མཁས་བླུན་སུ་ཞིག་གིས་མཐོང་རུང༌། རེ་ཞིག་དབང་མེད་དུ་ཧར་གྱིས་གཡེང་དགོས་པའི་ཁྱད་མཚར་དུ་མས་ཕྱུག་པའི་རང་བྱུང་གི་སྐྱེ་དངོས་ཤིག་ཡིན་ཏེ། སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་ཀོང་ཇོ་བཙུན་མོར་བསུ་སྐབས། ལུང་པ་འདི་ནས་དབུས་ལ་བསུས་མྱོང་ཞིང༌། རྒྱ་བཟའ་ཡང་ལུང་པ་འདིར་འབྱོར་སྐབས། དྭངས་གཙང་ཁོར་ཡུག་ཤིན་ཏུ་ཉམས་དགའ་བས་ལམ་བར་གྱི་ངལ་དུབ་སེལ་ཏེ་ལུས་སེམས་བདེ་བར་འཁོད། རྔུལ་ཆུའི་འགྲམ་ངོགས་ནས་ཀྱང་རྡོ་ཕུར་འདི་ལ་ལྟད་མོར་གཡེངས་སྐབས། རྡོ་ཕུར་འདི་ཡི་རང་བཞིན་གྱི་བཀོད་མཛེས་ལ་ངོ་མཚར་ཤིན་ཏུ་ཆེན་པོ་སྐྱེས་ཏེ། སྤྱན་ཆབ་ཕྲེང་རྡོག་རེ་ཟུང་ཆུ་བོའི་ནང་དུ་ལྷུང་སྟབས། དོན་ལ་རྒྱ་མོ་ཧ་ལས་ནས་ངུ་ཤོར་བས། ཆུ་མོ་འདི་ཡི་མིང་ལ་རྒྱ་མོ་ངུ་ཆུ་ཞེས་མིང་ཐོག་མར་ཐོགས་ཀྱང༌། ཕྱིས་སུ་ཡུལ་སྐད་དབང་བཙན་སྟབས་རྒྱལ་མོ་རྔུལ་ཆུ་ཞེས་ཐ་སྙད་ཟུར་ཆགས་པ་ཡིན་ཞེས་བཤད་སྲོལ་ཡོད། ད་དུང་དེང་རབས་ཀྱི་དངོས་ཁམས་རིགས་པ་སྨྲ་བ་ཚོས་ཀྱང་རྡོ་ཕུར་འདི་ལ་ཁྱད་མཚར་ཅན་གྱི་ཡོན་ཏན་གཞན་ཞིག་ལྡན་པ་མཐོང་བ་ནི། ལུང་པ་འགའ་ལ་ཆུ་ཐིགས་ཟགས་ཤུལ་གྱི་བྲག་རྡོ་ལ་ཨི་ཁུང་དོད་འགྲོ་བ་དངོས་པོའི་ཆོས་ཉིད་ཡིན་ཅིང༌། ལོ་ངོ་ཁྲི་ཕྲག་ཙམ་གྱི་རིང་ལ་ཆུ་བོ་རྒྱུགས་ཤུལ་དུ་ཡོད་པའི་བྲག་རྡོ་རྣམས་ལ་ཆུ་ཡིས་དེད་ཤུགས་ཀྱིས་བོང་ཚད་གྲུ་གང་ཙམ་འཛད་ཀྱི་ཡོད་པ་མངོན་སུམ་དུ་མཐོང་བས། རྡོ་ཕུར་འདི་ནི་ལོ་ངོ་ས་ཡ་མང་པོའི་རིང་ལ་སྐད་ཅིག་ཀྱང་ཡོལ་བ་མེད་པ་ཆུ་མོ་རྔུལ་ཆུའི་རྦ་རླབས་ཀྱིས་བརྡར་ཀྱང་འཛད་དུ་མེད་པའི་རིན་ཆེན་གཏེར་རྫས་ཀྱི་ནུས་པ་ཁྱད་པར་ཅན་ཞིག་ཡིན་པ་ཚོད་དཔགས་དང་རྟོག་ཞིབ་ཀྱང་བྱེད་བཞིན་ཡོད།། ངོ་སྤྲོད་མཚམས་སྦྱོར་མདོར་བསྡུས་སུ་ནགས་ཤོད་བ་བསྟན་སྐྱོང་གིས།།