Fri 13 Apr 2018

དགེ་སྡིག་བླང་དོར་གསལ་བའི་སྒྲོན་མེ།

ཚད་གཞི།:
(1 འོས་བླུགས།)

དགའ་ཤར་ལྷོ་པ་ནགས་ཤོད་པ་བློ་བཟང་ཕུན་ཚོགས།

རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་ནི།།
གངས་ཅན་བོད་ཀྱི་ལྷ་སྐལ་ཏེ།། 
འཇིག་རྟེན་དབང་ཕྱུག་ཟློས་པའི་གར།། 
༧སྐྱབས་མགོན་བླ་མས་མི་འབྲལ་སྐྱོངས།།

སྡུག་གི་མུན་པ་བསལ་བ་དང༌།།
བདེ་བའི་སྣང་བ་སྟེར་བྱེད་པའི།།
ལུས་ངག་ཡིད་ཀྱི་ལེགས་སྤྱད་དེ།།
དགེ་བཅུའི་ཆོས་ཀྱིས་ཤིས་པ་སྩོལ།།

ཁམས་གསུམ་འཁོར་བའི་བཙོན་རྭ་རུ།། 
གནས་པའི་ཉམ་ཐག་འགྲོ་བ་ཀུན།། 
སྡིག་མེད་དགེ་ལ་སྤྱོད་པའི་ཕྱིར།། 
དགེ་སྡིག་སྤང་བླངས་བཤད་པར་བྱ།།

ཁོ་བོའི་བཤད་ཆོས་ཟབ་མོ་འདི།། 
རང་ཉིད་ཆོས་ལ་འཇུག་པ་ཡིས།། 
ཉམས་མྱོང་ཚད་མ་མ་ཡིན་ཀྱང༌།། 
ཆོས་དང་མཐུན་པའི་བདེན་གཏམ་ཡིན།།

ཕུང་པོ་ལ་ནི་ལྟོས་མེད་ཀྱིས།། 
ང་ཞེས་འཛིན་པ་ཨ་འཐས་ལ།། 
བདག་འཛིན་གཏི་མུག་མུན་པ་ཟེར།། 
དེ་ལས་ཆགས་སྡང་སྣ་ཚོགས་འབྱུང༌།།

དུག་དང་འདྲ་བའི་འདོད་ཆགས་དང༌།། 
དེ་བཞིན་ཞེ་སྡང་གཏི་མུག་གསུམ།།
རྩ་བར་བྱེད་པའི་མི་དགེ་ཡི།། 
ཡལ་འདབ་འབྲས་བུ་སྣ་ཚོགས་འཕེལ།།

དེ་ཡང་དཔལ་ལྡན་ཟླ་བ་ཡིས།། 
ཉོན་མོངས་པ་དང་དེ་ཡི་སྐྱོན།། 
ཐམས་ཅད་འཇིག་ཚོགས་ལྟ་བ་ལས།། 
འབྱུང་ཞེས་བརྩེ་བས་འགྲོ་ལ་གདམས།།

མི་དགེ་བཅུ་པོ་སྡོམ་པ་ནི།། 
དགེ་བ་བཅུ་ལ་སྤྱོད་པ་ཡིན།། 
གྲོགས་དག་དགེ་ལ་བརྩོན་ཤིག་ཀྱེ།། 
དགེ་བའི་འབྲས་བུ་བདེ་བ་ཉིད།།

བཟོད་མེད་སྡུག་བསྔལ་མི་འདོད་ཅིང༌།།
འཕྲལ་ཡུན་ཀུན་ཏུ་བདེར་འདོད་ན།། 
གྲོགས་དག་སྡིག་ལ་འཛེམ་ཞིག་ཀྱེ།། 
སྡིག་པའི་འབྲས་བུ་སྡུག་བསྔལ་ཉིད།།

མི་དགེ་སྡིག་པའི་རྣམ་སྨིན་ལ།།
ཆེ་འབྲིང་ཆུང་གི་དབྱེ་བ་ཡོད།། 
རིམ་བཞིན་དམྱལ་བ་ཡི་དྭགས་དང༌།། 
དུད་འགྲོའི་སྐྱེ་བ་རྣམས་སུ་འགྲུབ།།

ཞེ་སྡང་གིས་བྱས་དམྱལ་བ་དང༌།། 
འདོད་ཆགས་ཀྱིས་བྱས་ཡི་དྭགས་དང༌།། 
གཏི་མུག་གིས་བྱས་དུད་འགྲོ་སོགས།།

སྐྱེ་ཚུལ་གསུངས་པ་འགའ་ཡང་འདུག།།
དམྱལ་བའི་ཚ་གྲང་སྡུག་བསྔལ་དེ།།
སྔོན་ཚེ་ཐུབ་པའི་དབང་པོས་ཀྱང༌།། 
ཇི་བཞིན་གསུངས་པར་མ་ཕོད་ན།། 
འུ་ཚོས་བཟོད་ནུས་ག་ལ་ཡིན།།

བཀྲེས་སྐོམ་ནད་ཀྱིས་བར་མེད་དུ།། 
མནར་བའི་ཡི་དྭགས་འགྲོ་བ་ཡང༌།། 
བདེ་བའི་གོ་སྐབས་མི་འདུག་པས།། 
ཡི་དྭགས་སྐྱེ་བའི་རྒྱུ་ཚོགས་སྤོངས།།

བཀོལ་སྤྱོད་དང་ནི་གཏི་མུག་དང༌།།
གཅིག་ལ་གཅིག་གིས་ཟ་བ་སོགས།།
ཉམ་ཐག་དུད་འགྲོའི་སྡུག་བསྔལ་དག། 
ཡང་ཡང་བསམ་ནས་སྡིག་པ་སྡོམ།།

རྒྱ་ལ་མི་རུ་སྐྱེས་ན་ཡང༌།། 
ལས་ངན་སྡིག་པའི་འབྲས་བུ་ལ།། 
རྒྱུ་མཐུན་དང་ནི་བདག་པོ་ཡི།། 
འབྲས་བུ་རྣམ་པ་གཉིས་སུ་འབྱུང༌།།

རྒྱུ་ངན་མི་དགེ་འདི་དག་དང༌། 
མཐུན་པའི་འབྲས་བུ་དེ་ལ་ཡང༌།། 
བྱེད་པ་རྒྱུ་མཐུན་འབྲས་བུ་དང༌།། 
མྱོང་བ་རྒྱུ་མཐུན་གཉིས་སུ་ཡོད།།

སྔོན་ཚེ་སྡིག་ལ་སྤྱད་པ་ཡིས།། 
ད་ལྟར་སྡིག་ལ་དགའ་བ་འདི།། 
ལས་ངན་སྡིག་པའི་བྱེད་པ་ཡི།།
རྒྱ་མཐུན་འབྲས་བུ་ཡིན་པར་གསུངས།།

གཞན་ཡང་མྱོང་བ་རྒྱུ་མཐུན་གྱི།། 
འབྲས་ལ་རིན་ཆེན་ཕྲེང་བ་ལས།། 
གསོད་པ་ཡིས་ནི་ཚེ་ཐུང་འགྱུར།། 
རྐུ་བ་ཡིས་ནི་ལོངས་སྤྱོད་ཕོངས།།

ལོག་གཡེམ་བྱེད་པས་དགྲ་དང་བཅས།། 
རྫུན་དུ་སྨྲ་བས་སྐུར་མང་སྟེ།། 
ཕྲ་མ་ཡིས་ནི་གྲོགས་དང་འབྱེད།། 
ཚིག་རྩུབ་པོ་ཡིས་མི་སྙན་ཐོས།།

ངག་འཆལ་གྱིས་ནི་ཚིག་མི་བཙུན།། 
བརྣབ་སེམས་ཡིད་ཀྱི་རེ་བ་འཇོམས།། 
གནོད་སེམས་འཇིགས་པ་སྦྱིན་པར་བྱེད།། 
ལོག་ལྟས་ལྟ་ངན་སྤེལ་སོགས་གསུངས།།

དེ་བཞིན་བདག་པོའི་འབྲས་བུ་ཡང༌།།
ཡུལ་ངན་དག་ཏུ་རིགས་ངན་དང༌།།
མདོག་ངན་སྐྱེ་དང་ནད་ངན་མང༌།། 
ངན་རྒུ་འབྱུང་བས་སྡིག་པ་སྤོངས།།

ཆགས་སྡང་རྨོངས་པའི་གཞན་དབང་གིས།། 
བག་མེད་སྡིག་པ་བྱུང་སོང་ན།། 
མུ་མཐུད་དེ་ལ་འཇུག་མི་རུང༌།། 
བསགས་པའི་སྡིག་ལྟུང་རི་བོར་འགྲན།།

སྡིག་ལྟུང་ཅི་བྱུང་མ་གསང་བར།། 
གཞན་ལ་མཐོལ་དང་འགྱོད་སེམས་ཀྱིས།།
ཚུལ་བཞིན་བཤགས་པ་བྱས་པ་ནི།།
མཁས་པའི་སྡིག་པ་ཡང་བར་བཤད།།

བླུན་སྡིག་ཆུང་ཡང་ལྕི་ཚུལ་ནི།། 
རང་ལ་བྱུང་བའི་སྡིག་ལྟུང་རྣམས།།
རྐུ་མའི་ནོར་བཞིན་སྦས་པ་དང༌།།
འགྱོད་ཅིང་བཤགས་པ་མེད་པས་ཡིན།།

བཤགས་ནས་དག་རྒྱུ་ཡོད་པ་ནི།།
ལས་ངན་སྡིག་པའི་ཡོན་ཏན་ཡིན།། 
དེས་ན་སྔར་བྱུང་སྡིག་ལྟུང་གཤོགས།། 
ཕྱིན་ཆད་སྡིག་པའི་འཇུག་སྒོ་ཁོགས།།

ལུས་ལས་གོན་པ་སྐྱུར་བ་བཞིན།།
སྡིག་ལྟུང་སྤངས་པའི་ཚུལ་མེད་ཀྱང༌།། 
ཆགས་སྡང་ལ་སོགས་སེམས་རྒྱུད་ཀྱི།། 
ཉོན་མོངས་དག་ལ་གཉེན་པོ་བསྟེན།།

བདག་ནི་འདི་ཡིས་ཅི་གནོད་ཅེས།། 
སྡིག་པ་ལ་ནི་བརྙས་མི་བྱ།། 
ཅུང་ཟད་ཅུང་ཟད་བསགས་པ་ཡིས།། 
བླུན་པོ་སྡིག་པས་གང་བར་གསུངས།།

བདག་ལ་འདི་ཡིས་ཅི་ཕན་ཞེས།། 
བསོད་ནམས་ལ་ནི་བརྙས་མི་བྱ།། 
ཅུང་ཟད་ཅུང་ཟད་བསགས་པ་ཡིས།། 
མཁས་པས་བསོད་ནམས་རྫོགས་པར་གསུངས།།

ཡ་གི་ལྷ་ཡི་བདེ་བ་དང༌།། 
མ་གི་དམྱལ་བའི་སྡུག་བསྔལ་ཞེས།།
དངོས་མེད་དགེ་སྡིག་འབྲས་བུ་ལ།། 
ཡིད་ཆེས་བདག་ལ་མེད་ཅེས་ཟེར།།

ཁྱོད་ཀྱིས་མ་མཐོང་གནས་ལུགས་དག།།
ཡིད་ཆེས་བྱེད་མིན་རང་འདོད་རེད།།
མེད་ཅེས་ཐག་ཆོད་མི་རུང་སྟེ།། 
ཀུན་མཁྱེན་མ་ཐོབ་དེ་ཡི་ཕྱིར།།

སེམས་དང་ཤེས་ལྡན་གྲོགས་པོ་ཀྱེ།། 
ཆོས་མེད་པ་ཡི་རིང་ལུགས་དེ།། 
ཤེས་ན་ཁྱོད་ཀྱི་ཆོས་ལུགས་རེད།། 
དེ་ཡང་ཁྱོད་ཀྱི་གྲུབ་མཐའ་རེད།།

ཆོས་ལུགས་པ་དང་ཆོས་མེད་གཉིས།། 
ཆོས་ཀྱི་ཁས་ལེན་མ་མཐུན་ཀྱང་།། 
ཚེ་འདིར་བདེ་སྐྱིད་འདོད་པ་ནི།། 
རེ་བའི་གོམ་ཁ་གཅིག་མཐུན་རེད།།

ཚེ་འདིར་བདེ་བ་མི་འདོད་པའི།། 
ཆོས་མེད་པ་ནི་གང་ཞིག་ཡོད།། 
དེས་ན་ཆོས་ཀྱི་བསླབ་བྱ་དག།།
ཆོས་མེད་པ་ཚོས་ལེན་པར་རིགས།།

འོན་ཀྱང་འགལ་འདུའི་ཕུང་པོ་དག།།
རེ་ཞིག་ཁྱོད་ལ་མ་སྤུངས་པར།། 
ཁྱེད་ཉིད་ཀུན་ཏུ་བདེ་བའི་ཕྱིར།།
དགེ་སྡིག་དངོས་དོན་གླེང་བར་བྱ།།

ལུས་ཀྱི་མི་དགེ
སྲོག་གཅོད་རྐུ་དང་མི་ཚངས་སྤྱོད།། 
ལུས་ཀྱི་མི་དགེ་རྣམ་གསུམ་ཟེར།། 
འདི་གསུམ་ཚུལ་བཞིན་སྡོམ་པ་ན།། 
ལུས་ནི་དགེ་ལ་སྤྱོད་པ་ཡིན།།

སྲོག་གཅོད།
སེམས་དང་ཤེས་ལྡན་གྲོགས་པོ་ཀྱེ།། 
ཚེ་སྲོག་འཕྲོག་པའི་སྡུག་བསྔལ་དེ།། 
གཞན་གྱིས་བཟོད་གླགས་ཡོད་མེད་དེ།། 
རང་ལ་སྦྱར་ཏེ་དཔྱད་ན་ཤེས།།

ཐམས་ཅད་ཤི་ལ་འཇིགས་པ་དང༌།། 
ཚེ་སྲོག་གཅེས་གཅེས་འཛིན་པ་སོགས།། 
རང་ལ་ཡོད་པ་དེ་བཞིན་དུ།། 
ཀུན་ལ་མཚུངས་པ་ཉིད་དུ་གྱུར།།

སེམས་ཅན་གཅིག་གི་སྲོག་བཅད་ཀྱང༌།། 
སྲོག་ལན་ལྔ་བརྒྱ་འཇལ་དགོས་པས།། 
སྲོག་གཅོད་འདྲ་བའི་སྡིག་པ་ནི།། 
གོང་ན་མེད་ཅེས་དམ་པས་གསུངས།། 

དེས་ན་ཨ་ཕའི་འདས་མཆོད་ཆེད།། 
སྒོ་ཕྱུགས་ཚེ་ཐར་གཏོང་བ་ལས།།
བཤས་རྭར་ཕབ་པའི་ཤ་རིན་གྱིས།། 
མཆོད་འབུལ་བྱས་པ་ཆོས་མཐུན་མིན།།

རང་བདེ་འདོད་ན་སྲོག་གཅོད་ལས།།ཾ
སྲོག་ལ་ཐུག་ཀྱང་སྤོངས་བར་གྱིས།། 
དམྱལ་བའི་མེ་ཆེན་མི་བཟོད་ན།། 
སྲོག་གཅོད་སྡིག་པ་རྒྱང་དུ་སྤོངས།།

