Mon 17 Feb 2020

སྣར་ཐང་ལོ་ཙཱ་བ་སངྒྷ་ཤྲཱི་དང་ཁོང་གི་སྙན་འགྲེལ་སྙན་ངག་མེ་ལོང་གི་ཊཱིཀྐ[1]་ཆེ་ལོང་ཙམ་གླེང་བ།

ཚད་གཞི།:
(0 འོས་བླུགས།)

བསྟན་འཛིན་སྟོབས་ལྡན།
རྣམ་ཐར།
ད་སྔ་ཡན་གྱི་བོད་ཀྱི་བྱུང་རབས་དེབ་ཐེར་ཁག་ཏུ་སྣར་ཐང་ལོ་ཙཱ་བ་སངྒྷ་ཤྲཱིའི་རྣམ་ཐར་གསལ་བོ་འཁོད་པ་ཞིག་མེད་ཚོད་རེད། དེའི་ཕྱིར་ཁོང་གི་འཁྲུངས་འདས་དང་ཡབ་ཡུམ། འཁྲུངས་ཡུལ། འཚོ་ཐབས། སློབ་གཉེར་གྱི་རྒྱུད་རིམ་སོགས་གསལ་ཆ་མི་འདུག །སྤྱི་བཤད་ཙམ་བཀོད་ན། གངས་ལྗོངས་མཁས་དབང་རིམ་བྱུང་གི་མིང་མཛོད་དུ། “སྣར་ཐང་ལོ་ཙཱ་བ་དགེ་འདུན་དཔལ་ལམ་སྣར་ཐང་ལོ་ཙཱ་བ་སངྒྷ་ཤྲཱིི་ནི། དུས་རབས་བཅུ་བཞི་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་དཔལ་སྣར་ཐང་དགོན་པའི་ཆོས་སྒོར་ཞུགས་ཤིང་རབ་ཏུ་བྱུང་བ་དང་། དགེ་ཚུལ་དང་དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་མདོ་སྔགས་གཉིས་ཀའི་གཞུང་ལུགས་ལ་ཐོས་བསམ་ནན་ཏན་དུ་མཛད། དེ་ནས་འགོས་ལོ་གཞོན་ནུ་དཔལ་དང་འདུལ་ནག་པ་དཔལ་ལྡན་བཟང་པོ་སོགས་ལ་སྒྲ་དང་། སྙན་ངག་མངོན་བརྗོད། རྩིས་སོགས་ཀྱི་ཁྲིད་གནང་སྟེ་སློབ་བུ་མང་དུ་གསོ་སྐྱོང་མཛད། རབ་བྱུང་བདུན་པའི་ལྕགས་བྱི་ལོ་སྟེ་ཕྱི་ལོ་ ༡༤༢༠ ལོར་བཤེས་གཉེན་བློ་གྲོས་དཔལ་འབར་གྱིས་ཡང་ཡང་བསྐུལ་ངོར་ཐང་པོ་ཆེའི་གཙུག་ལག་ཁང་དུ་སྔགས་བཀླག་ཐབས་བསྡུས་པའི་ཊཱིཀྐ་མཐོང་བ་དོན་གསལ་བརྩམས། ད་དུང་ཀ་ལཱ་པའི་མཚམས་སྦྱོར་ལྔ་པའི་ཊཱིཀྐ་གཞུང་དོན་གསལ་བ་དང་། སྙན་ངག་མེ་ལོང་གི་བཤད་པ་བཀླགས་པས་དོན་ཐམས་ཅད་འགྲུབ་པ། དོན་རྒྱན་གསལ་བའི་མེ་ལོང་མཁས་པ་དགའ་བྱེད་འོད་ཟེར་འབུམ་ཕྲག་བརྒྱ་པ་སོགས་བཞུགས།[2]” ཞེས་དང་། སྣར་ཐང་རང་གིས་བརྩམས་པའི་སྙན་ངག་མེ་ལོང་གི་ཊཱིཀྐ་ལེའུ་དང་པོའི་མཇུག་བྱང་དུ། “ཁྱད་པར་གནས་ལྔ་ཡོངས་སུ་རྫོགས་པའི་པཎྜི་ཏ་ཆེན་པོ་མཁས་པའི་དབང་ཕྱུག་རྡོ་རྗེ་རྒྱལ་མཚན་གྱི་ཞབས་རྡུལ་ལ་སྤྱི་བོས་རེག་པར་གྱུར་པ།[3]”ཞེས་འཁོད་པས། མཁས་པའི་དབང་ཕྱུག་རྡོ་རྗེ་རྒྱལ་མཚན་ནི་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ལས་གཞན་ཞིག་མ་མཆིས། ཤོང་སྟོན་རྡོ་རྗེ་རྒྱལ་མཚན་[4]ནི་དུས་རབས་བཅུ་གསུམ་གྱི་ནང་དུ་བྱོན་པའི་མཁས་པ་ཞིག་ཡིན། སྣར་ཐང་གིས་རྡོ་རྗེ་རྒྱལ་མཚན་གྱི་ཞབས་རྡུལ་སྤྱི་བོས་རེག་པའམ་ཞབས་སུ་གཏུགས་པ་ཡིན་ན་སྣར་ཐང་དུས་རབས་བཅུ་གསུམ་པའི་ནང་བྱོན་པ་ཞིག་ཡིན་དགོས། ཁོང་ནི་དུས་རབས་བཅུ་བཞི་པའི་ནང་དུ་བྱོན་པ། སྙན་ངག་མེ་ལོང་གི་བཤད་པ་བཀླགས་པས་དོན་ཐམས་ཅད་འགྲུབ་པའི་མཇུག་བྱང་དུ། “ས་གསུམ་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་ཤར་རྒྱལ་རོང་པ་ཆེན་པོ་ཞེས་བྱ་བས་ཁྱེད་ཐ་སྙད་ཀྱི་ཆོས་འདི་རྣམས་ལ་ཤིན་ཏུ་མཁས་པར་སྣང་བས་འདི་རྣམས་ལ་ཊཱིཀྐ་རེ་ཞོག་གསུངས་པའི་བཀའ་གནང་ཡང་ཡོད་པ།[5]” གསལ་བས་རོང་སྟོན་ཤཱཀྱ་རྒྱལ་མཚན[6]་ནི་དུས་རབས་བཅུ་བཞིའི་སྨད་དང་དུས་རབས་བཅོ་ལྔའི་སྟོད་ལ་བྱོན་པ་ཞིག་ཡིན། སྣར་ཐང་སངྒྷ་ཤྲཱིི་ནི་དུས་རབས་བཅུ་བཞིའི་སྨད་ལ་འབྱོན་དགོས་པས། ཁོང་གིས་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་བླ་མ་བསྟེན་པའི་གནས་མེད། སངྒྷ་ཤྲཱི་རང་གིས་རྡོ་རྗེ་རྒྱལ་མཚན་གྱི་ཞབས་རྡུལ་སྤྱི་བོས་རེག་གསུངས་པ་དེ། ཤོང་སྟོན་གྱིས་སྒྱུར་བའི་མེ་ལོང་མར་དངོས་སུ་འཇུག་པའམ་ཁྲིད་རྒྱུད་མ་ཉམས་པར་ཐོབ་པ་ལ་གོ་དགོས་སྙམ། སྣར་ཐང་སངྒྷ་ཤྲཱི་ནི་ཆུང་དུས་ནས་སྣར་ཐང་དགོན་པའི་ཆོས་སྒོར་ཞུགས་པ། བསླབ་པ་སློབ་གཉེར་ཐུགས་བརྩོན་ཆེན་པོ་གནང་ནས། མཁས་པའི་སྙན་པ་ཐོབ་པ་ཞིག་ཡིན་ངེས། ལེགས་སྦྱར་གྱི་སྐད་ལ་མཁས་པ་ཞིག་རེད་འདུག་ཀྱང་ཁོང་རྒྱ་གར་དུ་སློབ་གཉེར་ལ་ཕེབས་པའི་སྐོར་མ་མཐོང་།

བརྩམས་ཆོས།
ཁོང་གི་བརྩམས་ཆོས་ད་ལྟ་ནང་བསྟན་དཔེ་མཛོད་ཁང་གིས་ཉར་བ། དག་ཡིག་མདོར་བསྡུས་པད་དཀར་ཆུན་པོ། བསླབ་བྱ་ཚིག་གསུམ་གནད་དོན། སྙན་ངག་མེ་ལོང་གི་ཊཱིཀྐ། སྙན་ངག་མེ་ལོང་གི་བཤད་པ་བཀླགས་པས་དོན་ཐམས་ཅད་འགྲུབ་པ། སྐུ་གསུམ་གྱི་རྣམ་གཞག་རབ་གསལ་སྒྲོན་མེ། སྔགས་བཀླག་ཐབས་བསྡུས་པ། སྔགས་ཀྱི་བཀླག་ཐབས་བསྡུས་པའི་འགྲེལ་པ་མཐོང་བ་དོན་ལྡན། སྔགས་བཀླག་ཐབས་བསྡུས་པའི་ཊཱིཀྐ་མཐོང་བ་དོན་གསལ། ཀ་ལཱ་པའི་མཚམས་སྦྱོར་ལྔ་པའི་ཊཱིཀྐ་གཞུང་དོན་གསལ་བ། དོན་རྒྱན་གསལ་བའི་མེ་ལོང་མཁས་པ་དགའ་བྱེད་འོད་ཟེར་འབུམ་ཕྲག་བརྒྱ་པ་བཅས་མང་དུ་སྣང་།

