- མདུན་ངོས།
- ནང་ཆོས།
- ནང་ཆོས་ངོ་སྤྲོད།
- ས་ག་ཟླ་བ།
Fri 13 Apr 2018
ས་ག་ཟླ་བ།
ནགས་ཤོད་སྐལ་རྒྱན། སངས་རྒྱས་བཅོམ་ལྡན་འདས་འཛམ་བུ་གླིང་དུ་བྱོན་ནས་
ཆོ་འཕྲུལ་རྣམ་པ་གསུམ་གྱི་སྒོ་ནས་འགྲོ་བ་རྣམས་གྲོལ་བ་མཛད་པའི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས་མཛད་པ་བཅུ་གཉིས་ནི་རྣམ་ཐར་གྱི་སྤྱི་སྡོམ་ལྟ་བུ་ནང་པ་ཀུན་གྱིས་ངོས་འཛིན་གཅིག་གྱུར་བྱེད་ཀྱི་ཡོད། དུས་ཆེན་དེ་དག་ཏུ་བཀའ་དྲིན་རྗེས་དྲན་དང་གསོལ་འདེབས་སྨོན་ལམ། ཚོགས་བསགས་སྒྲིབ་སྦྱང་སོགས་རྣམ་དཀར་དགེ་ལས་ལ་ཆེས་ཆེར་བརྩོན་ཀྱི་ཡོད། ལྷག་པར་ས་ག་ཟླ་བའི་ཚེས་བཅོ་ལྔར་ནམ་གྱི་གུང་ལ་ལྷུམས་སུ་ཞུགས་པ་དང་། དཔྱིད་ཟླ་ཐ་ཆུང་ཡར་ངོ་སྟེ་ས་གའི་ཚེས་བདུན་ལ་སྐུ་བལྟམས། ས་བྱི་ས་གའི་ཚེས་བརྒྱད་ལ་རབ་ཏུ་བྱུང་། སོ་ལྔར་ཤིང་རྟ་ས་གའི་ཚེས་བཅོ་ལྔའི་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག ཐོ་རངས་སུ་མངོན་པར་རྫོགས་པ་སངས་རྒྱས། དཔྱིད་ཟླ་ཐ་ཆུང་ཉ་སྟེ་ས་གའི་བཅོ་ལྔར་མྱ་ངན་ལས་འདས་ཚུལ་བསྟན་པ་སོགས་ས་ག་ཟླ་བར་མཛད་པ་དུ་མ་ཡང་ཡང་བསྟན་པས་ཆེས་ཁྱད་པར་འཕགས་པའི་དུས་ཆེན་བླ་མེད་དུ་གྱུར་པ་ཡིན། དུས་སྟོན་བྱེད་པའི་ལུགས་སྲོལ་འདི་དག་སྟོན་པ་བཞུགས་དུས་ནས་དར་ཏེ། ལུང་གཞི་ལས། བཅོམ་ལྡན་འདས་དཔྱིད་ཟླ་ཐ་ཆུང་ས་ག་ལ་སྐུ་བལྟམས་སོ་ཞེས་གསུངས་ཤིང་། འགྲེལ་ཆུང་ལས་ཚེས་བདུན་ལ་སངས་རྒྱས་ཡུམ་གྱི་ལྷུམས་ནས་བལྟམས་ཞེས་བཤད་པ་དང་། རྣམ་བཤད་ཉི་མའི་འོད་ཟེར་ལས་འགྲེལ་ཆུང་ལས་བཤད་པ་ལྟར་དཔྱིད་ཟླ་ཐ་ཆུང་ཡར་ངོའི་ཚེས་བདུན་སྐར་མ་རྒྱལ་ལ་བབ་པའི་ཚེ་ན་སྐུ་བལྟམས་པའི་དུས་སྟོན་བྱའོ། ཞེས་གསུངས་པ་ལྟར་སྐུ་བལྟམས་པའི་དུས་སྟོན་ནི་འཇིག་རྟེན་པའི་སྐྱེས་སྐར་སྲུང་བརྩི་བྱེད་པའི་ཡུལ་ཆོས་དང་མཐུན་པའི་སྒོ་ནས་སྟོན་པའི་བཀའ་དྲིན་རྗེས་དྲན་དང་བསོད་ནམས་རླབས་པོ་ཆེ་གསོག་པའི་དགའ་སྟོན་རྒྱ་ཆེར་བཤམས་ཀྱི་ཡོད་པ་རེད། དེ་བཞིན་འཇིག་རྟེན་པའི་ཚུལ་ལུགས་ལ་བྱིས་པ་ཆུང་ངུ་སྐྲ་ལན་གཅིག་བྲེགས་པ་དེ་དང་མཐུན་པར་དགུང་ལོ་ལྔ་ལོན་པ་ན་དབུ་སྐྲ་བྲེགས་པའི་དུས་སྟོན་གསུངས་པ་དང་། དགུང་ལོ་དྲུག་ལོན་པ་ན་གཙུག་ཕུད་བཞག་ནས་ད་ཕྱིན་དབུ་སྐྲ་མི་འདྲེག་ཅེས་གཙུག་ཕུད་བཞག་པའི་དགའ་སྟོན་གསུངས་པ་དང་། དགུང་ལོ་ཉེར་དགུ་ལོན་པ་ན་ཁྱིམ་ནས་མངོན་པར་བྱུང་སྟེ་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བྲེགས་ཏེ་སྟེང་གི་ནམ་མཁའ་ལ་བོར་བ་དང་བརྒྱ་བྱིན་གྱིས་མཁའ་ལས་བླངས་ནས་མཐོ་རིས་ཀྱི་གནས་སུ་བཞག་པ་གྱུར་པའི་ཉིན་མོ་དེར་དད་པ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་གིས་དུས་སྟོན་བྱས་པ་དེ། གཙུག་ཕུད་འདྲེག་པའི་དུས་སྟོན་གསུངས་པ་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱིས་ཀྱང་མཆོད་པའི་རྟེན་དུ་བྱེད་ཅིང་ལོ་རེ་བཞིན་གཙུག་ཕུད་ཀྱི་དུས་སྟོན་བྱེད་པ་ཡང་གྲགས་སོ། ། ལུང་གཞི་ལས་ཚེས་བཅོ་ལྔ་ཟླ་བ་སྒྲ་གཅན་གྱིས་ཟིན་པའི་ནུབ་མོ་སངས་རྒྱས་པར་གསུངས་ཤིང།
མངོན་པར་འབྱུང་བའི་མདོ་ལས་ཀྱང་དེ་ནས་རྒྱལ་པོ་ཟས་གཙང་ལ་རང་གི་སྐྱེས་བུ་རྣམས་ཀྱིས། ལྷ། དགྱེས་པ་བསྐྱེད་དུ་གསོལ། གཞོན་ནུས་བླ་ན་མེད་པའི་ཡེ་ཤེས་བརྙེས་སོ། །དེ་ཐོས་པ་དང་ཉི་མ་དེ་ཉིད་ལ་གྲགས་འཛིན་མ་ལའང་ཁྱེའུ་ཞིག་གཙས་སོ། ཟས་གཙང་གིས་ཕུན་སུམ་ཚོགས་པ་དེ་མཐོང་ནས་དགའ་བ་དང་། མགུ་བ་དང་། རབ་ཏུ་དགའ་བ་དང་། རངས་པ་རྒྱ་ཆེན་པོས་དགའ་སྟོན་རྒྱ་ཆེར་བཤམས་པ་གསུངས་སོ། ལུང་གཞི་ལས་ཚེས་བཅོ་ལྔ་ཟླ་བ་སྒྲ་གཅན་གྱིས་ཟིན་པར་གསུངས་པ་དང་། མངོན་པར་འབྱུང་མདོས་སྲས་ཀྱི་མཚན་ལ་སྒྲ་གཅན་འཛིན་དུ་གཏགས་པ་གསུངས་པ་གཅིག་ཏུ་འདུག་གོ དངོས་སུ་གསུངས་པའི་དུས་སྟོན་དག་དང་མཐུན་པར་སྟོན་པའི་མཛད་རྣམ་དག་ལ་དགའ་མགུ་རངས་པ་ཆེན་པོས་གསོད་ནམས་རླབས་པོ་ཆེ་གསོག་རྒྱུ་ནི་དུས་སྟོན་གྱི་དགོས་དོན་གཙོ་བོ་དང་། མྱ་ངན་ལས་འདས་པ་མཐའ་མའི་མཛད་པའི་སྐབས་དགེ་ཚོགས་རྒྱ་ཆེར་བསྒྲུབས་ཀྱང་དུས་སྟོན་བྱས་པ་མ་ཡིན་ཏེ། དུས་སྟོན་ནི་དགའ་སྟོན་ཡིན་ན། སྟོན་པ་མྱ་ངན་ལས་འདས་པས་ཡིད་གཟེར་བའི་སྒོ་ནས་མཆོད་པ་དང་སྒྲུབ་པ་བྱེད་པ་ཁྱད་པར་ཆེ་སྙམ་མོ། ། མདོར་ན་སྟོན་པ་བཀའ་དྲིན་ཅན་གྱི་མཛད་རྣམ་དག་ནི་བློ་ཆེན་རྒྱལ་སྲས་དང་ཚངས་དབང་རྣམས་ཀྱི་ཡུལ་མིན་ན་ཐ་མལ་བྱིས་བློའི་སྤྱོད་ཡུལ་ཇི་ལྟར་འགྱུར། འོན་ཀྱང་རང་བློར་ཚིག་སྤྱི་ཙམ་ཞིག་ཡིད་ཤར་གྱིས་མཛད་རྣམ་དག་ལ་ཡིད་སྨོན་སྐད་ཅིག་ཙམ་རེ་སྐྱེས་ན་ཕན་ཡོན་ཆེ་སྙམ་མོ། དེ་རིང་ནི་ས་ག་ཟླ་བའི་དུས་ཆེན་གྱི་ཚེས་བཅོ་ལྔ་ཏག་ཏག་རེད། དགེ་ཚོགས་འགྱུར་སྟོབས་ཆེ་བས་འབུམ་འགྱུར་ཟླ་བ་ཞེས་གྲགས། ཁྱོད་ནམ་རྒྱུན་དགེ་བ་སྒྲུབ་ཁོམ་མེད་དམ། ཡང་ན་སྒྲུབ་འདོད་མེད་པ་ཞིག་ཡིན་ཀྱང་སྲིད། གང་ལྟར་རང་གི་འདོད་ཐོག་ལ་བཞག་པས་བློ་བདེ་ཡོད་ངེས། འོན་ཀྱང་སྐབས་ལ་ལར་དགེ་སྒྲུབ་ལ་ཞུགས་ན་ཁྱོད་ལ་ཚོར་བ་དང་གྲུབ་འབྲས་གསར་པ་ཞིག་ཐོབ་སྲིད། འདི་ནི་རྒྱུ་འབྲས་ཀྱི་འགྲོ་སྟངས་རེད། རྒྱུ་འབྲས་ལབ་མ་ཐག་ཆོས་སྐད་ཡིན་སྣང་གིས་འདྲོག་མི་ཉེན། ས་མྱུག་གི་རྒྱུ་འབྲས་ཀྱང་ཡོད་པ་རེད། ཁྱོད་ཀྱིས་རིན་ཐང་གང་ཞིག་བཞག་ཀྱང་ཆོག ཕན་ཐོག་ཡོད་ན་ལག་ལེན་ལ་འཇུག་རྒྱུ་ནི་བློ་གྲོས་གྱི་རིན་ཐང་ངོ་མ་ཡིན། འདོད་པའི་བདེ་སྐྱིད་ལ་ཕྲ་རག་གཉིས་ཡོད་པས་སྒོ་ལྔས་མྱོང་བའི་བདེ་སྐྱིད་ནི་གཟུགས་སྒྲ་སོགས་འཕྲད་སྟོབས་ཀྱིས་ཡོང་གི་ཡོད། ཁྱོད་ཀྱིས་དེར་འཕྲད་ཐབས་ངལ་བ་དུ་མས་འགྲུབ་སྲིད་ཀྱང་ཕྲ་བ་སེམས་བདེ་ནི་འགལ་རྐྱེན་མང་པས་འཕྲལ་འཕྲལ་དུ་བསྒྲུབ་མི་ཐུབ།
དེ་ཡང་ཉོན་མོངས་ཀྱིས་སྦྱར་བའི་སྡུག་བསྔལ་དག ནང་སེམས་ཀྱིས་བཅོས་ཐབས་ལས་ཕྱི་རོལ་ཀྱི་ཐབས་ལམ་གཞན་མེད། དེས་ན་ནང་ཆོས་ནི་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐབས་མང་ཤོས་དང་ཡག་ཤོས་གསུངས་པའི་བདེན་ཚིག་འདིས་སུ་ཡང་བསླུ་མི་སྲིད། དངོས་པོ་ཀུན་ལ་ལྡོག་ཕྱོགས་རེ་ཡོད་པས་ཕན་གནོད་འདྲེན་པའི་གནས་ལུགས་ཡོད་ལ་ནང་གི་སེམས་ཁམས་ལའང་ཁྱད་པར་དེ་དག་གཅིག་མཚུངས་དང་འགལ་ཟླ་སྟོབས་ལྡན་ཡོད་པ་ནང་ཆོས་ཀྱིས་བཤད་ཀྱི་ཡོད། ཞིབ་ལྟ་དང་རྒྱུ་མཚན་དེ་དག་གིས་དེང་རབས་པ་གསུང་སྐད་ཤོར་བ་བདེན་ཚིག་དངོས་རེད། དེས་ན་ཁྱོད་ཀྱིས་སྐབས་ལ་ལར་ཤེས་བྱའི་རྣམ་གྲངས་སུ་ནང་ཆོས་རྒྱུས་ལོན་བྱེད་ན་གྱོང་ཁ་སྟེར་མི་སྲིད། འདི་རང་གི་བདེ་སྐྱིད་དང་འབྲེལ་བའི་རྩ་དོན་ཆགས་ཡོད། རྗེས་སུ་བསྟོད་སྨད་ཅི་ཞིག་བྱས་ཀྱང་རང་དབང་གིས་འཇུག་ཆོག་སྙམ་མོ།། དེ་ཡང་ད་ལྟ་སྙིང་ཐག་པ་ནས་འབད་ནས་བསྒྲུབ་ན་འགྲུབ་པ་རྣམས་འབད་པས་སྒྲུབ།རེ་ཞིག་ལ་བྱར་མི་ནུས་རྣམས་ཀྱང་སྨོན་པའི་ཡུལ་དུ་བྱས་ནས་དེ་དག་ཉམས་སུ་ལེན་ནུས་པའི་རྒྱུར་ཚོགས་གསོག་སྒྲིབ་པ་སྦྱོང་སྨོན་ལམ་མང་དུ་བྱས་ན་རིང་པོར་མི་ཐོགས་པར་ཉམས་སུ་ལོངས་པར་འགྱུར་རོ། དེ་ལྟར་མི་བྱེད་པར་རང་གིས་མི་ཤེས་པའང་མི་བྱེད་པའི་ཕྱོགས་བཟུང་ནས་དེ་དག་ལ་བསླབ་མི་དགོས་སོ་ཞེས་སྨྲ་ན་ནི་རང་ཡང་ཕུང་ལ་གཞན་ཡང་ཕུང་བར་བྱེད་ཅིང་བསྟན་པ་ནུབ་པའི་ཡང་རྐྱེན་དུ་འགྲོ་བས་མི་བྱ་སྟེ། ཞེས་ལམ་རིམ་ལས་གསུངས་པའི་སྡོམ་ཚིག་འདི་དག་ལ་བསམ་གཞིག་ཅུང་ཙམ་བྱེད་ཐུབ་ཚེ་གནས་ལུགས་འགའ་ལ་མི་རྨོངས་པའི་སྐྱ་རེངས་ཤིག་འཆར་ངེས་སོ།།མདོར་ན་སྟོན་པ་བཀའ་དྲིན་ཅན་གྱི་མཛད་རྣམ་དག་ནི་བློ་ཆེན་རྒྱལ་སྲས་དང་ཚངས་དབང་རྣམས་ཀྱི་ཡུལ་མིན་ན་ཐ་མལ་བྱིས་བློའི་སྤྱོད་ཡུལ་ཇི་ལྟར་འགྱུར། འོན་ཀྱང་རང་བློར་ཚིག་སྤྱི་ཙམ་ཞིག་ཡིད་ཤར་གྱིས་མཛད་རྣམ་དག་ལ་ཡིད་སྨོན་སྐད་ཅིག་ཙམ་རེ་སྐྱེས་ན་ཕན་ཡོན་ཆེ་སྙམ་ནས་ས་ག་ཟླ་བའི་ཡར་ངོའི་ཚེས་གཅིག་ཉིན་བྲིས་སོ། །
རྩོམ་ཡིག་འདི་ཐེངས་ 2417 བཀླགས་འདུག
ཤོག་ངོས་འདི་ཐེངས་ 559 བཀླགས་འདུག
སྡེ་ཚན།
ནང་ཆོས་ངོ་སྤྲོད།
ནགས་ལྷ་དྲ་མཛོད།
ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།
གསར་ཤོས་དག : ནགས་ལྷ་དྲ་མཛོད།
སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་
དགེ་སྡིག་བླང་དོར་གསལ་བའི་སྒྲོན་མེ། »
དཔྱད་མཆན་འགོད་ས།
རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།
གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།
ནང་ཆོས་གསར་ཤོས།
སྐྱབས་འགྲོ།
སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 91
འཇམ་དབྱངས་མཁས་བཙུན། སྙིང་དོན། སྐྱབས་འགྲོ་ཞེས་པ་ནི་ཆོས་ལུགས་ཀྱི་བརྡ་ཆད་ཅིག་རེད། སྐྱབས་འགྲ... བཀླགས་འཕྲོ...
