Sat 14 Apr 2018

བོད་སྐད་ཡིག་ལ་ཕན་པ་བྱུང་ཚུལ།

ཚད་གཞི།:
(0 འོས་བླུགས།)

བོད་སྐད་ཡིག་ལ་ཕན་པ་བྱུང་ཚུལ།

༼༢༠༡༥ ལོའི་བགྲོ་གླེང་སྣེ་ཁྲིད་པའི་རྩོམ་ཤོག །༽
ལམ་བཟང་པོ།

གུས་བཀུར་འོས་པའི་ནགས་ལྷ་རྩོམ་སྒྲིག་ཁང་གི་འགན་འཛིན་རྣམས་ཀྱིས་དབུས་པའི་ཕ་ཡུལ་གཅིག་པའི་སྤུན་གྲོགས་རྣམས་ལ་ཐོག་མར་གནམ་ལོ་གསར་པར་འཚམས་འདྲི་ཞུ་རྒྱུ་དང་།  ཉེ་སྔོན་ནགས་ལྷ་རྩོམ་སྒྲིག་ཁང་གིས་ཐེངས་གསུམ་པའི་བགྲོ་གླེང་གི་བརྗོད་བྱ་སློབ་གྲྭ་ཁག་གིས་མཚོན་པའི་ཁག་སོ་སོར་གནང་འབྱོར་བྱུང་བ་བཞིན།    མེག་ལོར་དུ་གནས་འཆའ་མཁན་རྣམས་ལ་གནང་བའི་བརྗོད་བྱ་གསུམ་ཡོད་པ་ལས། གུས་པའི་བཤད་བྱ་ནི་''ས་ཕྱོགས་གང་སར་བཞུགས་པའི་ནགས་ཤོད་འབྲི་རུ་བ་རྣམས་ཀྱིས་ཕྱར་གྲུ་མཉམ་འདེགས་བྱས་ནས་འདས་པའི་དུས་ཡུན་ནང་དུས་དེབ་འདོན་ཐེངས་དྲུག་དང་།   སྐད་ཡིག་བགྲོ་གླེང་ཐེངས་གཉིས། དྲ་རྒྱ་དང་རྩོམ་ཡིག་འགྲན་བསྡུར་སོགས་ཀྱི་ལས་རིམ་དག་གིས་བོད་སྐད་ཡིག་ལ་ཕནཔ་ཇི་བྱུང་དང་།  ལྷག་པར་ནགས་ཤོད་ལུང་པའི་བློ་གསལ་བ་རྣམས་ལ་ཕན་ཐོགས་བྱུང་མིན་སོགས་ལ་རང་གི་དགོངས་འཆར་དང་མཐོང་སྟངས་སོགས་ཀྱི་སྐོར།