རྐུ་འཕྲོག
གཞན་ནོར་རྐུ་འཕྲོག་བྱས་པ་ནི།།
ཚེ་འདིར་ཅུང་ཟད་ཕན་སྲིད་ཀྱང༌།།
ཕྱི་མའི་འོ་བརྒྱལ་ལ་བསམ་ནས།།
མ་བྱིན་ལེན་པ་རིང་དུ་སྤོངས།།

ཕྱི་མ་ཞེས་པ་ཅི་ཞིག་ཡིན།། 
བློ་ངོར་འཆར་བ་མི་འདུག་ན།། 
སྐྱེ་བོ་གཞན་གྱི་བདེ་སྡུག་ལ།། 
བསམ་ནས་མ་བྱིན་ལེན་པ་སྡོམ།།

གཞན་ལ་ཕན་གནོད་ཅི་ཞིག་ཡོད།། 
རང་ལ་མྱོང་བའི་དུས་ཞིག་འོང༌།།
དཔེར་ན་རྐུ་རྒྱུ་རྐུར་ཤོར་ཚེ།། 
བདེ་སྡུག་རྐུ་མས་མྱོང་བ་བཞིན།།

ཚེ་འདིར་རང་ལ་ཕན་པའི་ཆེད།།
རྐུ་འཕྲོག་སྤངས་ན་མཁས་པ་ཡིན།། 
རྐུ་མིང་འཐོབ་པའི་ཉིན་མོ་ནས།། 
མི་ཡི་གྲལ་ནས་བུད་ལ་ལྟོས།།

བཙན་པོའི་ཁྲིམས་ཆད་ཕོག་པ་དང༌།།
ཚེ་སྲོག་མཚོན་ཁར་ཤོར་བ་སོགས།། 
མི་འདོད་སྣ་དགུ་འབྱུང་བའི་ཕྱིར།། 
རྐུ་ཞག་ལས་ལ་མ་འཇུག་ཨང༌།།

མི་ཚངས་སྤྱོད།
ལོག་གཡེམ་མི་ཚངས་སྤྱོད་པ་ནི།།
བར་དོའི་འཕྲང་ལམ་རིང་མོ་ནས།། 
གཅིག་པུར་རྒྱུ་བའི་ཉིན་མོ་དེར།། 
སྡིག་གི་ཁུར་པོ་བསམ་ནས་སྤོངས།།

ཚེ་འདིར་བག་ཡོད་སྤྱོད་པ་ལས།།
རབ་ཏུ་ཉམས་པར་བྱེད་པའི་ཕྱིར།།
མི་དགེ་སྡིག་པའི་ལོག་གཡེམ་འདི།།
རབ་ཏུ་སྤོངས་ཤིག་ཆོས་ལྡན་གྲོགས།།

ངག་གི་མི་དགེ
ནར་ནར་ལྕེ་ལས་བྱུང་བ་ཡི།།
རྫུན་དང་ཕྲ་མ་ཚིག་རྩུབ་དང༌།། 
ངག་འཆལ་ལ་སོགས་བཞི་པོ་འདི།། 
ངག་གི་མི་དགེ་རྣམ་བཞི་ཟེར།།

རྫུན།
རྫུན་གྱིས་ངན་སོང་སྡུག་བསྔལ་བསྐྱེད།། 
རྫུན་གྱིས་མཐོ་རིས་བདེ་བ་འཕྲོག།། 
རྫུན་གྱིས་རང་གཞན་གཉིས་ཀ་ཕུང༌།།
རྫུན་སྨྲའི་ཁ་འདི་ཆོས་ལ་སྒྱུར།།

གཡུ་རྫུན་དང་ནི་གཟི་རྫུན་དང༌།། 
ཅ་དངོས་རིགས་ཀྱི་རྫུན་མ་དང༌།། 
སྐྱག་རྫུན་ཤོད་མཁན་སྐྱེ་བོ་སོགས།།
འཇིག་རྟེན་འདི་ཡི་སྨོད་བྱ་ཡིན།།

གཡོ་རྫུན་ཁྲམ་གསུམ་འཁྲབ་པ་ནི།།
ཅོལ་ཆུང་མི་ཡི་ཟློས་གར་ཞིག།།
དེ་ཕྱིར་འདི་གསུམ་སྤངས་པ་ན།།
བདག་ཉིད་བདེ་ཞིང་ལེགས་པའི་རྒྱུ།།

ཁོག་ན་བཟང་པོའི་ཀུན་སློང་བསྐྱེད།། 
ཁ་ནས་དྲང་པོའི་བདེན་གཏམ་སྨྲོས།། 
ཡ་རབས་དམ་པའི་སྐྱེས་བུ་འདི།། 
ས་སྟེང་འདི་ཡི་མཛེས་རྒྱན་ཡིན།།

ཕྲ་མ།
རང་སེམས་འཁྲུལ་བའི་གཞན་དབང་གིས།། 
རང་གིས་དགྲ་རུ་བཟུང་བ་དེ།། 
གཞན་དང་མི་མཐུན་བཟོ་འདོད་ཀྱི།།  
དཀྲུག་ཤིང་ཚིག་ལ་ཕྲ་མ་ཟེར།།

