Fri 05 Oct 2012

བདེན་རྫུན་སྒྱུ་མའི་དཔེ།

ཚད་གཞི།:
(0 འོས་བླུགས།)

འཇིག་རྟེན་པ་ལ་ལྟོས་པའི་བདེན་རྫུན་སྒྱུ་མའི་དཔེས་བསྟན་པའི་སྐབས་སུ་དོགས་པ་བཅད་པ།།

དེ་ལྟར་སྒྱུ་མའི་རྟ་གླང་དུ་སྣང་བ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ལྟར་ན་རང་རིག་མངོན་སུམ་དང་ཕྱི་རོལ་ཁས་ལེན་པའི་རང་རྒྱུད་པ་ལྟར་ན་ས་ཕྱོགས་སམ་བར་སྣང་ལྟ་བུའི་གཞི་འཛིན་པའི་དབང་པོ་མངོན་སུམ་གྱིས་འགྲུབ་ལ་ཞེས་སོགས་ཀྱི་སྐབས་སུ་སྒྱུ་མའི་རྟ་གླང་སྣང་བ་ལྟར་དུ་མེད་ཏེ་དེ་ལྟར་ཡོད་ན་མིག་མ་བསླད་པའི་གང་ཟག་དེ་དག་གིས་མཐོང་དགོས་པ་ལས་མ་མཐོང་བའི་ཕྱིར་ཞེས་པའི་རིགས་པ་ལ་བརྟེན་ནས་དེ་སྣང་བ་ལྟར་དུ་གྲུབ་པ་ཁེགས་ལ་དེ་སྣང་བ་ལྟར་མ་གྲུབ་པ་རྟོགས་པའི་བློ་ནི་རིགས་ཤེས་ཕྲ་རགས་གང་རུང་མ་ཡིན་ཏེ་དེ་ཡིན་པ་ལ་གཞི་དེ་ཐ་སྙད་པའི་བློ་རང་དགའ་བའི་དབང་དུ་བྱས་པའི་བདེན་གྲུབ་ཡིན་དགོས་པས་དེ་ལ་ཡང་དེར་སྣང་བྱུང་ན་དེས་སྟོང་མི་འོང་བ་དང་དེས་སྟོང་བྱུང་ན་དེར་སྣང་མི་འོང་བ་དང་གཉིས་ཡོད། དང་པོ་ནི། དེར་སྣང་བྱུང་ན་དེས་སྟོང་མི་འོང་བ་ནི། ཐ་སྙད་པའི་བློ་རང་དགའ་བ་ལ་གཟུགས་སྒྲ་སོགས་བདེན་པར་སྣང་བ་ཡིན་ཀྱང་བློ་དེས་དེ་དག་སྣང་བ་ལྟར་དུ་མ་གྲུབ་པ་མ་རྟོགས་པས་དེར་སྣང་བྱུང་ན་དེས་སྟོང་མི་འོང་པའོ།།

གཟུགས་སྒྲ་སོགས་ཆོས་ཅན།བདེན་གྲུབ་སྣང་བ་ཡིན་པ་ཐལ། དེ་བདེན་པར་མ་གྲུབ་པ་རྟོགས་ན་དེ་སྣང་བ་ལྟར་མ་གྲུབ་པ་རྟོགས་དགོས་པའི་ཕྱིར། འོ་ན་འདིའི་དོན་ལ་ཁ་ཅིག་སྤྲུལ་གཞི་རྡེའུ་ཤིང་ཆོས་ཅན། བདེན་པར་སྣང་བ་ཡིན་པ་ཐལ། དེ་བདེན་པར་མ་གྲུབ་པ་རྟོགས་ན་དེ་སྣང་བ་ལྟར་མ་གྲུབ་པ་རྟོགས་དགོས་པའི་ཕྱིར་ཟེར་ན་འདོད་པ་ཁོ་ནའོ།། སྤྲུལ་གཞི་སྣང་བ་ལྟར་མ་གྲུབ་པ་རྟོགས་པ་ལ་དེ་བདེན་མེད་རྟོགས་མི་དགོས་ལ། དེ་བདེན་པར་མ་གྲུབ་པ་རྟོགས་ན་དེ་སྣང་བ་ལྟར་མ་གྲུབ་པ་རྟོགས་དགོས་ཏེ་དེ་བདེན་པར་སྣང་བ་ཡིན་པའི་ཕྱིར་ཏེ། དེ་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར་རོ།། གཉིས་པ་ནི་གཟུགས་སྒྲ་སོགས་དེས་སྟོང་བྱུང་ན་དེར་སྣང་བ་མ་ཡིན་པ་རྟག་པ་དང་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་སོགས་སྟོང་ཉིད་མ་རྟོགས་པའི་གང་ཟག་གི་རྒྱུད་ཀྱི་བློས་དེ་དག་གི་སྟོང་པ་གྲུབ་ཀྱང་དེའི་རྒྱུད་ཀྱི་བློ་ལ་དེ་སྣང་བ་མ་ཡིན་པས་དེས་སྟོང་བྱུང་ནའང་དེར་སྣང་མི་འོང་ངོ༌།།

