Sat 14 Apr 2018

མི་རིགས་དེའི་སྐད་ཡིག་སྲུང་སྐྱོབ་བྱ་དགོས་ཚུལ།

ཚད་གཞི།:
(0 འོས་བླུགས།)

མི་རེ་ངོ་རེས་འགན་ཁུར་ནས་མི་རིགས་དེའི་སྐད་ཡིག་སྲུང་སྐྱོབ་བྱ་དགོས་ན་ལུང་ཚན་དང་སྡེ་ཚན་དག་གིས་ལས་རིམ་གང་དང་གང་གཉེར་དགོས་མིན་སྐོར།

༼༢༠༡༥ ལོའི་བགྲོ་གླེང་སྣེ་ཁྲིད་པའི་རྩོམ་ཤོག །༽
ཚེ་རིང་སྙན་གྲགས།

དེ་རིང་ངས་བགྲོ་གླེང་བྱེད་ཡག་གི་བརྗོད་གཞི་ནི་༼ མི་རེ་ངོ་རེས་འགན་ཁུར་ནས་མི་རིགས་དེའི་སྐད་ཡིག་སྲུང་སྐྱོབ་བྱ་དགོས་ན་ལུང་ཚན་དང་སྡེ་ཚན་དག་གིས་ལས་རིམ་གང་དང་གང་གཉེར་དགོས་མིན་སྐོར།༽ཞེས་པ་འདི་རེད། དེའི་སྐོར་ལ་སོ་སོའི་བསམ་ཚུལ་རོབ་ཙམ་ཞུས་ན། ལུང་ཚན་རེ་ལ་ལས་རིམ་གང་གཉེར་དགོས་མིན་དང་། མི་རེའི་ངོས་ནས་སྡེ་ཚན་ཁག་ལ་ལས་རིམ་གང་གཉེར་དགོས་མིན་གཉིས་ཡོད་རེད། ལུང་ཚན་སོ་སོ་ལ་ལས་རིམ་གང་གཉེར་དགོས་ཟེར་ན་བོད་ཀྱི་སྐད་ཡིག་རིན་ཐང་དང་མི་རིགས་གནས་དང་མི་གནས་ཀྱི་སྲོག་རྩ་ནི་སྐད་ཡིག་སྐྱེ་འཆིའི་གནད་འགག་ལ་ཐུག་ཡོད།

སྐད་ཡིག་སྐྱེས་པའི་ལོ་རྒྱུས།
སྐད་ཡིག་གནས་པའི་ལོ་རྒྱུས།
སྐད་ཡིག་འཆི་བའི་ལོ་རྒྱུས་གསུམ་ལས།