དུས་སྐབས་དེའི་རིག་གནས་ཀྱི་གནས་བབས།
སྣར་ཐང་ལོ་ཙཱ་བ་སངྒྷ་ཤྲཱི་བྱོན་པའི་དུས་སྐབས་ནི། ཕག་གྲུས་བོད་ཁམས་དབང་དུ་བསྒྱུར་བའི་སྐབས་ཡིན། དུས་སྐབས་དེར་བོད་ཡུལ་དུ་ནང་པའི་བསྟན་པ་དར་བའི་རྩེ་མོར་སོན་པའི་མཚམས་སུ་འཇོག་ཆོག །བོད་ཀྱི་ལོ་རྒྱུས་ཀྱི་ནང་དུ་མཁས་བརྒྱ་ལྷན་དུ་གདན་གཅིག་ལ་འཛོམས་ཏེ། འཆད་རྩོད་རྩོམ་གྱི་འགྲན་གླེང་གནང་སའི་གནས། གཙང་ཆུ་མིག་རིང་མོའི་ཆོས་འཁོར་དང་། རྩེད་ཐང་ཆོས་འཁོར་ཆེན་མོ། ལྷ་སའི་སྨོན་ལམ་ཆེན་མོ་གསུམ་ནང་བསྟན་གཙོ་བོར་གྱུར་པའི་རིག་གནས་ཀྱི་འདུ་ར་ཆེན་པོ་གསུམ་ཡིན། དེ་དག་དུས་སྐབས་དེར་ཚུགས་ཟིན་པ་དང་། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་གྲགས་པ་ཡང་དར་གྲུབ། ཐ་སྙད་རིག་གནས་ཀྱི་ཕྱོགས་ནས་དུས་རབས་བཅུ་གསུམ་ནང་དུ་ས་སྐྱ་པཎ་ཆེན་གྱིས་སྙན་ངག་དང་བརྡ་སྤྲོད། ཟློས་གར་སོགས་པའི་རིག་གནས་ཀྱི་རྣམ་གཞག་གསལ་བར་སྲོལ་གཏོད་པ་དང་། དེ་དག་ལ་བརྩམས་ཆོས་ཕྱོགས་སྟོན་གྱི་འཁོར་ལོ་ལྟ་བུ་ཡང་མཛད་པས། བོད་ལ་རིག་གནས་ཆུང་བ་ལྔ་དར་བའི་སྣེ་ཁྲིད་རྨད་དུ་བྱུང་བ་ཆགས། དེ་ནས་ཤོང་སྟོན་གྱིས་མེ་ལོང་མ་ཆ་ཚང་བ་དང་།
རྟོགས་བརྗོད་དཔག་བསམ་འཁྲི་ཤིང་བཅས་སྒྱུར། དཔང་ལོས་རྒྱ་འགྲེལ་གཉིས་ལ་ཁུངས་སུ་གཏུགས་ནས་མེ་ལོང་མ་ལ་འགྲེལ་བ་བརྩམས་པར་བརྟེན་ནས་མེ་ལོང་མའི་འཆད་འགྲེལ་རྩོམ་གསུམ་དར་བ་སོགས་གླེང་བའི་གཏམ་མང་། སྣར་ཐང་ལོ་ཙཱ་བའི་སྔོན་ཙམ་བྱོན་པ་དང་། དུས་མཉམ་དུ་འཁེལ་བའི་མཁས་པ་འགའ་བཀོད་ན། བུ་སྟོན་རིན་ཆེན་གྲུབ། (༡༢༩༠--༡༣༦༤) རྒྱལ་བ་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར། (༡༣༠༨ -- ༡༣༦༣) རོང་སྟོན་ཤཱཀྱ་སེང་གེ (༡༣༦༧-- ༡༤༤༦) ངོར་ཆེན་ཀུན་དགའ་ལྷུན་གྲུབ། (༡༤༧༩) བོ་དོང་ཕྱོགས་ལས་རྣམ་རྒྱལ། (༡༣༧༥-- ༡༤༥༡) ཐང་སྟོན་རྒྱལ་པོ། (༡༣༨༥-- ༡༤༦༤) རྒྱལ་བ་བློ་བཟང་གྲགས་པ། (༡༣༥༧--༡༤༡༩) གཞན་འགོས་ལོ་གཞོན་ནུ་དཔལ། ཚལ་བ་ཀུན་དགའ་རྡོ་རྗེ། གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་སོགས་མཁས་པ་ཟླ་དང་བྲལ་བ་མང་དུ་བྱོན་པའི་དུས་སྐབས་ཡིན་པས་རིག་གནས་ཀྱི་གནས་བབས་ཅི་ལྟར་ཡིན་པ་ནམ་ལངས་ཉི་ཤར་ལྟ་བུར་ཆགས་འདུག

 