གཏམ་བཤད་ཀྱི་རྩོམ་ཤོག་ངོས་གཉིས་ལས་མ་ཉུང་བ་ཞིག་"འབྲི་དགོས་པར་གསལ་འདུག་པས། སྐྱེས་སྦྱངས་ཀྱི་ཤེས་རབ་བུལ་ཞིང་གུས་རྟག་གི་བརྩོན་འགྲུས་དབེན་པའི་བདག་གིས་ཤེས་བྱ་གསར་པ་དང་བློ་བསྐྱེད་མཐོལ་པ་རེ་དེ་རིང་ཁྱེད་རྣམས་ལ་དབུལ་རྒྱུ་མེད་ན་ཡང་། ལོ་ངོ་དེ་དག་གི་ནང་རང་གིས་མྱོང་བ་མངོན་སུམ་དང་མཐོང་བ་ཚད་མ་བསམ་ཚུལ་ལྷད་མེད་འགའ་ཞུ་བའི་གོ་སྐབས་གནང་བར་བཀའ་དྲིན་ཆེ་ཞུ།  དེ་ཡང་བོད་ཀྱི་རིག་གཞུང་ལ་ཞེན་པ་ཆེ་ཞིང་རང་གི་ཡུལ་ལུང་ལ་གློ་བ་དཀར་བའི་རྒྱུ་སྦྱོར་བ་དང་ནགས་ལྷ་རྩོམ་སྒྲིག་ཁང་གི་ལས་བྱེད་རྣམས་ཀྱིས་ལྷག་བསམ་རྣམ་དག་དང་དཀའ་སྤྱད་བཟོད་བསྲན་གྱིས་ གཉེར་བའི་ལས་རིམ་འདི་དག་ལ་ཕྱར་གྲུ་མཉམ་འདེགས་མཚོན་ཕྱིར་མཉམ་ཞུགས་བྱས་པ་ཡིན། ལར་ཤ་དང་རུས་པ་བོད་གདོང་དམར་གྱི་རྒྱུད་ནས་ཆད་ཅིང་ཁྲག་དང་ཆུ་སེར་ནགས་ཤོད་འབྲི་རུའི་ལུང་པར་འཐོར་བའི་མི་ཞིག་ཡིན་ཕྱིན། ང་དང་ཁྱོད་ཀྱི་འགན་ཙམ་མིན་པར་ནམ་ཡང་ཁོང་ཚོའི་དཔུང་གྲོགས་སུ་ལང་དགོས་ངེས་རེད།

སྤྱིར་ལས་བྱ་ཆེ་ཆུང་ཅི་འདྲ་ཞིག་གཉེར་ཡང་ཕར་བལྟས་ཚོད་དང་རང་གིས་ལག་ལེན་དངོས་སུ་བསྟར་བ་གཉིས་མི་འདྲ་བར་དཀའ་ཚེགས་ཀྱི་རྒྱུད་རིམ་ཅི་ལྟར་མྱོང་དགོས་མིན་ནི། རང་གི་ལག་ཏུ་བབས་པའི་ཉིན་མོ་ལས་རྟོགས་པར་དཀའ། དཔེར་ན་རྩོམ་སྒྲིག་ཁང་ཞིག་ལ་མཚོན་ན་ཕྱི་ཡི་དཀའ་བ་དང་ནང་གི་དཀའ་བ་གཉིས་ཡོད་ལ། ཕྱིའི་དཀའ་བ་ནི་རྩོམ་ཡིག་དང་དཔལ་འབྱོར་གྱི་རྒྱབ་སྐྱོར་ཐོབ་མིན་དེ་ཡིན་ཞིང་། གལ་སྲིད་དཔལ་འབྱོར་དང་རྩོམ་ཡིག་གི་རྒྱབ་སྐྱོར་མ་ཐུབ་ཕྱིན་དུས་དེབ་ཀྱིས་མཚོན་པའི་རྩོམ་རིག་གི་ཕུང་པོ་འདི་འདྲ་ཞིག་སྐྲུན་ཐབས་མེད་པ་རེད། ནང་གི་དཀའ་བ་ནི་རྩོམ་ཡིག་ལེགས་པོ་ཞིག་མི་རག་པ་དང་རག་ཀྱང་མིག་སྐྲངས་སྐྲངས་བར་ནན་གྱིས་ཞུ་དག་ཅི་ཙམ་བྱས་ཀྱང་ད་དུང་ཡིག་ནོར་ཁ་ཤས་གབ་ནས་རྙེད་མི་ཐུབ་པ་དེ་ཡིན། དེས་ན་ཕྱིའི་དཀའ་བ་སེལ་ཕྱིར་དཔལ་འབྱོར་དང་རྩོམ་ཡིག་རང་གི་གནས་སྟངས་ལ་དཔག་པའི་རྒྱབ་སྐྱོར་བྱ་རྒྱུ་དང་། ནང་གི་དཀའ་བ་སེལ་ཕྱིར་རྩོམ་ཡིག་ལེགས་པོ་རེ་འབྲི་ཨེ་ཐུབ་དང་དེ་ཡང་ཚོགས་གསུམ་གྱི་འགྲོས་དང་བསྟུན་གང་ཐུབ་བྱ་རྒྱུ་དེ་ཡིན། དེ་ལྟར་བྱུང་ན་སྤྱིར་ང་ཚོས་མི་རིགས་དང་རིག་གཞུང་ལ་ཞབས་ཞུ་བསྒྲུབས་ནུས་ཤིང་། སྒོས་སུ་རྩོམ་སྒྲིག་པར་འཕྲལ་གྱི་དཀའ་བ་བསལ་ཞིང་ཕུགས་ཀྱི་རྒྱབ་སྐྱོར་ཐོབ་པ་དང་རང་གི་ཤེས་ཡོན་ལའང་ཡར་ངོས་ཟླ་བཞིན་གོང་འཕེལ་གཏང་ཐུབ་པར་གོར་མ་ཆག    དེ་ནི་ཞོར་འཕྲོས་ཙམ་ཡིན།