མདོར་ན་མཐུན་པ་དབྱེ་བ་དང༌།། 
མ་མཐུན་འདོམ་པར་མི་བྱེད་པའི།།
སེམས་ཀྱི་ཀུན་ནས་སློང་བ་ཡི།།
ཕྲ་མའི་དབྱེན་སྦྱོར་རྟག་ཏུ་སྤོངས།།

འཆམ་མཐུན་སྤྱི་ཚོགས་གཏོར་བའི་སྦོམ།།  
ཞི་བདེའི་ལྷ་བྱ་གསོད་པའི་མདའ།། 
རང་གཞན་ཕུང་དུ་འཇུག་པའི་དུག།།
ཕྲ་མའི་ཚིག་འདི་རྟག་ཏུ་སྤོངས།།

རང་སྐྱོན་རི་བོ་འགེབས་པའི་གནམ།། 
ཁོག་ཏུ་སྦས་པ་སྐྱོན་ཡིན་ཀྱང༌།།
གཞན་སྐྱོན་ཕྲ་མོ་སྒྲོག་པའི་འབྲུག།
ཟུར་གསུམ་སྨྲ་བའི་སྒོ་ལས་ཁོགས།།

ཚིག་རྩུབ།
མཆུ་རྐན་ལྕེ་སོགས་སྦྱོར་བ་ལས།། 
ཚིག་རྩུབ་མཚོན་ཆ་རྣོན་པོ་འདི།། 
གཟུགས་མེད་མི་སེམས་གཏོར་བ་ལ།། 
རྡུལ་ཕྲན་མཚོན་གྱི་སྤུན་ཟླ་ཡིན།།

བདེན་པར་བརྗོད་པའི་གཏམ་ཡིན་ཀྱང༌།། 
གཞན་ལ་གནོད་ན་ཚིག་རྩུབ་ཡིན།། 
དཔེར་ན་མཛུབ་མོ་དྲུག་ཅན་ལ།། 
མཛུག་དྲུག་ཅེས་ནས་བརྗོད་པ་བཞིན།།

བཅོས་མའི་འཛུམ་གྱི་ཁ་སྒོ་ལས།། 
གཞན་སྐྱོན་ཟོལ་གྱིས་བརྗོད་པ་ན།། 
གཞན་གྱིས་དོན་དེ་གོ་བ་དང༌།། 
སེམས་ལ་གནོད་ན་ཚིག་རྩུབ་ཡིན།།

སྐད་ཀྱི་སྒྲ་གདངས་རྩུབ་མོ་ལ།། 
ཚིག་རྩུབ་ཡིན་པའི་ངེས་པ་མེད།། 
གཅེས་པ་རང་གི་བུ་ཕྲུག་ལ།། 
བསླབ་བྱ་དྲག་ཏུ་འདོམས་པ་བཞིན།།

ཁོག་ན་མེད་པའི་ཁ་ཆོས་ཙམ།། 
འགྲོ་ལ་ཕན་ཕྱིར་ཟློས་པ་ལས།། 
དོན་མེད་སྨྲ་བརྗོད་ཉུང་བ་དང༌།།
མི་སེམས་དཀྲུགས་རྒྱུར་འཛེམ་ན་བཟང༌།།

གཞན་གྱི་རྣ་ཡི་ཚེར་མ་དང༌།། 
སེམས་ཀྱི་བདེ་བ་འཇོམས་པའི་དུག། 
རྩུབ་མོའི་ཚིག་གི་ཉེས་པ་ལ།། 
ཡང་ཡང་བསམ་ནས་འདི་ཉིད་སྡོམ།།

བཟང་བཟང་སེམས་ཀྱི་ཀུན་སློང་ལས།། 
གང་གང་གི་ནི་གང་ཟག་ལ།། 
དེ་དེའི་བློ་དང་འཚམས་པ་ཡི།།
སྙན་སྙན་ཚིག་གི་མཛེས་རྒྱན་གསོལ།།

ངག་འཆལ།
འབྲེལ་མེད་བྱུང་རྒྱལ་སྨྲ་བ་དང༌།། 
ཆོས་དོན་གང་ཡང་མི་ལྡན་པའི།། 
ཚིག་གི་ལབ་བརྡོལ་གང་ཡིན་རྣམས།། 
ངག་འཆལ་ཡིན་པས་རབ་ཏུ་སྤོངས།།

འདི་ཕྱིའི་དོན་གྱིས་སྟོང་པ་དང༌།། 
རིན་ཆེན་དུས་ཚོད་འཕྲོག་བྱེད་པའི།། 
ངག་འཆལ་གཏམ་གྱི་ཉེས་པ་རྣམས།། 
ཡང་ཡང་བསམ་ནས་ཆོས་འདོན་གྱིས།།

སྨྲ་བ་ཐམས་ཅད་སྡིག་རེད་ཅེས།། 
ལྐུག་པའི་བརྟུལ་ཞུགས་མ་བཟུང་བར།། 
དོན་དང་མཐུན་པའི་གྲོས་ཁ་བསྡུར།། 
ཆོས་དང་མཐུན་པའི་ལེགས་བཤད་སྒྲོགས།།