བློ་སྦྱོང་ཚིག་བརྒྱད་མའི་རོབ་འག…
སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 91
ལྕེ་རླུང་འཚུབ། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། ། དེ་ཡི་རྗེས་འཇུག་འཕགས་བོད་མཁས་གྲུབ་... བཀླགས་འཕྲོ...
ལྟར་སྨོན་དགོན་གྱི་དུར་ཁྲོད་ཀྱི…
སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 104
དགེ་བཤེས་ལྷ་རམས་པ་ངག་དབང་ཐོགས་མེད། བལྟས་པ་ཙམ་གྱིས་མོས་པ་སྐྱེ་བའི་དགོན། ། མདོ་སྔགས་ཆོས་འཁ... བཀླགས་འཕྲོ...
ཤྲི་ལང་ཀར་བསྐྱོད་པའི་ཟིན་ཐོ།
དགེ་བཤེས་ལྷ་རམས་པ་ངག་དབང་བསྟན་པ། ཕྱི་ལོ་༢༠༢༡ཟླ་༡༢ཚེས་༡༩ཉིན་ཤྲི་ལང་ཀ་རུ་འབྱོར། ད…
མཆན་གསར་ཤོས།
- ནགས་ཤོད་ནགས་ལ་ས་མཐའ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། རྩོམ་ཡིག་འདིའི་ནང་གི་རྒྱབ་རྟེན་ལུང་དང་སྒྲུབ་བྱེད་རིགས་པ་གཉིས་ལ་བལྟས་ན་ས་མཐའ་ཡོད་པའི་ཕྱོགས་ལ་ཉེ། རྩོམ་པ་པོ། : མི་ནག་མདུང་ཐུང་། on Thu 23 Aug 2018 ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ། (དཔྱད་རྩོམ།)
- དྲིས་ལན་གཟུར་གནས་དགྱེས་པའི་གཏམ་དྲིས་ལན་བཅུ་བརྒྱད་པོ་གནད་ལ་ཕིགས་པའི་དྲིས་ལན་གནང་འདུག་སྙིང་ནས་བཀའ་དྲིན་ཆེ། རྩོམ་པ་པོ། : མིང་འདིར་བྲིས། on Thu 31 May 2018 དྲིས་ལན་གཟུར་གནས་དགྱེས་པའི་གཏམ། (བརྒལ་བརྟག)
མཆན་མང་ཤོས།
-
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན།
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན། ནགས་ཤོད་ཚོ་དགུ་ནི།…
-
ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ།
དགའ་ལྡན་སྙན་བརྒྱུད་སྤྲུལ་པའི་གླེགས་བམ་ལ་བརྟེན་ནས་གསར་རྩོམ་ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ་བཞུགས་སོ།། ན་མོ་གུ་རུ་ཛཱ་ཡ་ཨིཎྜ་ཡ།…
-
དེ་རིང་།
ནགས་ཀྱི་ཤིང་ལོ་ནས། མེ་ལྟར་ཚ་བའི་ཉི་མ་དེས།།ས་གཞི་འདི་ཡང་འབར་རམ་ཅི།།བར་སྣང་ལས་ཀྱས་མེ་འོད་འཕྲོས།།རྐང་འཐུང་ཚོགས་རྣམས་ཉོབ་ཅིང་དུབ།།…
-
དྲིས་ལན་གཟུར་གནས་དགྱེས་པའི་གཏམ།
ཀླུ་སྒྲུབ་བསྟན་པ་ལྗོངས་འདིར་སྤེལ་བ་ལ།།གངས་ཅན་མཁས་པ་ཡོངས་ཀྱི་ཅོད་པཎ་ཞེས། །…
-
ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
འབྲི་རུ་སྐལ་བཟང་རྒྱལ་མཚན། སྟོན་པ་མཆོག་དང་འཕགས་བོད་པཎ་གྲུབ་སྤྱི།།མེས་དབོན་རྣམས་ལ་གུས་པས་རབ་བཏུད་ནས།།ནགས་ཤོད་ནགས་ལ་ས་མཐའ་ཡོད་མེད་ཀྱི།།དགག་སྒྲུབ་གཏམ་གྱི་སྦྱོར་བ་མདོ་ཙམ་སྤེལ།།…