ད་ནི་བརྗོད་གཞི་དང་འབྲེལ་བའི་རང་གི་བཤད་བྱ་ཚིག་གསུམ་གྱི་དངོས་ལ་ཞུགས་ན།

དང་པོ།༽
འདས་པའི་བགྲང་བྱ་དྲུག་གི་རིང་ལ་ཕྱིར་འདང་ཞིག་བྱས་ན་ནགས་ལྷ་རྩོམ་སྒྲིག་ཁང་དང་སློབ་གཉེར་བ་དེ་བཞིན་རྒྱུ་སྦྱོར་བ་གཙོར་བྱས་ཐོག་ནགས་ཤོད་འབྲི་རུ་བ་རྣམས་ཕྱར་གྲུ་མཉམ་འདེགས་ཀྱིས་དུས་དེབ་དང་བགྲོ་གླེང་དེ་བཞིན་དྲ་རྒྱ་དང་རྩོམ་ཡིག་འགྲན་བསྡུར་སོགས་ཀྱི་ལས་རིམ་རྒྱུན་སྐྱོང་བྱས་པ་བརྒྱུད་ཉག་ཕྲ་བའི་བོད་ཀྱི་སྐད་ཡིག་ལ་ཉལ་ས་ནས་འགྲེང་ཐུབ་པའི་གསོན་ཤུགས་གསར་པ་རེ་དང་འཚོ་རླུང་དྭངས་མ་རེ་བྱིན་ཡོད་པ་སྨོས་སུ་མེད། དཔེར་ན་དུས་དེབ་བཀྲམ་པས་བོད་ཀྱི་རྩོམ་རིག་གི་ཤོག་ལྷེ་སོ་མ་ཞིག་ཁ་སྐོང་བྱས་པ་དང་། དྲ་སྒོ་ཕྱེས་པས་བོད་ཀྱི་རིག་གཞུང་གི་མ་ལག་གསར་པ་ཞིག་འཛུགས་སྐྲུན་བྱས་ཡོད། བགྲོ་གླེང་ཚུགས་པས་བློ་གྲོས་གསར་བུ་བའི་མཐོང་ཐོས་ཀྱི་མིག་རྒྱ་བསྐྱེད་པ་དང་། རྩོམ་ཡིག་འགྲན་བསྡུར་སོགས་ཀྱིས་བློ་ཁ་རྒོད་པའི་ན་གཞོན་ཚོའི་སེམས་ལ་ངར་ཆུ་བླུད་ཡོད། འདི་ལྟར་ཡུལ་ལུང་བྱེ་བྲག་རེ་རེས་སྤྱི་ཕན་དང་ལྷག་བསམ་ཁོ་ནས་འགན་འཁྲི་མཉམ་ཁུར་གྱིས་རང་གི་མི་རིགས་དང་རིག་གཞུང་ལ་ལྷད་མེད་པའི་བརྩེ་བ་རྣལ་མ་ཞིག་བཅངས་ཏེ་ཞབས་ཞུ་ཧུར་ཐག་རེ་ཞུས་ཡོང་ན། གནས་སྟངས་ཛ་དྲག་པའི་རང་གི་མི་རིགས་དང་རིག་གཞུང་འདིའི་སྐུ་ཚེ་ཡུན་གནས་ཐུབ་པར་ལྟ་ཅི་སྨོས།        དཔེར་ན་ནགས་ལྷ་དྲྭ་མཛོད་དུ་མིག་ཟུང་འབེབས་ཙམ་བྱས་ན་སྡེ་ཚན་བརྒྱད་ཀྱིས་གྲུབ་པའི་རེའུ་མིག་འདི་ལྟ་སྟེ། རྩོམ་ཡིག ནང་ཆོས།  ལོ་རྒྱུས།  ཚན་རིག  རིག་གནས།  སྣ་ཚོགས།  ལྟད་མོ་དྲྭ་འབྲེལ་ཁ་བྱང་སོགས་ཡོད་པ་ལས་གཞན་ལ་རེ་མི་དགོས་པར་སོ་སོའི་མིས་ཁ་བཀང་ཐུབ་པ་བྱུང་ཡོད་ལ། དེ་དག་ལས་འདིར་རྩོམ་ཡིག་རེའུ་མིག་ལྟ་བུར་གཞིགས་ནས་ དཔེ་མཚོན་ཙམ་ཞུས་ན་སྙན་རྩོམ་དང་དཔྱད་རྩོམ། སྒྲུང་རྩོམ། ལྷུག་རྩོམ་སོགས་གཞན་དྲིང་མི་འཇོག་པར་རང་སྐྱ་ཐུབ་པར་བྱུང་བ་ནི་ནགས་ཤོད་འབྲི་རུ་བའི་སྤོབས་པ་དང་གཟི་བརྗིད་ཡིན་ལ།     བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་དབུགས་སྣེ་གསར་པ་ཞིག་མཐུད་ཐུབ་པ་རེད། དེས་ན་ནགས་ལྷ་རྩོམ་སྒྲིག་ཁང་གི་ལས་རིམ་འདིས་རྩོམ་རིག་གིས་མཚོན་པའི་བོད་ཀྱི་རིག་གཞུང་རྣམས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་དགེ་ཕན་བླ་ན་མེད་པ་ཞིག་བྱུང་ཡོད་ཅེས་སྐད་གསང་མཐོན་པོས་ཞུ་བར་སྤོབས།

གཉིས་པ།༽
ལྷག་ཏུ་གོང་གི་ལས་རིམ་དག་གིས་ནགས་ཤོད་འབྲི་རུ་བའི་བློ་གསལ་རྣམས་ལ་ཤེས་ཡོན་གྱི་དགེ་ཕན་ངོ་སྤྲད་ཅིང་ཁ་ཕྱོགས་ཀྱི་ཐབས་བསྟན་པ་དང་། རྗེས་ཕྱོགས་སུ་གང་ཟག་རང་ངོས་ནས་བརྩོན་པ་ཆེར་བསྐྱེད་དང་གོམ་ཁ་མདུན་སྐྱོད་ཀྱིས་མི་རྗེས་མིས་ཟིན་པ་ཞིག་དགོས་པའི་སྐུལ་ལྕག་ཡང་ཡང་བཏང་སྟེ།    མ་འོངས་ཤེས་ཡོན་ལྡན་པའི་བོད་ཀྱི་གཞོན་སྐྱེས་དཔུང་ཁག་ཅིག་སྐྱེད་བསྲིང་བྱེད་བཞིན་ཡོད་པ་རེད།       དཔེ་མཚོན་ཙམ་ཞུས་ན་ཉིས་སྟོང་དགུ་ནས་ནགས་ལྷའི་སྒྲོན་མེ་འདོན་ཐེངས་དང་པོ་སྒོར་བཏོན་པ་ནས་ད་ལྟའི་འདོན་ཐེངས་དྲུག་པ་བར་རྩོམ་འབྲི་བ་རྣམས་ཀྱི་ཚིག་གི་སྦྱོར་བ་དང་དོན་གྱི་ཟབ་ཚད་རིགས་པའི་ཆོད་རྒྱ་སོགས་ཀྱིས་མཚོན་གང་ས་ཅི་ཐད་ནས་གཤིབ་བསྡུར་བྱས་ཡོང་ན་ཡར་རྒྱས་ཀྱི་རྣམ་པ་མིག་མཐོང་ལག་ཟིན་དུ་གྱུར་ཡོད། དེ་ཡང་རང་གི་བསམ་ཚུལ་ཙམ་མིན་པར་སྔོན་ཆད་བགྲོ་གླེང་སོགས་ཀྱི་ལས་རིམ་དངོས་སུ་མཉམ་ཞུགས་བྱེད་མྱོང་མཁན་རྣམས་ལས་ཤེས་རྟོགས་བྱུང་། སྤྱིར་དུས་དེབ་དང་དྲྭ་རྒྱ་སོགས་ལ་དཀའ་ངལ་ཞིག་ནི་གོང་ཞུས་ལྟར་རྩོམ་ཡིག་མི་འདང་བ་དེ་ཡིན་མོད། ནགས་ལྷའི་སྒྲོན་མེའི་དུས་དེབ་ལ་མཚོན་ན་ད་བར་རྩོམ་ཡིག་འཚང་ཁ་ལས་མི་འདང་བའི་དཀའ་ངལ་བྱུང་མེད། དེའི་ཕྱིར་ང་ཚོའི་ན་གཞོན་ཚོར་ཤེས་ཡོན་ལ་དོ་སྣང་དང་མི་རིགས་ལ་ཤ་ཞེན་ཡོད་པ་མཚོན་པས། སླད་ཕྱིན་ཀྱང་ཨ་གསར་མིན་པར་མུ་མཐུད་རྒྱུན་སྐྱོང་བྱ་དགོས་པ་ནི་འུ་ཚོའི་ཕྲག་ཐོག་ཏུ་བབས་པའི་འགན་འཁྲི་ཞིག་རེད། འོན་ཀྱང་རང་ཉིད་ལ་གཞིགས་ན་འགྲན་རྩོམ་དང་བརྡ་སྤྲོད་བགྲོ་གླེང་དུས་དེབ་འདོན་ཐེངས་དང་པོ་དང་དྲུག་པ་བཅས་ལ་ཤེས་ཡོན་གྱིས་རྗེས་མ་ཟིན་པ་དང་གནས་བབ་གཞན་ཞིག་གིས་ང་རང་མཉམ་ཞུགས་མ་ཐུབ་པ་བློ་ཕམ་ཆེ་མོད། ཇི་མི་སྙམ་པར་མ་བཞག་སྟེ་དགོངས་སྐོར་ཞུ་བ་དང་གནས་བབ་འགྲེལ་བརྗོད་བྱས་མྱོང་ཡོད་པ་ནི་རང་གིས་ཁོང་རྣམ་པའི་ལས་རིམ་དེར་ལུས་ཀྱིས་མཉམ་ཞུགས་མ་ཐུབ་རུང་སེམས་ཀྱིས་རྒྱབ་སྐྱོར་མཚོན་དོན་གཞན་ཞིག་ཡིན་པར་རློམ་བཞིན་ཡོད།