ཆོས་དོན་རིགས་པ་ལྡན་པའི་གཏམ།། 
ཁ་འབབ་རྣམ་བཞིའི་རྒྱུན་བཟང་བཞིན།། 
ལྷུང་ལྷུང་དལ་གྱིས་འབབ་པ་ནི།། 
དེ་ལ་སྨྲ་བའི་དབང་ཕྱུག་ཟེར།།

ཡིད་ཀྱི་མི་དགེ་གསུམ།
མ་དག་སེམས་ཀྱི་འཁྲུལ་སྣང་ལས།། 
བྱུང་བའི་བརྣབ་སེམས་གནོད་སེམས་དང༌།། 
ལོག་པར་ལྟ་བ་རྣམ་གསུམ་ལ།། 
ཡིད་ཀྱི་མི་དགེ་རྣམ་གསུམ་ཟེར།།

བརྣབ་སེམས།
གཞན་ནོར་བདག་གིར་བྱ་འདོད་དང༌།། 
གཞན་ཕྱོགས་དྲན་དུ་བཀོལ་འདོད་དང༌།། 
དབང་དང་ཁེ་གྲགས་འདོད་པ་སོགས།། 
བརྣབ་སེམས་ཡིན་པས་རིང་དུ་སྤོངས།།

མི་ཡི་རེ་འདོད་ནམ་མཁའ་དེ།། 
གང་བའི་ཐབས་ཤིག་མི་འདུག་པས།། 
ཅི་ཙམ་བྱུང་བ་དེ་ཙམ་གྱི།། 
ཆོག་ཤེས་སེམས་ལ་བསྟེན་ན་སྐྱིད།།

གལ་ཏེ་འདོད་ཆེན་སེམས་འདི་ནི།། 
ཅི་འདོད་འབྱུང་བའི་རྒྱུ་ཡིན་ན།། 
རུས་གཟན་གོ་བོ་སེར་པོ་ལ།། 
གང་འདོད་མི་འབྱུང་ག་ལ་སྲིད།།

འོན་ཀྱང་ཁྱིམ་གྱི་གཞིས་འཛིན་ཚོ།། 
བདག་ནི་བརྣབ་སེམས་སྤོང་ངོ་ཞེས།། 
ལྟོ་གོས་འཚོལ་ལ་མ་རེམ་ན།། 
དབུལ་ཞིང་ཕོངས་པ་ཅན་དུ་འགྱུར།།

ཆོག་ཤེས་སེམས་ལ་བསྟེན་བྱས་ནས།། 
རྒྱུ་ནོར་ཚུལ་བཞིན་བསྒྲུབ་པ་ནི།། 
མཁས་ཤིང་མཛངས་པའི་ལས་ཡིན་པས།། 
དགེ་ཞིང་བདེ་བ་ཉིད་དུ་འགྱུར།།

གནོད་སེམས།
བསྐལ་པ་སྟོང་དུ་བསགས་པའི་དགེ་རྩ་རྣམས།། 
ཞེ་སྡང་གནོད་པའི་སེམས་འདིས་འཇོམས་པར་བྱེད།། 
མནར་མེད་དམྱལ་བ་ཆེན་པོ་རྣམས་སུ་ཡང༌།། 
ཞེ་སྡང་གནོད་པའི་སེམས་འདིས་འཁྲིད་པར་བྱེད།།

ཚེ་འདིར་རང་གཞན་ཀུན་གྱི་བདེ་བ་འཇོམས།། 
ཚེ་འདིར་རང་གཞན་གཉིས་ཀ་ཕུང་ལ་སྦྱོར།། 
འདི་ཕྱི་གཉིས་ཀར་ཕུང་བར་བྱེད་མཁན་ནི།། 
ཞེ་སྡང་གནོད་སེམས་ཡིན་པས་སྤངས་དགོས་གསུངས།།

གྱོང་དང་ཕམ་ཁ་ཁུར་བ་མི་ནུས་ཤིང་།། 
ཁེ་སང་ཁོ་ནའི་རྗེས་སུ་འབྲང་བ་ནི།། 
ངེས་པ་དོན་གྱི་ཚོང་པ་ཡིན་པ་ལས།། 
རྣལ་འབྱོར་ཆོས་པའི་བབ་དང་མི་མཐུན་སྙམ།།

གནོད་བྱེད་མཚན་མར་འཛིན་པའི་ཞེ་སྡང་དང༌།། 
ཚུལ་མིན་ཡིད་ལ་བྱེད་པའི་ཁོང་ཁྲོའི་སེམས།། 
རང་ལ་གནོད་པ་བྱེད་ལ་མི་བཟོད་སེམས།།
གནོད་པའི་སེམས་སུ་གཏོགས་པས་སྤོངས་ཤིག་གསུངས།།

གཞན་ཕྱོགས་བརྡེག་དང་གསོད་དང་འཁུ་བའི་སེམས།། 
གནོད་སེམས་ཉེས་དམིགས་མི་ཤེས་ཟིལ་གནོན་སེམས།། 
གཞན་ཕྱོགས་ཉམས་པར་འདོད་པའི་བསམ་ངན་སོགས།། 
གཏིང་གནག་སེམས་ཀྱི་སྐྱོན་དག་དོར་དགོས་གསུངས།།