རིག་གནས་ཀྱི་དབྱེ་སྒོ།
བོད་ཀྱི་ལོ་རྒྱུས་ཀྱི་བྱུང་རབས་ནང་ལས་དུས་རབས་བཅུ་གསུམ་པའི་སྐབས་སུ་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་བྱོན་ནས་ཁོང་གིས་བོད་དུ་སྔར་མེད་རིག་པའི་གནས་བཅུའི་རྣམ་གཞག་སྲོལ་དུ་གཏོད་པས། བོད་ཁམས་སྟོད་སྨད་ཀུན་ཏུ་རིག་པའི་གནས་བཅུ་རླུང་ལྟར་གྲགས། མཁས་པ་ཡིན་ན་རིག་པའི་གནས་བཅུ་ལ་མཁས་དགོས་པ་དང་། རིག་པའི་གནས་བཅུ་ལ་སྦྱངས་བ་མཐར་སོན་ཚེ་མཁས་པ་རུ་བཀུར་བ་བཅས་མཁས་པའི་སྦྱང་གཞི་དང་མཁས་པ་རུ་འཇོག་པའི་ཚད་ཐིག་ཡིན། དཔང་ལོས་སྙན་འགྲེལ་དོན་གསལ་བརྩམས་པའི་དབུར་རིག་གནས་ཀྱི་དབྱེ་སྒོ་མཛད་པས། དེ་ནས་བཟུང་བོད་ཀྱི་སྙན་འགྲེལ་མཁན་ཚང་མས་རིག་གནས་ཀྱི་དབྱེ་སྒོ་དེ་མེ་ལོང་མའི་ཆ་ཤས་སུ་བརྩིས་ཏེ། སྙན་འགྲེལ་ཚང་མའི་དབུར་རིག་གནས་ཀྱི་དབྱེ་སྒོ་མཛད་གནང་འདུག འདིར་སྣར་ཐང་ལོ་ཙཱ་བ་སངྒྷ་ཤྲཱིས་ཅི་ལྟར་ཕྱེ་བ་ནི། རིག་གནས་བཅུའི་གྲངས་འདྲེན་ལ། རིག་གནས་ཆེ་བ་ལྔ་ནི། ཁོང་གིས་རྗེ་བཙུན་བྱམས་པ་མགོན་པོའི་གསུང་དྲངས་པ། “རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་པ་མི་ཐོབ་སྟེ། །དེ་བས་ཚར་གཅད་བྱ་ཕྱིར་གཞན་རྣམས་རྗེས་སུ་གཟུང་ཆེད་དང་། །རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་བརྩོན་བྱེད་དང་[7]”། །ཞེས་པ་ལྟར། སྒྲ་རིག་པ། གཏན་ཚིགས་རིག་པ། བཟོ་རིག་པ། གསོ་བ་རིག་པ། ནང་རིག་པ་བཅས་ལྔའོ། །རིག་གནས་ཆེ་བ་ལྔའི་བྱེད་ལས་དང་དགོས་པ། གྲངས་སོགས་ལ་སྔ་རབས་ཀྱི་མཁས་པ་རྣམས་བཞེད་ཚུལ་མི་མཐུན་པ་མི་འདུག ཁོང་གིས་རིག་གནས་ཆུང་བ་ལྔ་ནི། “སྒྲ་རིག་པའི་གཏན་ཚིགས་ལ་ཡང་རིག་པའི་གནས་ཆུང་བ་ལྔ་སྟེ། བརྡ་སྤྲོད་དང་སྙན་ངག་དང། སྡེབ་སྦྱོར་དང་། མིང་གི་མངོན་བརྗོད་དང་། ཟློས་གར་དང་ཐ་སྙད་དེ་ལྔ་པོ་འདི་ཡིན་ལ། དེ་ཡང་བརྡ་སྤྲོད་ཤེས་ན་དོན་ལ་མི་རྨོངས། སྙན་ངག་ཤེས་ན་ཚིག་དང་རྒྱན་ལ་མི་རྨོངས། སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས། མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས[8]”། ཞེས་རིག་པའི་གནས་ཆུང་བ་ལྔ་པོ་སྒྲ་རིག་པའི་ཁོངས་སུ་འདུ་བར་གསུངས། འབྲུག་སྤྲུལ་གྱིས་ཚིག་རྒྱན་ཤེས་ན་སྙན་ངག་ལ་མི་རྨོངས་ཞེས་པ་ངག་འཕྱུགས་ཏེ་སྙན་ངག་ཤེས་ན་ཚིག་རྒྱན་ལ་མི་རྨོངས་ཞེས་པར་གང་ནས་འཕྱུག་མིན། སྙན་འགྲེལ་འདི་གལ་ཆེན་ཞིག་ཏུ་ཆགས་འདུག གཞན་སྙན་ངག་ནི་དབྱེ་གཞི་རིག་གནས་ཆེ་བ་ལྔ་གང་གི་ནང་དུ་འདུ་མིན་ད་ལྟ་བར་རྩོད་པའི་གནས་ཡིན་པས། འགའ་ཞིག་གིས་སྙན་ངག་ནི་བཟོ་རིག་པའི་ཁུངས་སུ་གཏོགས་པ་དང་བཟོ་ལ་ལུས་ངག་ཡིད་གསུམ་གྱི་བཟོ་ཡོད་པར་སྨྲ། སྣར་ཐང་སངྒྷ་ཤྲཱིས་སྙན་ངག་ནི་སྒྲ་རིག་པའི་ཁོངས་སུ་གཏོགས་པར་གསུངས། སྒྲ་རིག་པ་ནི་རིག་གནས་ཀུན་གྱི་ཐོག་མའི་བསླབ་གཞི་ཡིན་པ། “ཐོག་མར་སྒྲ་རིག་པའི་གཏན་ཚིགས་ལ་བསླབ་དགོས་ཏེ། ཅིའི་ཕྱིར་སྙམ་ན་གནས་སྐབས་སུ་གདུལ་བྱ་རྣམས་ལ་ཕྱིན་ཅི་མ་ལོག་པའི་ལམ་སྟོན་ཞིང་། མཐར་ཐུག་ཏུ་ཐམས་ཅད་མཁྱེན་པ་ཐོབ་པ་ནི་ཆོས་རྣམས་ཀྱི་བརྗོད་བྱའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པ་ལ་རག་ལས་ལ། དེ་ཉིད་ཀྱང་རྗོད་བྱེད་ཀྱི་སྒྲ་སྟེ་ཚིག་ཕྱིན་ཅི་མ་ལོག་པར་ཤེས་པ་ལ་རག་ལས་སོ[9]”། །ཞེས་པ་འདི་བསམ་གཞིག་གནང་སའི་གཞི་ཆེན་པོ་ཞིག་ཏུ་སྣང་།
ཅིའི་ཕྱིར་བརྩམས་པ།
སྤྱིར་བོད་སྔ་རབས་ཀྱི་མཁས་པ་རྣམས་ཀྱིས་བསྟན་བཅོས་གང་དང་གང་མཛད་ཀྱང་། དེ་ནི་དགོས་དམིགས་ངེས་ཅན་རེའི་འོག་ནས་བརྩམས་པས། སོ་སོས་བརྩམས་པའི་བསྟན་བཅོས་དེ་ཉིད་བརྗོད་དོན་གང་ཡང་མེད་པ་བྱ་རོག་སོ་རྟོག་གི་བསྟན་བཅོས་ལྟ་བུ་དང་། དོན་མེད་ཀྱི་གྲོང་པའི་ཆོས་འགྱུར་པར་འཛེམས་སྲོལ་ཆེན་པོ་བྱེད་བཞིན་ཡོད། བསྟན་བཅོས་གང་ཡང་དངོས་ཤུགས་ཅི་རིགས་སྒོ་ནས་ནང་གཞུང་དང་འབྲེལ་ཡོད་ཅན་ཞིག་ཡིན་དགོས་པ་ལྟར། སྙན་ངག་མེ་ལོང་མར་འགྲེལ་བ་བརྩམ་པའི་དགོས་པ་སངས་རྒྱས་ཀྱི་གསུང་གིས་བསྒྲུབས་འདུག
མེ་ལོང་མའི་འགྲེལ་བ་བརྩམས་པའི་དགོས་པ་གནས་སྐབས་དང་མཐར་ཐུག་གཉིས་སུ་སྣང་། གནས་སྐབས་ཀྱི་དགོས་པ་ནི། “བསྟན་བཅོས་འདི་ཉིད་ལེགས་པར་བཤད་པའི་དགའ་སྟོན་ལ་ལྷག་པར་ཆགས་ཤིང་དོན་དུ་གཉེར་བའི་སྐྱེ་བོ་རྣམས་ལ་སྙིང་རྗེའི་བསམ་པས་ཕན་གདགས་པའི་ཆེད་དུ་བསྟན་བཅོས་འདི་ཉིད་ལེགས་པར་བཤད་དོ”། །ཞེས་དང་མཐར་ཐུག་གི་དགོས་པ་ནི། “མཐར་ཐུག་གི་འབྲས་བུ་རྫོགས་པའི་བྱང་ཆུབ་གདོན་མི་ཟ་བར་འགྲུབ་པར་གསུངས་པའི་ཕན་ཡོན་ཆེན་པོ་དང་ལྡན”་གསུངས་པ་དང་། གཞན་ཁོང་གིས་སྙན་འགྲེལ་བརྩམས་པའི་དགོས་པ་སངས་རྒྱས་གསུང་མདོ་ལས། “དམ་པའི་ཆོས་གསལ་བར་བྱེད་པའི་སྙན་དངགས་བྱའོ། །གཞན་ཡང་དཀོན་མཆོག་གསུམ་གྱི་བསྟོད་པར་བྱའོ། །དེ་ལ་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འགྱུར་རོ[10]”། ། མདོ་སྡེ་སྐལ་བཟང་ལས། “དེ་བཞིན་གཤེགས་པ་དུས་མཁྱེན་རྒྱལ་བོ་ནི། །སྙན་དངགས་མཁན་ཚེ་བདེ་གཤེགས་རྩཱ་མཆོག་ལ། །ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་ནས་ཀྱང་། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ[11]”།།
ཞེས་སྙན་འགྲེལ་བརྩམས་པའི་དགོས་པ་མདོ་ལུང་དང་བཅས་པར་བསྟན་འདུག ཁོང་གིས་སྙན་འགྲེལ་གྱི་མཇུག་བྱང་དུ་། “ཁ་བ་ཅན་འདིར་མཁས་མང་བྱེ་བ་བརྒྱ། །གཞུང་ལུགས་བྱེ་བ་བརྒྱ་ལ་གོམས་སྟོབས་ཀྱིས། །རིག་པའི་གནས་གཞན་ཕལ་ཆེར་ཐུགས་ཆུད་པས། །དེ་རྣམས་འགྲེལ་བར་བྱེད་པ་མང་བྱུང་ཡང་། །གངས་རིའི་ཁྲོད་འདིར་ཆོས་ཚུལ་འདི་ཉིད་ལ། །རྣམ་བཤད་བྱེད་པ་མང་དུ་མ་བྱུང་ཞིང་། །རེ་རེ་ཞིག་གིས་འགྲེལ་པར་བརྩམས་མོད་ཀྱང་། །ཡིན་ལུགས་མཐོང་ནས་སྨྲས་པ་རེ་རེ་ཙམ། །ཁྱད་པར་བདེ་ཆེན་མཆོག་གི་ཕོ་བྲང་འདིར། །ཆོས་ཚུལ་འདི་ལ་སྦྱངས་པ་མ་བྱུང་ཡང་། །དོན་རྒྱན་སྒྲ་རྒྱན་ཙམ་གྱིས་ལུས་འགྱུར་ལས། །ཚིག་དོན་རྒྱས་པར་འགྲེལ་བ་མ་བྱུང་བས། །མ་འོངས་དུས་ཀྱི་གདུལ་བྱ་དོན་གཉེར་རྣམས། །སྙན་ངག་རྟོགས་པའི་ཚུལ་འདི་ཅི་ཞིག་གུད། །དེའི་ཕྱིར་ཁོ་བོས་རྣམ་བཤད་རྫོགས་པར་བྱས། །གུས་ལྡན་སློབ་མས་སྤྱི་གཙུག་རྒྱན་དུ་ལོངས། །བདག་ནི་སྔོན་གྱི་ལས་སྨོན་དཀར་བའི་མཐུས། །
མཁས་པ་མཁས་པའི་སྙིང་གི་བུ་རུ་འགྱུར། །དེའི་ཕྱིར་ལེགས་བཤད་གཞན་ལ་མེད་པ་ཡོད། །སྐལ་ལྡན་ལས་འཕྲོ་ཅན་རྣམས་ལེན་པར་མཛོད། །འདི་ལ་གང་ཞིག་རྣམ་བཤད་བྱས་པ་ཕལ། །གཞན་ཟེར་བཟློས་པ་བྲག་ཆའི་སྒྲ་བཞིན་དུ། །
སྙིང་པོ་མེད་མཐོང་དེ་ལུགས་འབྲང་བ་ཡི། །བྱིས་པ་རྣམས་ནི་ལོག་པའི་ལམ་ཞུཊ་
ཏེ། །གཞུང་ལུགས་ཟབ་དོན་སྤང་བར་ཤེས་ནས་ནི། །དེ་བས་དེ་དག་ཚར་གཅད་བྱ་ཕྱིར་དང་། །རྗེས་སུ་གཟུང་ཕྱིར་བརྩེ་བས་ངས་འདི་བྱས། །བསྟན་པའི་དཔལ་
དུ་ཡུན་རིང་ཞབས་བརྟན་མཛོད།[12]།箔ཁོ་བོས་ཀྱང་དཀའ་ཚེགས་ལ་མ་བལྟས་པར་གཞན་ལ་ཕན་པའི་ཕྱིར་དུ་སྨོན་ལམ་བཏབ་སྟེ་བརྩམས་པ་ཡིན་པས་གཞན་ལ་ཕན་པར་འགྱུར་རོ། [13]། ཞེས་གསལ།