གསུམ་པ།༽
མདོར་ན་ནགས་ལྷ་རྩོམ་སྒྲིག་ཁང་གིས་འགན་ཁུར་གནང་བའི་ལས་རིམ་འདི་དག་གིས་སྤྱིར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྒོས་སུ་ནགས་ཤོད་འབྲི་རུ་བའི་བསླབ་པ་དོན་གཉེར་ཅན་ཀུན་ལ་ཕན་པ་བླ་མེད་དུ་བྱུང་ཡོད་པ་ནི། གང་ཟག་སོ་སོའི་བློ་རྩེ་ནང་དུ་བཀུགས་ནས་མནོ་བསམ་ཞིག་བཏང་ན་གསལ་གསལ་ཐིང་ཐིང་ངང་འཆར་འོང་བ་ཞིག་ཡིན་པས་ངས་དེ་ལ་རྒྱ་འགྲེལ་སྟོང་བཤད་བྱས་ཀྱང་དུས་ཚོད་ཆུད་འཛའ་བ་ལས་དགོས་པ་ཆེར་མ་མཐོང་། དེས་ན་ང་ཚོས་ངེས་དགོས་པ་དང་རྟོགས་དགོས་པ་ནི་ལས་རིམ་འདི་དག་གི་དགེ་ཕན་དང་རྒྱུད་རིམ་གྱི་དཀའ་ངལ་དག་ཡིན་ལ་དེ་དག་ཤེས་རྟོགས་བྱུང་བའི་ཐོག་ནས་དུས་དང་རྣམ་པ་ཀུན་ཏུ་ལྷག་བསམ་དཀར་བའི་རྒྱུ་སྦྱོར་བ་དང་ལས་བྱེད་རྣམས་ལ་རང་ནུས་གང་ཡོད་ཀྱིས་རྒྱབ་སྐྱོར་དང་བཀའ་དྲིན་རྗེས་སུ་དྲན་པར་བྱ་རྒྱུ་དེ་ཡིན་ཞེས་པ་ནི་ཕྲན་གྱི་མཐོང་ཚུལ་དང་བསམ་ཚུལ་ཕྱོགས་སུ་བསྡུས་པ་ཞིག་ཡིན་པས་བརྗོད་དོན་འདིའི་ཐོག་མ་མཐུན་པ་མ་འགྲིགས་པ་མ་ཁྱབ་པ་སོགས་གང་བྱུང་བ་རྣམ་པ་ཚོས་དགོངས་འཆར་དང་ཁ་སྐོང་ལྷུག་པོར་གནང་རོགས་ཞུ།
བཀྲ་ཤིས་བདེ་ལེགས།