བསྐལ་པ་སྟོང་ཕྲག་དུ་མར་བསགས་པ་ཡི།། 
སྦྱིན་དང་བདེ་གཤེགས་མཆོད་ལ་སོགས་པ་ཡི།། 
ལེགས་སྤྱད་གང་ཡིན་ཁོང་ཁྲོ་གཅིག་གིས་ནི།།
ཡོངས་སུ་འཇོམས་ཞེས་རྒྱལ་སྲས་ཆེན་པོས་གདམས།།

ཞེ་སྡང་ལྟ་བུའི་སྡིག་པ་སྲིད་ན་མེད།། 
བཟོད་པ་ལྟ་བུའི་དཀའ་ཐུབ་གང་དུ་མེད།། 
དེ་ཕྱིར་བཟོད་ལ་ནན་ཏན་གྱིས་ཤིག་ཨང༌།།  
ཞེས་ནས་རྒྱལ་སྲས་ཞི་བ་ལྷ་ཡིས་གསུངས།།

ལོག་ལྟ།
ཐར་ལམ་མིན་ལ་ཐར་ལམ་ལྟ་བ་དང༌།། 
སྐྱབས་གནས་མིན་ལ་སྐྱབས་སུ་འགྲོ་བ་སོགས།། 
དངོས་ཡོད་དོན་གྱི་གནས་ཚུལ་ངོ་མ་ལས།། 
སྒྲོ་སྐུར་བྱས་པ་ཕལ་ཆེར་ལོག་ལྟ་ཡིན།།

འོན་ཀྱང་སྐབས་འདིར་བསྟན་པའི་ལོག་ལྟ་ལ།། 
སྐུར་འདེབས་དགོས་ཞེས་འཕགས་བོད་པཎ་གྲུབ་རྣམས།། 
ཞལ་གྱི་གྲོས་ཁ་གཅིག་ཏུ་མཐུན་པ་ཡི།། 
ལེགས་བཤད་བདུད་རྩི་སྙིང་གི་དཀྱིལ་དུ་ཟུངས།།

སྐྱེ་བ་སྔ་ཕྱི་ལས་འབྲས་མེད་པ་དང༌།།
སྐྱབས་ཀྱི་དམ་པ་མཆོག་གསུམ་མེད་པ་སོགས།། 
དངོས་ཡོད་དོན་ལ་སྐུར་བ་འདེབས་པ་དག། 
ལོག་ལྟ་ཡིན་ཞེས་དམ་པ་རྣམས་ཀྱིས་གསུངས།།

ལོག་ལྟ་འདི་ཡིས་ལྟ་ངན་གོང་དུ་སྤེལ།། 
ལོག་ལྟ་འདི་ཡིས་སྙིང་རྗེའི་སྒོ་མོ་འགོག།།
ལོག་ལྟ་འདི་ཡིས་དད་པའི་རི་མོ་བསུབ།། 
མི་འདོད་སྣ་དགུ་ལོག་ལྟ་འདི་ཡིས་སྦྱིན།།

ལོག་པར་ལྟ་བའི་རི་བོ་བསྙིལ་བ་ལ།། 
ཡང་དག་ལྟ་བ་རྡོ་རྗེའི་དོན་ངོ་ཚོལ།། 
ང་དབུས་འཐིབས་པའི་ལོག་ལྟའི་མུན་པ་ཀུན།། 
ཤེས་རབ་འོད་སྟོང་བསྐྲུན་ནས་སེལ་བར་བྱོས།།

རྫོགས་བྱེད་ཀྱི་ཁྱད་པར།
སྤྱིར་ནི་མི་དགེ་བཅུ་པོ་འདི་དག་པོ།། 
ཀུན་སློང་དུག་གསུམ་ཅི་རིགས་འདྲ་ན་ཡང༌།། 
རྫོགས་བྱེད་ཆགས་སྡང་རྨོངས་གསུམ་འདྲ་ལེ་མིན།། 
དེའི་སྐོར་ལེགས་པར་བཤད་ཀྱིས་རབ་ཏུ་ཉོན།།

སྲོག་གཅོད་དང་ནི་ཚིག་རྩུབ་གནོད་སེམས་གསུམ།། 
རྫོགས་བྱེད་ཞེ་སྡང་ཡིན་གྱི་གཞན་གཉིས་མིན།། 
མ་བྱིན་ལེན་དང་ལོག་གཡེམ་བརྣབ་སེམས་གསུམ།། 
འདོད་ཆགས་ཁོ་ནས་མཐར་ནི་འབྱིན་པར་གསུངས།།

རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཆལ་བཞི།། 
ཆགས་སྡང་གཉིས་སམ་ཡང་ན་གསུམ་ཆར་གྱིས།། 
རྫོགས་པ་ཡོད་གསུངས་ལོག་པར་ལྟ་བ་ནི།། 
གཏི་མུག་ཁོ་ནས་རྫོགས་ཞེས་གཞུང་ལས་གསལ།།

ལས་ལམ་གྱི་ཁྱད་པར།
གཞན་ཡང་མི་དགེ་བཅུ་པོ་འདི་དག་ནི།། 
ལས་དང་ལམ་གྱི་ཁྱད་པར་འདི་ལྟ་སྟེ།། 
ལུས་ཀྱི་གསུམ་དང་ངག་གི་རྣམ་བཞི་བཅས།། 
བདུན་ནི་ལས་ལམ་གཉིས་ཀ་ཡིན་པར་གསུངས།།