ཇི་ལྟར་བརྩམས་པའི་ཚུལ།
འདི་ལ་དོན་གཉིས་ཀྱི་སྒོ་ནས་གླེང་ན་བཟང་སྙམ། དོན་ངོས་དང་པོ། ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་སྙན་ངག་མེ་ལོང་མ་ཆ་ཚང་བོད་དུ་སྒྱུར་བ་ནས་བོད་ཀྱི་མཁས་པ་རྣམས་ཀྱིས་མེ་ལོང་མར་འགྲེལ་བ་རྒྱས་བསྡུས་ཅི་རིགས་མཛད་པ། བསྡུས་ན་བརྩམས་པའི་ཚུལ་ལ་རིགས་ཚན་ཆེན་པོ་གསུམ་དུ་ངེས། དང་པོ་རྩ་ཚིག་མཐར་ཆགས་སུ་མ་བཀོད་པར་ཚིག་འགྲེལ་གྱི་ནང་དུ་རྩ་ཚིག་སིམ་པར་བྱས་པ། གཉིས་པ་རྩ་ཚིག་མཐར་ཆགས་སུ་བཀོད་ནས་མཛད་པ། གསུམ་པ་རྩ་ཚིག་མཐར་ཆགས་སུ་བཀོད་པ་དང་དེ་དང་རྗེས་མཐུན་གྱི་རང་
ངམ་མཁས་པའི་དཔེར་བརྗོད་རེ་བཀོད་ནས་བརྩམས་པ་བཅས་ཡིན། དང་པོ་
དཔང་ལོའི་སྙན་འགྲེལ་ལྟ་བུ། གསུམ་པ་ཕྱིས་སུ་བྱུང་བའི་སྙན་འགྲེལ་ཁག་བཞིན། གཉིས་པ་རྩ་ཚིག་མཐར་ཆགས་སུ་བཀོད་ནས་འགྲེལ་བ་བརྩམས་པའི་ནང་ལས་ད་ལྟ་ང་ཚོའི་སྤྱོད་བཞིན་པའི་“སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས། སི་ཁྲོན་དུས་དེབ་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ལས་དཔར་བའི་དེབ་ཕྲེང་གཞིར་བཞག་ན་སྣར་ཐང་གི་སྙན་འགྲེལ་འདི་ཐོག་མར་ཆགས་འདུག །དཔེ་མཚོན་ཙམ་ཁོང་གི་སྙན་འགྲེལ་ལས་དྲངས་ན། “ འོན་ཀྱང་རྣམ་རྟོག་ས་བོན་ནི། །སྔོན་གྱི་སློབ་དཔོན་རྣམས་ཀྱིས་བསྟན། །དེ་ཉིད་རབ་ཏུ་ལེགས་སྦྱར་ཕྱིར། །ཡོངས་སུ་ངལ་འདི་བདག་གིའོ། །ཞེས་པས་བསྟན་ཏེ། དེ་ཡང་རྒྱན་གྱི་རིགས་ཀུན་མ་ལུས་པར་བརྗོད་པར་མི་ནུས་པས། འོན་ཀྱང་རྒྱན་གྱིས་དབྱེ་བ་རྣམས་ཀྱི་རྣམ་རྟོག་རྩ་བའི་རིགས་བསྡུས་པ་ས་བོན་ཙམ་ནི། སྔོན་གྱི་སློབ་དཔོན་ར་མ་ཤརྨ་ལ་སོགས་པ་རྣམས་ཀྱིས་ཀྱང་རྒྱས་པར་བསྟན་ཡོད་པས། དེ་ཉིད་ཀྱི་ཚིག་བསྡུད་ལ། དོན་རྒྱས་པ་བྷ་ར་ཏའི་སྦྱར་བ་ལ་སོགས་པའི་ཁྱད་ཆོས་དང་ལྡན་པ་འདི་ཉིད་གཞན་ལ་བསྟན་པར་འདོད་ནས། རབ་ཏུ་ལེགས་པར་སྦྱར་བའི་ཕྱིར་དུ། འབད་པས་ཡོངས་སུ་ངལ་བར་བྱས་པའི་སྙན་ངག་མེ་ལོང་འདི། པཎྜི་ཏ་དབྱུག་པ་ཅན་བདག་གིས་བྱས་ཞེས་པའོ། །[14]”།ལྟ་བུ་ཐོག་མར་སྙན་ངག་མེ་ལོང་གི་རྩ་ཚིག་གོང་དུ་མཐར་ཆགས་སུ་བཀོད་དེ་ཚིག་འགྲེལ་རན་པོ་གནང་ཡོད།
དོན་ངོས་གཉིས་པ་ལ། འགྲེལ་སྟངས་མཁས་པའི་ལུགས་བཟུང་བ། རྒྱབ་བརྟེན་གྱི་བསྟན་བཅོས། སྐབས་སྐབས་སུ་དཔེ་བཀོད། འགྱུར་ཚིག་སྟེང་ལས་མངོན་པའི་ཁྱད་ཆོས། ཁ་སྐོང་གི་ཁྱད་ཆོས། ཕྱིས་ཀྱི་སྙན་འགྲེལ་ཁག་ལ་ཤུགས་རྐྱེན་ཇི་བྱུང་། དང་པོ། འགྲེལ་སྟངས་མཁས་པའི་ལུགས་བཟུང་བ། བོད་སིལ་བུའི་དུས་ནས་མཁས་པ་རྣམས་ཀྱིས་གཞུང་འགྲེལ་རྩོམ་པར་ས་བཅད་ཀྱི་རྣམ་གཞག་དང་། གཞན་ལུགས་འགོག་པ། རང་ལུགས་འཇོག་པ། རྩོད་པ་སྤོང་པ་བཅས་ཀྱི་རྩོམ་སྟངས་ཤིག ཁ་བ་རི་བའི་ལྗོངས་སུ་དར་བར་གནང་ཡོད་པས། སྣར་ཐང་སངྒྷ་ཤྲཱིས་སྙན་ངག་མེ་ལོང་གི་འགྲེལ་བ་རྩོམ་པའི་རྩོམ་ཐབས་མཁས་པའི་ལུགས་བཟང་རྒྱུན་འཛིན་གྱིས་དགག་བཞག་སྤོང་གསུམ་གྱི་རྩོམ་ཐབས་ལ་བརྟེན་ནས་བརྩམས་པ་ཞིག་སྣང་། ཁོང་གིས་སྙན་འགྲེལ་མ་བརྩམས་པའི་ཡར་སྔོན་དུ་བོད་ལ་སྙན་ངག་མེ་ལོང་མ་ཆ་ཚང་འགྱུར་ཚར་བ་དང་། དཔང་ལོའི་སྙན་འགྲེལ་གཙོས་པའི་འགྲེལ་བ་ཁ་ཤས་བྱུང་ཟིན་པ་རྣམས་ཀྱི་ལེགས་ཆ་བཏུས། དོན་གྱི་གོ་བ་ཕྱིན་ཅི་ལོག་སོང་བ་འགའ། ཕྱོཊ་སྔ་རུ་བཟུང་སྟེ་དགག་སྒྲུབ་མཛད་པ། “གཞུང་དོན་ཕྱིན་ཅི་ལོག་ཏུ་བཀྲལ་བ་མང་དུ་འདུག་ནའང་། འཁྲུལ་འགྲོ་བ་
རེ་རེ་ཙམ་མ་གཏོཊ་ཕལ་ཆེར་ཕྱོཊ་སྔ་མར་མ་བསླངས་ཤིང་། དགག་པ་མ་བྱས་པར་བཏང་སྙོམས་སུ་བཞག[15]” ཅེས་གཙོ་ཆེ་བ་ཚིག་འགྲེལ་རང་ལ་གཞོལ་
ནས་གོ་བདེ་ལ། ཚིག་གི་རྒྱས་སྤྲོས་ཆེན་པོ་མེད་པར་དོན་གྱི་སྙིང་པོ་ལེན་ཆེད་དུ་དམིགས་ནས་བརྩམས་པའི་ཁྱད་ཆོས་མངའ། དཔེ་འདྲེན། “འཇམ་དབྱངས་ཁ་ཆེ་ལ་སོགས་པས་ནི། ཟུར་གྱིས་མཚོན་པའི་དཔེ། དབྱངས་ཅན་མས་བདག་བློ་རྒྱས་པར་འདོད་པའི་ཚེ། ལག་པར་པདྨ་བཟུང་ནས་ཁ་ཕྱེ་སྟེ། ངག་ཏུ། ཉི་མའི་ཕྱོགས་གྱུར་པདྨ་འདི་། །རྟ་བདུན་དཀྱིལ་འཁོར་རྫོགས་པ་དེས། །འོད་ཟེར་ཕྲེང་ལ་རེག་པ་ཡི། །ཟེའུ་འབྲུའི་ཕྲེང་མཛེས་གསལ་བར་འདོད། །ཅེས་བསམ་བྱའི་དངོས་པོ་གཞན་ཞིག་ལ་བསམས་ནས། དེ་དང་མཚུངས་པའི་དངོས་པོ་གཞན་ཞིག་ངག་ཏུ་བརྗོད་ཅིང་བརྡའ་མཚོན། ལག་ཏུ་པདྨ་ཁ་ཕྱེ་བ་བཟུང་བ་ལ་ཟུར་རྒྱན་དུ་འདོད་ལ། བསྡུས་བརྗོད་དང་ཁྱད་པར་ཡོད་དེ། བརྡའ་དང་རྣམ་འགྱུར་གྲོགས་སུ་ཡོད་པས་སོ། །ཞེས་གསུངས་མོད། དེ་ཡང་མི་འཐད་དེ། གལ་ཏེ་དེ་ལྟ་ན་འདིར་ཡང། བུ་མོས་པདྨ་བཟུང་ནས་ཁ་ཟུམ་པར་བྱས་ཏེ། ཚིག་འདི་ཉིད་བརྗོད་པར་རིག་པ་ལས། དེ་ནི་བུ་མོས་བརྗོད་པ་མ་ཡིན་པས་སོ། བརྡའ་དང་རྣམ་འགྱུར་གྲོགས་སུ་ཡོད་པ་ཙམ་གྱིས་བསྡུས་བརྗོད་མ་ཡིན་པར་མི་འགྱུར་ཏེ། ཚིག་དེ་ཉིད་བསྡུས་བརྗོད་དུ་ཡོད་པས། དེ་གཉིས་གྲོགས་སུ་ལྡན་པའི་བསྡུས་བརྗོད་ཅེས་བྱ་བར་འགྱུར་ལ། དེ་ལྟ་བུ་མ་ཡིན་ན། དཔེའི་གཟུགས་ཅན་ལ་སོགས་ཡང་། དཔེ་ཡིན་པས་གཟུགས་ཅན་མ་ཡིན་པར་འགྱུར་བ་སོགས་ཀྱི་རིགས་པ་ཤིན་ཏུ་་མང་ངོ་”། [16]།ཞེས་གསུངས། གཞན་རྒྱ་གར་གྱི་སྒྲུང་རབས་ཆེན་མོ་རཱ་མ་ཡཱ་ཎ་དང་སྐྱ་སེང་བུ་ལྔའི་གཏམ་རྒྱུད། རིག་བྱེད་ཀྱི་གཏམ་རྒྱུད་བཅས་རྒྱ་གར་གྱི་ཕྱི་རོལ་པའི་གཏམ་གང་ལ་གང་མཚམས་རྒྱས་འབྲི་བྱས་པས་དེ་དག་བོད་དུ་འཕེལ་བའི་ཟས་སུ་གྱུར། རཱ་མ་ཡཱ་ཎའི་གཏམ་རྒྱུད་ལྟ་བུ་ནི་བོད་དུ་དར་བའི་རཱ་མ་ཡཱ་ཎའི་གཏམ་རྒྱུད་གཞན་བསྟོད་ཚོགས་གཉིས་ལས་བྱུང་བ་དང་། ཏུན་ཧུང་གི་བྲག་ཕུག་ལས་བྱུང་བ། ས་སྐྱ་ལེགས་བཤད་བཅས་བྱུང་བའི་རཱ་མའི་གཏམ་རྒྱུད་རྣམས་དང་མ་འདྲ་ཞིག་ཡིན་པས་ཞིབ་བསྡུར་བྱ་སའི་ཁྱད་ཆོས་ལྡན།
གཉིས་པ། རྒྱབ་རྟེན་གྱི་བསྟན་བཅོས། ཁོང་གི་སྙན་འགྲེལ་ནང་དུ་“མཁས་པའི་དབང་པོ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ཕྱིན་ལ་སྙན་ངག་གི་བཤད་པ་ཅུང་ཞིག་དར་བ་མ་གཏོགས། དེ་གོང་དུ་སྙན་ངག་གི་བཤད་པ་ཡང་མེད་ཅིང་། ཁྱད་པར་སྙན་ངག་གི་གཞུང་དང་འགྲེལ་པ་ཡང་མང་དུ་མ་འགྱུར་བས་དཀའ་བར་སྣང་མོད། དེང་སང་སྙན་ངག་གི་གཞུང་ཡང་འགྱུར་ལ། འགྲེལ་པ་ཡང་ཅུང་ཞིག་འགྱུར་བས།