དེ་དག་ཤེས་པ་ཞིག་གིས་ལུང་ཚན་དེ་ལ་སློབ་གསོ་སྤེལ་ནས་གནད་དོན་དེ་ཉིད་ཤེས་སུ་འཇུག་རྒྱུ་དང་། ད་ལྟའི་དུས་རབས་འདི་ལ་བོད་ཀྱི་སྐད་ཡིག་འདི་འཆི་ལ་ཉེ་བའི་ཉེན་ཁ་ཡོད་པའི་སྐད་ཡིག་ལ་འཛམ་གླིང་སྐད་ཡིག་ཉམས་ཞིབ་ཚོགས་པས་ངོ་འཛིན་བྱེད་པ་ལྟར་སྐད་ཡིག་ཉེན་ཕྲང་ཅན་དུ་སླེབས་ཡོད་པ་ཤེས་སུ་འཇུག་རྒྱུ་དང་པོའི་ཆ་རྐྱེན་ཞིག་ཡིན། དེ་ཉིད་ཤེས་ནས་སྐད་ཡིག་ཉེན་ཁ་དེ་ལས་སྐྱོབ་པའི་ཐབས་ལམ་གང་ཞིག་བསྟན་དགོས་ཤེ་ན། དེང་རབས་ཅ་དངོས་གསར་པའི་རིགས་བོད་སྐད་དུ་བསྒྱུར་ཟིན་པ་མི་དམངས་ཀུན་གྱིས་བེད་སྤྱད་ནས་བྱང་ཆ་ཡོད་པ་དང་། སྔར་གྱི་མི་རྒན་ཚོའི་ཕ་སྐད་དྭངས་མ་ལ་དཔེར་བལྟས་ནས་དེ་ཉིད་མི་ཉམས་གོང་འཕེལ་དུ་གཏོང་བ་དང་། ལྷ་རབ་བྱུང་ན་རང་བཞིན་གྱི་རྩ་ཁྲིམས་ལྟ་བུ་སྦྲགས་སྐད་བཤད་ཤོར་ན་ཆད་པ་སྒ྄ོར་ཟུར་རེ་ཙམ་གཅོད་པ་སོགས་བྱ་རྒྱུ་བྱུང་ན་ཧ་ཅང་ཕན་ཐོགས་ཆེ། ལྷག་པར་དུ་མི་དམངས་ལ་ནང་ཆོས་ཀྱི་གོ་རྟོགས་གོང་འཕེལ་གཏོང་བ་སོགས་བྱས་ན་དེ་སྔ་བར་དུ་ནང་ཆོས་བག་ཆགས་ཀྱིས་བོད་ཀྱི་སྐད་ཡིག་བརྒྱ་ཆ་བརྒྱད་ཅུ་དགུ་བཅུ་ཙམ་ཞིག་སྲོག་བསྐྱབས་ཡོད་པ་ཚོགས་དཔགས་ཐུབ་སྟེ། ནང་ཆོས་ལ་དད་ཞེན་ཇི་ཙམ་ཆེ་བ་དགོན་སྡེ་དང་གྲྭ་པ་སོགས་ལ་མི་རིགས་ལར་ཞེན་དེ་ཙམ་གྱིས་ཆེ་བ་མངོན་སུམ་མཐོང་བཞིན་པ་འདིས་བདེན་དཔང་ཐུབ་པ་དང་། ནང་ཆོས་ནི་གཙོ་བོ་བོད་ཡིག་ལ་བརྟེན་པ་ཡིན་དུས་དེ་ཉིད་གོ་རྟོགས་ཡག་པོ་འོང་བ་ལ་བོད་ཡིག་མ་བརྟེན་ཐབས་མེད་ཡིན་པས་དེ་དང་ལྷན་དུ་གོ་རྟོགས་མཉམ་སྤེལ་བྱེད་ཡག་གལ་ཆེན་ཞིག་མཐོང་།

མི་རེ་ངོ་རེ་དང་སྡེ་ཚན་དག་གིས་ལས་རིམ་གང་གཉེར་དགོས་ཞེ་ན། མི་བུ་རང་ཉིད་བོད་ཡིག་བསླབ་སའི་ཁོར་ཡུག་ཅིག་ལ་སློབ་གཉེར་གནང་མཁན་ཡིན་ན་བཤད་མི་དགོས་ཀྱང་། རང་ཉིད་བོད་ཡིག་བསླབ་སའི་ཁོར་ཡུག་ཡག་པོ་མེད་སར་སྐད་ཡིག་གཞན་དག་རིགས་གཅིག་སྐང་འཛིན་བྱས་ནས་སྦྱང་ས་ཞིག་ལ་སློབ་གྲྭ་འགྲིམ་མཁན་ཡིན་ན། སྐད་ཡིག་རིན་ཐང་མི་ཤེས་པ་དང་གནས་སྐབས་འཚོ་བའི་ཆ་རྐྱེན་ལ་བལྟས་ན་བོད་ཡིག་གིས་མི་ཚེའི་མདུན་ལམ་མི་རག་པ་དང་། ཁ་ལག་མི་སྟེར་བ་དང་། ཐ་ན་སྨན་ཁང་དང་། མེ་འཁོར་གྱི་འཛིན་བྱང་ཉོ་བྱེད་ཙམ་ལའང་བོད་ཡིག་མི་མཁོ་བས་བོད་ཡིག་སློབ་པ་འདི་ལྐུགས་པའི་ལས་ཀ་རང་རེད་བསམ་མཁན་གྱི་བོད་པ་མི་ཉུངབ་ཞིག་ཡོད་སྲིད་པས། སྤྱིར་བཏང་དབྱིན་སྐད་དང་རྒྱ་སྐད་མ་ཤེས་ན་མདུན་ལམ་མི་རྙེད་པ་མ་ཟད་རང་ཁ་རང་གིས་གསོ་མི་ཐུབ་པའི་གནས་སུ་གྱར་བས་དེ་དག་སྦྱང་དགོས་པ་དངོས་འབྲེལ་ཡིན་ཡང་། བོད་ཡིག་འདི་ཉིད་སྤྱི་ཚོགས་སུ་བེད་སྤྱོད་མེད་པར་གྱུར་བ་ནི། བོད་མི་ང་རང་ཚོའི་མེས་པོ་གོང་མ་ཚོ་དང་། ང་ཚོ་བོད་པས་མ་འཇོན་པ་ཡིན་པ་ཙམ་ལས། སྐད་ཡིག་རང་ཉིད་ཀྱིས་བོད་མི་ཕན་ཚུན་གོ་བརྡ་མ་འཕྲོད་ནས་བེད་སྤྱོད་གཏོང་མཁན་མེད་པ་ཆགས་སོང་བ་མིན་པར་ཤེས་དགོས་པ་དང་། དེའི་གནད་དོན་མ་ཤེས་པའི་བོད་པ་རང་དང་འབྲེལ་ཡོད་གཞན་ལ་གོ་བརྡ་དེ་ལྟར་སྤྲད་ནས་ཤེས་སུ་འཇུག་རྒྱུ་ནི་གལ་ཆེན་ཡིན། བཙན་བྱོལ་སྤྱི་ཚོགས་ནང་ལོགས་ཀྱི་སློབ་གྲྭ་ཁག་ལ་མཚོན་ན་མི་རིགས་ཀྱི་ཆེད་དུ་སྤྱི་ལ་ཕན་ཐོགས་པའི་ལས་ཀ་བསྒྲུབ་ཡག་ཅུང་ཙམ་ཁག་པོ་ཡིན་ཡང་། སྐད་ཡིག་གཞན་དག་སློབ་ཞོར་དུ་ཕ་སྐད་གཙང་མ་བཤད་པ་དང་བོད་ཀྱི་མཁས་པ་རྣམ་པས་བརྩམས་པའི་སྙན་ངག་དང་ལོ་རྒྱུས་ཀྱི་དེབ་ཀློག་པ་དང་། དེ་དག་གི་ཚིག་སྦྱོར་སྤེལ་སྟངས་དང་སྐད་ཡིག་གཞན་དང་མི་འདྲ་བའི་ཐུན་མིན་ཁྱད་ཆོས་བཅས་ལ་ཉམས་ཞིབ་བྱེད་པ་དང་། སྤྱི་ཚོགས་ལས་རིགས་གཉེར་བ་ཞིག་ཡིན་ན་དུས་ཚོད་བར་གསེང་ཡོད་ཚད་ལ་བོད་ཡིག་ནང་ལ་ཡོད་པའི་སྒྲུང་དང་སྙན་ངག་བཀླགས་ནས་བོད་ཡིག་ལ་དབྱིངས་ཞུགས་ཐུབ་པ་བྱུང་ན་དེ་ནི་ཁ་ཡོད་ལག་ཡོད་ཀྱི་བོད་ཀྱི་རིག་གཞུང་ལ་ཞབས་ཕྱི་ངོ་མ་ཞིག་དང་སོ་སོའི་ཁ་ལ་དཔགས་པའི་སོ་ཟེར་བ་ལྟར་དེ་ལས་ལྷག་པ་ཞིག་ས་ཕྱོགས་འདིར་བསྒྲུབ་ཡག་ཁག་པོ་རེད་དྲན།

སྤྱིར་བཏང་ང་ཚོ་སློབ་ཕྲུག་ཡིན་ན་སོ་སོའི་མདུན་ལམ་ལ་བསམ་མནོ་གཏོང་དགོས་པ་དང་། མི་སྐྱ་ཞིག་ཡིན་ཚེ་བཟའ་ཚང་ཁ་གསོ་དགོས་པ་སོགས་ལ་སྐད་ཡིག་ཅིག་མ་སྦྱང་རང་སྦྱང་ལ་ཐུག་ཡོད་པ་མངོན་གསལ་ཡིན་ཡང་། བོད་ཀྱི་སྐད་ཡིག་འདི་ད་ལྟའི་ཆ་ལ་ཉམས་དམའ་བོ་ཞིག་ཏུ་གྱུར་ཡོད་པ་དང་། འདི་ཉིད་འཆི་གསོན་གང་དུ་འགྲོ་འོང་མི་ཤེས་པའི་སྐབས་ཡིན་པ་ཤེས་ནས་འདི་ཉིད་འཛམ་གླིང་འདི་ནས་འཆི་འཕོས་ན་བོད་མི་རིགས་འཛམ་གླིང་འདི་ནས་བརླགས་འགྲོ་བའི་སེམས་ཚོར་ཡོད་པའི་ཐོག་ནས་དུས་ཚོད་བར་གསེང་གང་ཡོད་ལ་ལྷ་རབ་བྱུང་ན་བོད་ཡིག་ཆེད་མཁས་པ་ཚོའི་མདུན་དུ་བཅར་ནས་སློབ་པ་དང་། དེ་ལྟར་མ་བྱུང་ན་ཡང་བོད་སྐད་གཙང་མ་བཤད་པ་དང་། བོད་ཡིག་རང་སྦྱོང་བྱ་དགོས་པ་སོགས་དུས་ཚོད་བར་གསེང་འཕྲོ་རླག་ཏུ་འགྲོ་མི་བཅུག་པ་ཕྱར་བ་གྲུ་འདེགས་མཉམ་རུབ་ཀྱིས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ལས་ལ་འབད་དགོས་པ་ཁ་ཚ་དགོས་གཏུགས་སམ་ཛ་དྲག་གིས་ལས་དགོས་པ་ཞིག་ཏུ་མཐོང་། ཐུགས་རྗེ་ཆེ་བསམ་ཚུལ་དེ་ག་རང་ཡིན།།

 

 

 

རྩོམ་ཡིག་འདི་ཐེངས་ 8731 བཀླགས་འདུག

ཤོག་ངོས་འདི་ཐེངས་ 335 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

 གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།

རིག་གནས་གསར་ཤོས།

སྐད་ཡིག་ནི་ཚེ་སྲོག་དང་འབྲེལ།

སྡེ་ཚན། སྐད་ཡིག | ཟླ་ཚེས་ 14-04-2018 | ཀློག་གྲངས། 2895

སྐད་ཡིག་ནི་ཚེ་སྲོག་དང་འབྲེལ། མེས་པོའི་ཚེ་སྲོག་ལས་གྲུབ་པའི་བོད་ཀྱི་སྐད་ཡིག  །སྦྲ་ནག་གྲུ་བཞ... བཀླགས་འཕྲོ...

ཤན་སྐད་དྭངས་གསལ་གྱི་ལམ་སྟེགས།

སྡེ་ཚན། སྐད་ཡིག | ཟླ་ཚེས་ 14-04-2018 | ཀློག་གྲངས། 2818

བོད་མི་རིགས་ལ་དུང་ཞེན་ཆེ་ཞིང་གནའ་དེང་གི་རིག་གཞུང་ལ་སྦྱངས་མཐར་ཕྱིན་པའི་ཁ་བ་ཅན་པའི་མཁས་མིང་འ... བཀླགས་འཕྲོ...

བརྡ་སྤྲོད་རིག་པའི་གཞུང་ལས་མིང་…

སྡེ་ཚན། བརྡ་སྤྲོད། | ཟླ་ཚེས་ 14-04-2018 | ཀློག་གྲངས། 4354

འགྲོ་བའི་རྨོངས་ཆེན་སེལ་བའི་ཕྱིར། །མགོན་པོས་མིང་ནི་གདགས་པར་མཛད། །ཅེས་འགྲོ་བའི་མི་ཤེས་པའི་རྨ... བཀླགས་འཕྲོ...

མཆན་མང་ཤོས།