གཟུགས་སྒྲ་སོགས་ཆོས་ཅན། རྟག་པ་དང་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་སོགས་སྣང་བ་མ་ཡིན་པར་ཐལ། དེ་དེ་དག་མ་ཡིན་པ་རྟོགས་ན་སྣང་བ་ལྟར་མ་གྲུབ་པ་རྟོགས་མི་དགོས་པའི་ཕྱིར་ཏེ། དེ་འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཡང་དག་ཡིན་པས། སྟོང་ཉིད་མ་རྟོགས་པའི་གང་ཟག་གི་རྒྱུད་ཀྱི་བློས་རྟག་པ་དང་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་སོགས་མ་ཡིན་པ་རྟོགས་པ་གང་ཞིག །གལ་ཏེ་དེ་དག་སྣང་བ་ཡིན་ན་དེ་མ་ཡིན་པ་རྟོགས་པ་ན་དེར་སྣང་བ་ལྟར་མ་གྲུབ་པ་རྟོགས་དགོས་པ་ལས་དེ་མ་རྟོགས་པའི་ཕྱིར། འོ་ན་ཐ་སྙད་པའི་བློ་རང་དགའ་བའི་དབང་དུ་བྱས་པའི་སྣང་སྟོང་གཉིས་ཚོགས་ཤིག་མེད་པ་ཡིན་ནམ་ཞེ་ན།དེ་མ་ཡིན་ཏེ་དཔེར་ན་མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་ལྟ་བུ་ནི་སྟོང་ཉིད་མ་རྟོགས་པའི་གང་ཟག་གི་རྒྱུད་ཀྱི་ཐ་སྙད་པའི་བློ་རང་དགའ་བ་ལ་སྣང་སྟོང་གཉིས་ཚོགས་ཀྱི་རྫུན་པ་ཁོ་ན་ཡིན་པས་བདེན་གྲུབ་མ་ཡིན་ལ་དེའི་ཕྱིར་སྣང་བ་ལྟར་དུ་མེད་པར་རྟོགས་པའི་བློ་ལ་རིགས་ཤེས་ཕྲ་རགས་གང་རུང་ཡིན་པ་ལ་དེ་ཐ་སྙད་པའི་བློ་རང་དགའ་བའི་དབང་དུ་བྱས་པའི་བདེན་གྲུབ་ཡིན་དགོས་སོ། འདིའི་སྐབས་སུ་འགའ་ཞིག་གིས་མིག་བསླད་པའི་ལྟད་མོ་བ་ལ་སྤྲུལ་གཞི་རྟ་གླང་དུ་སྣང་ཡང་དེས་སྟོང་པ་མི་འོང་བ་དང་མིག་མ་བསླད་པའི་གང་ཟག་དེ་དག་གིས་སྤྲུལ་གཞི་རྟ་གླང་གིས་སྟོང་པ་རྟོགས་ཀྱང་དེར་སྣང་མི་འོང་བ་དང་སྒྱུ་མ་མཁན་པོ་ལ་སྣང་སྟོང་གཉིས་ཚོགས་པ་བྱུང་བས་འཇིག་རྟེན་པའི་བློ་རང་དགའ་བའི་དབང་དུ་བྱས་པའི་རྫུན་པ་ཁོ་ནའོ། ཞེས་སྨྲ་བར་བཞེད་ཀྱང་དེ་ནི་མི་སེམས་ཏེ་དེ་ལྟར་ན་སྤྲུལ་གཞི་རྡེའུ་ཤིང་དང་མེ་ལོང་ནང་གི་བྱད་བཞིན་གཟུགས་བརྙན་སོགས་ཆོས་ཅན། ཐ་སྙད་པའི་བློ་རང་དགའ་བའི་དབང་དུ་བྱས་པའི་བདེན་གྲུབ་ཡིན་པ་ཐལ། དགོངས་པ་རབ་གསལ་ལས་ཐ་སྙད་པའི་བློ་རང་དགའ་བའི་དབང་དུ་བྱས་པའི་བདེན་གྲུབ་ཡིན་ན་ཡང་དེར་སྣང་བྱུང་ན་དེས་སྟོང་མི་འོང་པ་དང་དེས་སྟོང་བྱུང་ན་དེར་སྣང་མི་འོང་པས་དེ་གཉིས་ཚོགས་པ་བྱུང་ན་ཐ་སྙད་པའི་བློ་རང་དགའ་བའི་དབང་དུ་བྱས་པའི་རྫུན་པ་ཁོ་ནའོ་ཞེས་པའི་ཁྱོད་ཀྱི་ལུང་དེའི་དོན་འཆད་ཚུལ་འཐད་པའི་ཕྱིར། འདོད་ན་སྤྲུལ་གཞི་དང་གཟུགས་བརྙན་སོགས་ཆོས་ཅན། ཐ་སྙད་པའི་བློ་རང་དགའ་བའི་དབང་དུ་བྱས་པའི་བདེན་གྲུབ་མ་ཡིན་པ་ཐལ། བློ་དེ་ལ་ལྟོས་པའི་རྫུན་པ་ཡིན་པའི་ཕྱིར། ཁྱབ་སྟེ་གཞི་གང་ལ་ལྟོས་ཀྱང་བདེན་རྫུན་གཉིས་འགལ་བས་སོ། །དེའི་ཕྱིར་ཐ་སྙད་པའི་བློ་རང་དགའ་བ་ལ་ལྟོས་པའི་གཟུགས་སྒྲ་སོགས་བདེན་པར་གྲུབ་པ་གཅིག་གི་སྟེང་དུ་དེ་ལྟར་སྨྲ་བར་བཞེད་དོ།