ཅུང་སླ་བར་ཡོད་མོད། འོན་ཀྱང་ཐ་སྙད་ཀྱི་ཆོས་འདི་སློབ་དཔོན་གྱི་ངག་ལ་ལྟོས་དགོས་པ་ཡིན་པ་ལ། དེ་ལ་མི་ལྟོས་པར་རང་རྩོམ་བྱེད་པར་སྣང་བས། དཔྱིས་ཕྱིན་པ་མི་ཡོང་བར་སྣང་། འོན་ཀྱང་ཁོ་བོས་བརྩམས་པའི་ཊྭིཀ་འདི་ལ་སློབ་དཔོན་བཅོལ་ཏེ་ཡང་ཡང་དུ་བལྟས་ན་སྙན་ངག་ཚེགས་མེད་དུ་ཤེས་པར་འགྱུར་བ་ཡོད་པས་འདི་ལ་བལྟ་བར་མཛོད་ཅིག དེ་ཡང་ཤོང་སྟོན་གྱི་འགྱུར་གྱི་སྟེང་ནས་བརྩམས་པ་ཡིན་ཏེ། དེ་ཡང་རེ་རེ་གཉིས་གཉིས་གཅིག་འགྱུར་མ་ཐོན་པར་སྣང་[17]། གཞན་“སློབ་དཔོན་ས་པཎྜི་ཏས་མཛད་པའི་སྙན་ངག་གི་བསྟན་བཅོས་འདི་ལས་ལྷག་པ་མེད་པས་འདི་ཉིད་ལ་འཇུག་པར་བྱ།[18]” ས་པཎྜི་ཏའི་བསྟན་བཅོས་ཞེས་པ་འདི་ས་པཎ་གྱིས་མཛད་པའི་མཁས་འཇུག་ལས་རྩོམ་པའི་སྐོར་དེ་ཡིན་ནམ་སྙམ། དེ་ལྟར་ཁོང་གིས་སྙན་ངག་མེ་ལོང་གི་རྩ་བ་ཤོང་སྟོན་གྱིས་བསྒྱུར་བ་གཙོ་བོར་བཟུང་བ་དང་། རྒྱ་གར་གྱི་མེ་ལོང་གི་མ་དཔེ་རང་ལ་བལྟས་ཡོད་པ། མེ་ལོང་གི་རྩ་ཚིག་འགའ་ཁོང་གིས་གསར་བསྒྱུར་དང་བཅོས་བྱས་པ་ལས་ཤེས་ཐུབ། འགྲེལ་བའི་ཕྱོགས་ནས་ངག་གི་དབང་ཕྱུག་གི་རྒྱ་འགྲེལ་དང་། རཏྣ་ཤྲཱིའི་རྒྱ་འགྲེལ། བོད་ཀྱི་ས་པཎྜི་ཏའི་འགྲེལ་བ་དང་། དཔང་ལོའི་འགྲེལ་བ། འཇམ་དབྱངས་ཁ་ཆེའི་འགྲེལ་བ་བཅས་དེ་ཡོད་བོད་འགྲེལ་ཆ་ཚང་ལ་ཟུར་ལྟ་ཙམ་རེ་བྱས་ཡོད་པ་ཁོང་གི་འཇུག་བྱང་ལས་རྟོགས་ཐུབ། (འདིར་བསྐྱར་འགོད་མ་བྱས།) སྙན་ངག་གི་བརྩམས་ཆོས་དུས་སྐབས་འདིར་འགྱུར་ཟིན་པ་དང་གྲགས་ཆེ་བའི་སྐྱེས་རབས་སོ་བཞི་དང་། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་བཅས་ལས་ལུང་ཚིག་འདྲེན་བཀོད་གནང་འདུག་པས་ཁོང་གིས་སྙན་འགྲེལ་འདི་རྩོམ་པར་ཕྱོགས་ཡར་མར་མང་པོ་བལྟས་པ་འདྲ། ཁོང་གིས། “གང་ཞིག་སྔོན་མེད་སྙན་ངག་ལེགས་བཤད་མཆོག །འདི་ཡི་སྲོལ་འབྱེད་བླ་མའི་གསུང་ངག་དང་། །སློབ་དཔོན་སྔ་མའི་བསྟན་བཅོས་དག་ལས་རྙེད། །དེ་ཕྱིར་དེ་ལ་བྱས་པ་བཟོ་བ་ཡིན།།[19]”
གསུམ་པ། སྐབས་སྐབས་སུ་དཔེ་བཀོད། ཁོང་གི་སྙན་འགྲེལ་འདི་ཉིད་རྩ་ཚིག་རང་གི་འགྲེལ་བར་དམིགས་པ་རེད་འདུག་ཀྱང་རྒྱན་ཁ་ཤས་ཀྱི་འགྲེལ་བའི་སྐབས་སུ་སྙན་ངག་གི་བསྟན་བཅོས་སྐྱེས་རབས་དང་། དཔག་བསམ་འཁྲི་ཤིང་གཉིས་ལས་དཔེར་བརྗོད་འདྲེན་བཀོད་བྱས་འདུག །དེ་ལ་དོན་རྒྱན་སོ་ལྔའི་ནང་ལས་རབ་རྟོག་གི་རྒྱན་གྱི་མཇུག་གཏམ་དུ། མུན་པ་ལུས་ལ་བྱུགས་པ་བཞིན། མཁའ་ནི་མིག་སྨན་ཆར་འབེབས་བཞིན། །ཞེས་འདི་ཡང་ངོ་རབ་བརྟཊ་པའི། །
མཚན་ཉིད་ལྡན་པ་ཤིན་ཏུ་མང་། །ཞེས་པའི་ཚིག་འགྲེལ་སྐབས་སུ་སྐྱེས་རབས་སོ་བཞི་ནས། “དེ་ནི་ཨནྜ་རྙིལ་གྱི་མདོག་ལྟར་སྔོ། །ཉི་མའི་འོད་ཀྱིས་གནམ་སྔོན་བཞུ་བ་བཞིན། །ཁོ་ར་ཁོར་ཡུག་ཆུ་མཚམས་ལྟར་མི་མཐོང་། །གཏིང་དཔག་དཀའ་བའི་མཚོ་འཇིང་ནང་དུ་ཞུགས། །[20]” གཞན་རབ་རྟོགས་གསལ་བྱེད་ཀྱི་སྐབས་སུ་སྙམ་དང་། དོགས། འདྲ། ངེས། མིན་ནམ། བཞིན་བཅས་རབ་རྟོགས་གསལ་བྱེད་ཀྱི་སྒྲ་དེ་དག་ལ་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ལས་དཔེ་དྲངས་པ། “སྟོབས་ལྡན་ས་འོག་རབ་ཏུ་ཞུགས། །ད་དྷི་ཙ་ཡང་རྒྱུས་ལྷག་ཅིང་། །ཆུ་གཏེར་ཡང་འཁྲུག་མི་འདོད། །འདི་ནི་སྟོན་པ་ཡིན་ནམ་སྙམ། །
སྟོབས་དང་མི་འཇིགས་མ་འདྲེས་ཐུབ་པའི་ཆོས། །ཐུགས་རྗེ་ཆེ་སོགས་ཕུལ་བྱུང་ཡོན་ཏན་རྣམས། །མ་ལུས་ཁྱོད་ཀྱི་ཐུགས་ལ་བསྡུས་པ་ཡིས། །སྐྱེ་དགུ་འདི་དག་འཁོར་བར་འཁྱམས་ཀྱི་དོགས། །འགྲོ་བའི་བླ་མ་ཁྱེད་ཀྱི་སྐུ་མཐོང་བས། །
གཟི་བརྗིད་ཕུང་པོ་ཆེན་པོ་འདི་འདྲའི་ཁུར། །བདག་གིས་བཟོད་པར་ནུས་པ་མིན་ནོ་ཞེས། །རྒྱ་མཚོའི་གོས་ཅན་སྐྲག་པས་འདར་བ་འདྲ། །ཚངས་པའི་རྩེ་རུ་ལྟ་ཆེད་སྟེང་སོང་ཡང་། །ཕྱིན་པས་ཆེས་ཆེར་མཐོ་བར་གྱུར་པ་བཞིན། །ཁྱོད་ཀྱི་གཙུག་ཏོར་རྩེ་མོ་མ་མཐོང་བས། །ཡི་ཆད་ཚངས་པའི་གནས་སུ་གནས་པར་ངེས། །གང་གི་བཞིན་རས་མཛེས་དང་སྲང་ལ་གཞལ་ཚེའང་ཉིད་ཀྱི་ནི། །རྒྱུ་སྐར་བདག་པོ་དེ་ནི་མཁའ་ལ་ལྷག་པར་འཛེགས་པ་མ་ཡིན་ནམ། །ཁྲོ་དང་རྨོངས་པ་མི་ཐུལ་ན། །བདག་ཅག་དོན་མེད་ཁུར་འགྱུར་ཞེས། །དེ་རྣམས་རལ་པ་ངོ་ཚ་ནས། །ས་གཞི་ལ་ནི་འབྱར་བ་བཞིན納21]།། ལྟ་བུ།
བཞི་པ། འགྱུར་ཚིག་སྟེང་ལས་མངོན་པའི་ཁྱད་ཆོས། མཇུག་གཏམ་དུ“ཤོང་སྟོན་གྱི་འགྱུར་གྱི་སྟེང་ནས་བརྩམས་པ་ཡིན་ཏེ། དེ་ཡང་རེ་རེ་གཉིས་གཉིས་གཅིག་འགྱུར་མ་ཐོན་པར་སྣང་བས། གཞུང་བཤད་དཀའ་བར་འདུག་པ་རྣམས་ཁོ་བོས་སྒྲ་ཡི་ཐོབ་ཚུལ་དང་མཐུན་པར་ལེགས་པར་གཏན་ལ་ཕབ་ཅིང་བསྒྱུར་ནས་བཤད་པར་བྱས་ཡོད།[22]” ཅེས་པས་སྣར་ཐང་ལོ་ཙཱ་བ་ཁོང་གིས་ལེགས་སྦྱར་གྱི་སྐད་ཐོག་རང་ལ་ཡོད་པའི་མེ་ལོང་མ་གཞིར་བཅོལ་ཏེ་ཤོང་སྟོན་གྱི་བོད་འགྱུར་དང་འགྱུར་གཞན་དག་ལེགས་བཅོས་གནང་བ། མཛུབ་མོ་རི་སྟོན་གྱི་ཚུལ་དཔེ་མཚོན་ཉུང་ཟད་དྲངས་ན། སྣར་ཐང་གིས། “གདོང་བཞི་གདོང་གི་པད་ཚལ་གྱི།། ངང་པའི་བུ་མོ་ཐམས་ཅད་དཀར། །དབྱངས་ཅན་མ་ནི་ཁོ་བོ་ཡི། །ཡིད་མཚོར་
རྟག་ཏུ་རོལ་པར་མཛོད། །ཤོང་སྟོན་གྱིས། གདོང་བཞི་གདོང་གི་པད་ཚལ་གྱི།།
ངང་པའི་བུ་མོ་ཐམས་ཅད་དཀར། །དབྱངས་ཅན་མ་ནི་ཁོ་བོ་ཡི། །ཡིད་ལ་རིང་དུ་གནས་པར་མཛོད། །སྣར་ཐང་། ངག་ནི་ངག་གི་འདོད་འཇོར་བཤད། །དེ་ཉིད་ཉེས་པར་སྦྱར་ན་སླར། །སྦྱོར་པོ་བ་ལང་ཉིད་དུ་བརྗོད། །དཔང་ལོས། ངག་དང་ངག་ནི་འདོད་འཇོར་བཤད། །དེ་ཉིད་ཉེས་པར་སྦྱར་བ་སླར། །སྦྱོར་པོ་བ་ལང་ཉིད་རྗོད་བྱེད། སྣར་ཐང་། གལ་ཏེ་སྒྲ་དོན་སྣང་བ་ནི། དཔང་ལོས། གལ་ཏེ་སྒྲར་བོད་སྣང་བ་ནི། ཁོང་གིས་སྙན་ངག་མེ་ལོང་གི་རྩ་བ་རང་ལ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་བསྒྱུར་བའི་འགྱུར་ལ་ལྟ་དུས། གཞི་རྩ་མ་དཔེ་རང་བཟུང་། ཕྱིས་སུ་སྙན་འགྲེལ་མཁན་རྣམས་ཀྱིས་ཤོང་སྟོན་གྱིས་འགྱུར་ལ་བཅོས་བྱས་པ། དོན་ལ་མི་འཁེལ་བ་དག་བཅོས་དང་གསལ་འདོན་གནང་། ཁོང་ནི་སྙན་ངག་ཕྱོགས་ལ་མཁྱེན་རྒྱ་ཡངས་ཞིང་རིག་པའི་གནས་གཞན་ལ་མཁས་པ་དང་། ལྷག་པར་ལེགས་སྦྱར་གྱི་སྐད་ལ་བྱང་ཆ་ལྡན་པ་ཞིག་རེད་འདུག །མེ་ལོང་མ་བོད་སྐད་དུ་
བསྒྱུར་བར་སྒྲའི་གཞུང་ལུགས་ཀྱི་འགྲོས་དང་མཐུན་པར་མཛད་པ། “ཁོ་བོས་སྒྲ་ཡི་ཐོབ་ཚུལ་དང་མཐུན་པར་ལེགས་པར་གཏན་ལ་ཕབ་ཅིང་བསྒྱུར་ནས་བཤད་པར་བྱས་ཡོད།[23]” ཅེས་པས་རྟོགས་ཐུབ།