 

རྩོམ་ཡིག་འདི་ཐེངས་ 1085 བཀླགས་འདུག

 

ཤོག་ངོས་འདི་ཐེངས་ 405 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

 གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།

རིག་གནས་གསར་ཤོས།

སྐད་ཡིག་ནི་ཚེ་སྲོག་དང་འབྲེལ།

སྡེ་ཚན། སྐད་ཡིག | ཟླ་ཚེས་ 14-04-2018 | ཀློག་གྲངས། 2895

སྐད་ཡིག་ནི་ཚེ་སྲོག་དང་འབྲེལ། མེས་པོའི་ཚེ་སྲོག་ལས་གྲུབ་པའི་བོད་ཀྱི་སྐད་ཡིག  །སྦྲ་ནག་གྲུ་བཞ... བཀླགས་འཕྲོ...

ཤན་སྐད་དྭངས་གསལ་གྱི་ལམ་སྟེགས།

སྡེ་ཚན། སྐད་ཡིག | ཟླ་ཚེས་ 14-04-2018 | ཀློག་གྲངས། 2818

བོད་མི་རིགས་ལ་དུང་ཞེན་ཆེ་ཞིང་གནའ་དེང་གི་རིག་གཞུང་ལ་སྦྱངས་མཐར་ཕྱིན་པའི་ཁ་བ་ཅན་པའི་མཁས་མིང་འ... བཀླགས་འཕྲོ...

བརྡ་སྤྲོད་རིག་པའི་གཞུང་ལས་མིང་…

སྡེ་ཚན། བརྡ་སྤྲོད། | ཟླ་ཚེས་ 14-04-2018 | ཀློག་གྲངས། 4354

འགྲོ་བའི་རྨོངས་ཆེན་སེལ་བའི་ཕྱིར། །མགོན་པོས་མིང་ནི་གདགས་པར་མཛད། །ཅེས་འགྲོ་བའི་མི་ཤེས་པའི་རྨ... བཀླགས་འཕྲོ...

མཆན་མང་ཤོས།