བརྣབ་སེམས་ལ་སོགས་ཡིད་ཀྱི་རྣམ་གསུམ་པོ།། 
ལམ་ཉིད་ཡིན་གྱི་ལས་ནི་མ་ཡིན་ཞེས།། 
ཚད་ལྡན་གཞུང་ལུགས་ཀུན་ལས་གསལ་བ་བཞིན།། 
དཔྱོད་ལྡན་རྣམས་ཀྱི་ཐུགས་ལ་ངེས་པར་མཛོད།།

ལྕི་ཡང་གི་ཁྱད་པར།

ནག་པོའི་ལས་ལམ་མི་དགེ་བཅུ་པོ་ལ།། 
ལྕི་དང་ཡང་གི་དབྱེ་བ་གཉིས་སུ་ཡོད།། 
དང་པོ་ལྕི་ལ་རྣམ་པ་ལྔར་ཡོད་པས།། 
སྲོག་གཅོད་སྡིག་ལ་སྦྱར་ནས་བཤད་པར་བྱ།།

བསམ་པའི་ལྕི་བ་དུག་གསུམ་དྲག་པོས་གསོད།། 
སྦྱོར་བའི་ལྕི་བ་དགའ་མགུ་རངས་པས་གསོད།། 
གཉེན་པོ་མེད་པའི་ལྕི་བའི་ཚུལ་ལ་ནི།། 
སྔར་བྱུང་སྡིག་བཤག་ཕྱིས་སྡོམ་མེད་པས་ཡིན།།

ལོག་པར་ཞེན་པའི་ལྕི་བའི་ཚུལ་ལ་ཡང༌།། 
སྲོག་གཅོད་ཆོས་དང་སྡིག་མེད་འཛིན་པས་ཡིན།། 
གཞི་ལས་ལྕི་ཚུལ་མི་དང་ཕུ་ནུ་དང༌།། 
ཕ་མ་སློབ་དཔོན་དགྲ་བཅོམ་གསོད་པ་འོ།།

དེ་བཞིན་གཞན་ལ་རིགས་པའི་འགྲོས་ཀྱིས་སྦྱར།། 
ཐམས་ཅད་འགོད་ལ་ཡིག་ཚོགས་མང་བའི་རྒྱུ།། 
གོང་བཤད་ལྔ་པོ་གང་ཡང་མི་ལྡན་ན།། 
ཡང་བ་ཡིན་ཞེས་འཇམ་མགོན་བླ་མས་གསུངས།།

ངག་རྣམས་སྲུང་ཞིང་ཡིད་ནི་ལེགས་པར་སྦྱར།། 
ལུས་ཀྱིས་ཀྱང་ནི་མི་དགེ་མི་བྱ་སྟེ།། 
ལས་ལམ་གསུམ་པོ་འདི་ནི་རྣམ་དག་པ།།
དྲང་སྲོང་གསུངས་ལ་བརྟེན་ཞེས་མདོ་ལས་གསུངས།།

ལུས་ཀྱི་ཀུན་སྤྱོད་བཙུན་པས་གཞན་ཡིད་མགུ།། 
ངག་གི་ཉེས་པ་བསྡམས་པས་ཕོག་ཐུག་མེད།། 
ཡིད་ནི་དད་དང་སྙིང་རྗེའི་བཙན་ས་ཟུངས།། 
སྒོ་གསུམ་དགེ་བའི་བཀྲ་ཤིས་འཛམ་གླིང་རྒྱན།།

དགེ་བཅུའི་ཕན་ཡོན་སྡིག་པའི་ཉེས་དམིགས་སོགས།། 
རེ་རེ་བཞིན་དུ་རང་བློས་གང་ལྕོག་གིས།། 
ཤོད་ཁུལ་བྱས་འདི་རྣམ་དཔྱོད་མཐུ་ཞན་པས།། 
ཆད་ལྷག་ནོར་བའི་སྐྱོན་རྣམས་མཐོལ་ཞིང་བཤགས།

 

ཤོག་ངོས་འདི་ཐེངས་ 749 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

 གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།

ནང་ཆོས་གསར་ཤོས།

སྐྱབས་འགྲོ།

སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 91

འཇམ་དབྱངས་མཁས་བཙུན། སྙིང་དོན། སྐྱབས་འགྲོ་ཞེས་པ་ནི་ཆོས་ལུགས་ཀྱི་བརྡ་ཆད་ཅིག་རེད། སྐྱབས་འགྲ... བཀླགས་འཕྲོ...

བློ་སྦྱོང་ཚིག་བརྒྱད་མའི་རོབ་འག…

སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 91

ལྕེ་རླུང་འཚུབ། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། ། དེ་ཡི་རྗེས་འཇུག་འཕགས་བོད་མཁས་གྲུབ་... བཀླགས་འཕྲོ...

ལྟར་སྨོན་དགོན་གྱི་དུར་ཁྲོད་ཀྱི…

སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 104

དགེ་བཤེས་ལྷ་རམས་པ་ངག་དབང་ཐོགས་མེད། བལྟས་པ་ཙམ་གྱིས་མོས་པ་སྐྱེ་བའི་དགོན། ། མདོ་སྔགས་ཆོས་འཁ... བཀླགས་འཕྲོ...

མཆན་མང་ཤོས།