ལྔ་བ། ཁ་སྐོང་གི་ཁྱད་ཆོས། དུས་རབས་བཅུ་གསུམ་པའི་ནང་དུ་བྱོན་པ། མཁས་པའི་དབང་པོ་ས་སྐྱ་པཎ་ཆེན་གྱིས་བརྩམས་པའི་མཁས་འཇུག་དང་།
ཤོང་སྟོན་གྱིས་བསྒྱུར་བའི་མེ་ལོང་མ། དེའི་འགྲེལ་བ་སོགས་སྔར་ཡོད་དག་ཏུ་བོད་སྐད་ལ་ཡོངས་སུ་མ་གསལ་བའི་མཚུངས་གསལ་གྱི་སྒྲ་རྣམས། སྣར་ཐང་གིས་ཚང་བར་སྒྱུར་བས་མེ་ལོང་མའི་གཞུང་ལ་ཆ་ཚང་བའི་ཕན་པ་ཆེན་པོ་བྱུང་འདུག །མཚུངས་གསལ་གྱི་སྒྲ། ཤོང་སྟོན་གྱིས་སྙན་ངག་མེ་ལོང་མ་བོད་བསྒྱུར་མ་བྱས་པའི་གོང་ནས། ས་པཎ་གྱིས་མཁས་འཇུག་ཏུ་མཚུངས་གསལ་གྱི་སྒྲ་སྒྱུར་
གནང་མཛད་ཀྱང་། རྩ་བའི་མཚུངས་གསལ་གྱི་སྒྲ་དྲུག་ཅུ་རེ་ལྔ་ལས་སོ་ལྔ་མ་གཏོགས་བོད་འགྱུར་མ་བྱུང་། དེའི་རྗེས་སུ་བྱོན་པའི་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་མཚུངས་གསལ་གྱི་སྒྲ་དྲུག་ཅུ་རེ་ལྔ་ཆ་ཚང་གསལ་ཡང་“ཤོང་སྟོན་ཆེན་པོས་ནི། འདི་རྣམས་ལ་མ་བསྒྱུར་བར། སཾ་སྐྲྀཏའི་སྐད་རང་སོར་བཞག་པ་མང་དུ་སྣང་”གསུང་པ་བཞིན། མཚུངས་གསལ་གྱི་སྒྲ་དྲུག་ཅུ་རེ་ལྔ་ལས་བོད་སྐད་དུ་སྒྱུར་བ་བཞི་བཅུ་རྩ་བརྒྱད་དང་། མ་སྒྱུར་པར་རང་སོར་བཞག་པ་བཅོ་བརྒྱད་མཆིས། སྣར་ཐང་སངྒྷ་ཤྲཱིས་དེ་དག་ཆ་ཚང་བོད་སྐད་དུ་སྒྱུར་བ་དང་། དེ་རྣམས་སྡེ་ཚན་ཆེན་པོ་བཞི་རུ་ཕྱེ་ནས་བསྟན་འདུག “དང་པོ་ནི། བཞིན་ལྟར་ལྟ་བུ་ཇི་ལྟར་སྒྲ། །མཐུན་མཚུངས་ཡང་དག་མཚུངས་དང་མཉམ། །ཡང་དག་གསལ་དང་ངེས་པར་གསལ། །རབ་གསལ་ཟླ་བོ་གཟུགས་བརྙན་དང་། །གཉེན་པོ་དང་ནི་དགྲ་ཟླ་དང་། །སོ་སོར་རྟོགས་དང་འགྲན་དང་འདྲ། །བལྟ་བཅས་དང་ནི་བླུ་བ་དང་། །རིགས་མཐུན་རྗེས་སུ་སྨྲ་བ་དང་། །ཞེས་པའི་ཉེར་གཉིས་པོ་འདི་རྣམས་ཚིག་སྦྱོར་གང་དུ་བྱུང་ན། དེ་རྣམས་དཔེ་དོན་དུ་གསལ་བར་བྱེད་པའི་ཚིག་ཡིན་པས་དཔེ་དོན་དུ་ཤེས་པར་བྱེད་དགོས་སོ། །
གཉིས་པ་ནི། གཟུགས་བརྙན་དང་ནི་སོ་སོར་སྡེབ། །གཟུགས་མཚུངས་མཉམ་དང་ཡང་དག་གཞལ། །མཐུན་བྱས་དཔེར་བྱས་དཔེ་དང་རྟོགས། །དམན་དང་ཅུང་ཟད་དམན་སོགས་དང་། །རབ་ཏུ་སྒྲ་དང་སོ་སོར་ཟློག །རིགས་མཐུན་མཉམ་བྱས་སྒྲ་དག་དང་། །གང་ཡང་དམན་མིན་དོན་ཅན་ཚིག །ཅེས་བཅོ་བརྒྱད་པོ་འདི་རྣམས་འདྲ་བའི་དོན་གསལ་བར་བྱེད་པའོ། །གསུམ་པ་ནི། རི་བོང་མཚན་མའི་གདོང་ཅན་སོགས། །འབྲུ་མང་པ་ཡི་ཚིག་བསྡུད་དང་། །འགྲན་དང་རྒྱལ་དང་སྡང་བ་དང། །འཁུ་དང་མི་མཐུན་སྒྲོག་པ་དང་། །འཐབ་པ་དང་ནི་འཆའ་བ་དང་། །དམའ་འབེབས་བྱེད་དང་སྨོད་པ་དང་། །ཅོ་འདྲི་བ་དང་འགོག་པ་དང། །རྒོད་དང་ཕྲག་དོག་མི་བཟོད་དང་། །ཞེས་བཅོ་ལྔ་པོ་དེ་རྣམས་ཀྱི་ཚིག་གང་དུ་བྱུང་བ་དེ། དཔེ་རྒྱན་གསལ་བྱེད་དོ།། བཞི་པ་ནི། དེ་ཡི་སྐལ་བཟང་འཕྲོག་བྱེད་དང་། །དེ་ཡི་མཛེས་པ་ཟུམ་བྱེད་དང་། །དེ་དང་འགྲན་ལ་ཚར་གཅོད་དང་། །དེ་དང་མཚུངས་པ་ལྷག་པར་མཛེས། །དེ་ཡི་རྗེས་སུ་རྐང་འཇོག་དང་། །དེ་ཡི་ནུས་པ་ལ་འཇུག་དང་། །དེ་ཡི་རྗེས་འགྲོ་རྗེས་སུ་འཆིང་། །དེ་ཡི་ངང་ཚུལ་དེ་འགོག་དང་། དེ་ཡི་རྗེས་སུ་བྱེད་ཅེས་པའི། །སྒྲ་རྣམས་མཚུངས་པ་གསལ་བྱེད་ཡིན། །ཞེས་པ་ལྟ་བུ་ལ་སོགས་པའི་སྒྲ་བཅུ་པོ་རྣམས་དང་བསྡོམས་པས། དྲུག་ཅུ་རེ་ལྔ་པོ་འདི་རྣམས་ཚིག་སྦྱོར་གང་དང་གང་དུ་བྱུང་ཡང་། དཔེ་དང་དཔེ་བྱ་དག་མཚུངས་པ་གསལ་བར་བྱེད་པ་ཡིན་པས། དཔེ་རྒྱན་དུ་ཤེས་པར་བྱའོ།།[24]” ཞེས་པ་ལྟ་བུ་དང་འབྲུག་ཁམས་སྤྲུལ་བསྟན་པའི་ཆོས་ཀྱི་ཉི་མས“གཞུང་ཚིག་ཤོང་དཔང་སོགས་ལོ་ཙཱ་བ་སྔོན་རྣམས་ཀྱིས་རྒྱ་སྐད་ཀྱི་དོད་མ་ཐུབ་པར་བོད་སྐད་ལ་ཡང་ཡང་ཟློས་དགོས་བྱུང་བ་འབྲེལ་མེད་དུ་གཟིགས་ནས། བཞིན་ལྟར་ལྟ་བུ་ཇི་ལྟར་སྒྲ། །མཐུན་མཚུངས་སན་ནི་བྷ་དང་མཉམ། །སཾ་ཀོ་ཤཱ་དང་ནཱི་ཀཱ་ཤ། །རབ་གསལ་པྲ་ཏི་རུ་པ་ཀ །ཞེས་པ་ལ་སོགས་ཕལ་ཆེར་རྒྱ་སྐད་སོར་བཞག སྒྲ་མི་ཟློས་པ་རྣམས་བོད་སྐད་དུ་བསྒྱུར་བ་ཙམ་ཡོད་ལ། ཕྱིས་སྣར་ཐང་ལོ་ཙཱ་བ་སྒྲ་བ་སངྒྷ་ཤྲཱིས་ཐམས་ཅད་རྫོགས་པར་བསྒྱུར་ཅིང་གྲངས་དྲུག་ཅུ་རྩ་ལྔར་བཤད།[25]” གསུངས་པས་ཁོང་གི་བཀའ་དྲིན་སེམས་སུ་འཆར་འོང་བ་ཞིག་ཏུ་སྣང་། ཕྱིས་སུ་སྙན་འགྲེལ་མཁན་རྣམས་ཀྱིས་མཚུངས་གསལ་སྐོར་ཅུང་རེ་གླེང་བ། རིན་སྤུངས་པས། “འདིར་མ་བརྗོད་པ་གཞན་ཡང་། དོ་མཉམ་གྱི་ཆ་དང་། གྲོགས་དང་། སྤུན་ཟླ་དང་། མཐོང་དང་། ཐོས་དང། དྲན་དང་། རེག་དང་། ཕམ་དང་། སྙེག་དང། འཛེག་དང་། སེམས་པ་སོགས་མཚུངས་པ་གསལ་བྱེད་དུ་འགྲོ་བའི་སྒྲ་ཇི་སྙེད་ཅིག་འབྱུང་།” གསུངས་ནས་སྣར་ཐང་གི་སྟེང་ལ་མཚུངས་གསལ་གྱི་སྒྲ་བཅུ་གཅིག་བསྣན་ཏེ་སྒྲ་བདུན་བཅུ་དོན་དྲུག་བསྟན། རྒྱལ་དབང་ལྔ་པས། “བཞི་པ་མཚུངས་པ་གསལ་བྱེད་ལ། །གཞུང་
གིས་དངོས་སུ་ཟིན་པ་དྲུག་ཅུ་རྩ་གསུམ་བཤད་”དང་། བོད་མཁས་ཀྱིས། “དེ་ཙམ་འདིར་བསྟན་ཆ་གྲོགས་སྤུན་ཟླ་སོགས། །མཐའ་ཡས་ཕྱིར་ན་བརྗོད་ལ་ཤིན་ཏུ་ངལ། །བློ་གསལ་རྣམས་ཀྱིས་ཤུགས་ལས་རྟོགས་འགྱུར་སྙམ། །ཞེས་པས་མཚུངས་གསལ་གྱི་སྒྲ་ཤིན་ཏུ་མང་པོ་ཡོད་པར་གསུང་འདུག །འབྲུག་སྤྲུལ་གྱིས་མཚུངས་གསལ་གྱི་སྒྲ་སྡེ་ཚན་གཉིས་སུ་ཕྱེ་ནས་བསྟན། འདི་ལྟར་སྙན་འགྲེལ་གྲགས་ཆེ་བ་ཚང་མའི་མཚུངས་གསལ་གྱི་སྒྲ་རྣམས་སྣར་ཐང་གིས་བཤད་པའི་སྒྲ་དྲུག་ཅུ་རེ་ལྔར་གཞི་བཞག་ཐོག་བརྩམས་པས། ཁོང་ནི་སྙན་གཞུང་སྨྲ་བ་
རྣམས་ལ་དྲིན་ཆེ་བ་དང་། ཕྱིས་ཀྱི་སྙན་འགྲེལ་དག་ལ་ཤན་ཅི་ཙམ་ཡོད་པ་མཚུངས་གསལ་གྱི་སྒྲ་ཁོ་ན་ལས་ཤེས་ཐུབ།
དྲུག་པ། ཕྱིས་ཀྱི་སྙན་འགྲེལ་ཁག་ལ་ཤུགས་རྐྱེན་ཇི་བྱུང་། གོང་དུ་བཤད་མ་ཐག་པ་བཞིན་སྣར་ཐང་གི་སྙན་འགྲེལ་འདིས་བོད་ཀྱི་སྙན་འགྲེལ་ཕྱི་མ་རྣམས་ལ། ཤུགས་རྐྱེན་ཆེ་བར་སྣང་། རྒྱལ་དབང་ལྔ་བ་ཆེན་པོས། “སྣར་ཐང་པ་སོགས་མཁས་པ་མང་པོའི་ལེགས་བཤད་ཀྱིས་ཟུར་བརྒྱན། ཞེས་གསལ་བས། རྒྱལ་དབང་ལྔ་བ་ཆེན་མོས་རང་གི་སྙན་འགྲེལ་དུ་དེ་དག་ཤན་ཡོད་པ་གསུངས་འདུག གཞན་ཕྱི་བྱུང་གི་སྙན་འགྲེལ་རྣམས་ཀྱིས་དངོས་སུ་སྣར་ཐང་གི་སྙན་འགྲེལ་དང་འབྲེལ་ཡོད་མ་གསུངས་ཀྱང་། དེའི་ཤན་ཡོད་པ་མཚུངས་གསལ་གྱི་སྐབས་སུ་བཤད་པ་བཞིན་ནོ། །