ནགས་ཤོད་འབྲི་རུ་བ་ནོར་བུ་དོན་གྲུབ།

ཤོག་ངོས་འདི་ཐེངས་ 387 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་ « ཤིང་རྟའི་སྲོལ་འབྱེད་ལ་དཔྱད་པ། ནགས་ལྷའི་སྒྲོན་མེ། »

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

 གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།

རྩོམ་ཡིག་གསར་ཤོས།

ཡ་བཏགས་ལ་དཔྱད་པ་མེས་པོའི་ཞལ་ལུ…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 99

ནགས་ཤོད་སྐལ་རྒྱན། བསླབ་ལ་བརྩོན་པའི་གང་ཟག་གིས། ། དང་པོ་ང་རོ་རྣམས་ལ་སྦྱངས། ། སྔོན་འཇུག་མི... བཀླགས་འཕྲོ...

མཛོད་ལུགས་འདུས་མ་བྱས་ཀྱི་གྲངས་…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 87

ནགས་ཀྱི་ཤིང་ལོ། བརྩེ་ཆེན་ཐུགས་རྗེའི་ཐབས་ཀྱིས་འགྲོ་རྣམས་ཞི་བར་བགྲོད་པའི་ལམ་བསྟན་ནས། ། དྲི... བཀླགས་འཕྲོ...

བོད་ཀྱི་སྐད་ཡིག་དང་འབྲེལ་པའི་༸…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 97

ནག་པོ་བཀྲ་ཤིས། [ནང་དོན་གནད་བསྡུས།] དཔྱད་རྩོམ་འདི་ཉིད་ཀྱི་བརྗོད་དོན་གཙོ་བོ་ནི་དུས་རབས་ཉི་ཤ... བཀླགས་འཕྲོ...

མཆན་མང་ཤོས།