མཇུག་སྡོམ།
སྣར་ཐང་ལོ་ཙཱ་བ་སངྒྷ་ཤྲཱིྭིའི་སྙན་འགྲེལ་ནི་དུས་རབས་བཅུ་བཞིའི་ནང་དུ་གྲ་རྒྱས་ཤོས་དེ་གྱུར་འདུག ཁོང་གིས་སྙན་འགྲེལ་གྱི་ཕྱོགས་ཚང་མ་ནས་རྒྱས་འགྲེལ་མ་མཛད་པར། དཔང་ལོའི་འགྲེལ་སྟངས་གཙོ་བོ་བཟུང་སྟེ། ཚིག་གི་རྒྱས་སྤྲོས་མེད་པར་དོན་གནད་བཟུང་པ། མཚམས་མཚམས་སུ་མེ་ལོང་མའི་རྒྱན་ནམ་ཤློ་ཀ་འགའ་རེའི་སྐབས་སུ་རྒྱ་གར་གྱི་སྒྲུང་རབས་ཆེན་མོ་གཉིས་དང་། རིག་བྱེད་ཀྱི་གཏམ་རྒྱུད་སོགས་བྱུང་བ་རྒྱས་འགྲེལ་གནང་འདུག གཞན་རྩ་ཚིག་རང་གི་སྐད་དོད་བོད་སྐད་དུ་ཇི་བཞིན་མ་འགྱུར་བ་སྒྲའི་བསྟན་བཅོས་ཀྱི་ལུགས་ལྟར་སྒྲ་སྒྲུབ་མཛད། རྒྱན་གྱི་གོ་དོན་ཡར་མར་འཕྱུག་དོགས་ཅན་རྣམས་བཀྲོལ་བཤད་དང་དོགས་དཔྱོད་ཀྱང་གནང་འདུག །
________________________________________
[1] འདི་ལེའུ་དང་པོ་ལས་མེད་ཀྱང་སྙན་ངག་གི་འགྲེལ་བ་(སྙན་ངག་མེ་ལོང་གི་བཤད་པ་མཁས་པའི་ཡིད་འཕྲོག་བཀླགས་པས་དོན་ཐམས་ཅད་འགྲུབ་པ)ཞེས་པ་ཞིག་འདུག་པས་ལེའུ་གཉིས་པ་དེ་གཞིར་བཞག་ཡོད།
[2] གངས་ཅན་མཁས་དབང་རིམ་བྱུང་གི་མིང་མཛོད་ལས།
[3] སྙན་ངག་མེ་ལོང་གི་ཊཱིཀྐ
[4] ཕྱི་ལོ་༡༢༤༠ལོའི་ཡས་མས་སུ་སྐུ་འཁྲུངས་པར་སྣང་། དུང་དཀར་ཚིག་མཛོད།
[5] ཤོག་ངོས་་༣༢༦
[6] ཕྱི་ལོ་༡༣༦༧ལོར་སྐུ་བལྟམས། ཕྱི་ལོ༡༤༤༩ལོར་གྲོངས།
[7] སྙན་ངག་མེ་ལོང་གི་རྩ་འགྲེལ་ཕྱོགས་བསྒྲིགས། པོད་གཉིས། ཤོག་ངོས་༣༢༩
[8] པོད་གཉིས་པ། ཤོག་ངོས་༣༢༩
[9] སྙན་ངག་མེ་ལོང་གི་རྩ་འགྲེལ་ཕྱོགས་བསྒྲིགས། པོད་གཉིས་པ། ཤོག་ངོས་༣༢༩
[10] སྙན་ངག་མེ་ལོང་གི་རྩ་འགྲེལ་ཕྱོགས་བསྒྲིགས། པོད་གཉིས་པ། ཤོག་ངོས་༣༣༠
[11] པོད་གཉིས་པ། ཤོག་ངོས་༣༣༠
[12] སྙན་ངག་མེ་ལོང་གི་བཤད་པ་མཁས་པའི་ཡིད་འཕྲོག་བཀླགས་པས་དོན་ཐམས་ཅད་འགྲུབ་པ། ཤོག་ངོས་༣༢༥
[13] ཤོག་ངོས་༣༢༥
[14] སྙན་ངག་མེ་ལོང་གི་བཤད་པ་མཁས་པའི་ཡིད་འཕྲོག་བཀླགས་པས་དོན་ཐམས་ཅད་འགྲུབ་པ། ཤོག་ངོས་༦༩
[15] ཤོག་ངོས་༣༢༦
[16] ཤོག་ངོས་༡༧༦
[17] ཤོག་ངོས་༣༢༦
[18] ཤོག་ངོས་༣༣༠
[19] ཤོག་ངོས ༣༢༦
[20] ཤོག་ངོས་༡༦༠
[21] ཤོག་ངོས་༡༦༣
[22] ཤོག་ངོས་༣༢༦
[23] ཤོག་ངོས།༣༢༦
[24] ཤོག་ངོས་༩༡
[25] ཁམས་འགྲེལ་ལས།

ཤོག་ངོས་འདི་ཐེངས་ 711 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་ « ནགས་ལྷའི་སྒྲོན་མེ། གཅིག ཞེན་གཞི་ངོ་འཛིན་ལ་དཔྱད་པ། »

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

 གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།

རྩོམ་ཡིག་གསར་ཤོས།

ཡ་བཏགས་ལ་དཔྱད་པ་མེས་པོའི་ཞལ་ལུ…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 99

ནགས་ཤོད་སྐལ་རྒྱན། བསླབ་ལ་བརྩོན་པའི་གང་ཟག་གིས། ། དང་པོ་ང་རོ་རྣམས་ལ་སྦྱངས། ། སྔོན་འཇུག་མི... བཀླགས་འཕྲོ...

མཛོད་ལུགས་འདུས་མ་བྱས་ཀྱི་གྲངས་…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 87

ནགས་ཀྱི་ཤིང་ལོ། བརྩེ་ཆེན་ཐུགས་རྗེའི་ཐབས་ཀྱིས་འགྲོ་རྣམས་ཞི་བར་བགྲོད་པའི་ལམ་བསྟན་ནས། ། དྲི... བཀླགས་འཕྲོ...

བོད་ཀྱི་སྐད་ཡིག་དང་འབྲེལ་པའི་༸…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 97

ནག་པོ་བཀྲ་ཤིས། [ནང་དོན་གནད་བསྡུས།] དཔྱད་རྩོམ་འདི་ཉིད་ཀྱི་བརྗོད་དོན་གཙོ་བོ་ནི་དུས་རབས་ཉི་ཤ... བཀླགས་འཕྲོ...

མཆན་མང་ཤོས།