Mon 17 Feb 2020

ཕྱི་ནང་གི་ལྟ་སྒོམ་ཐོག་འཕགས་བོད་མཁས་པའི་བགྲོ་གླེང་སྐབས་ ཀྱི་མདོ་སྡེ་པའི་སྐོར་གྱི་དཔྱད་རྩོམ།

ཚད་གཞི།:
(1 འོས་བླུགས།)

དགེ་བཤེས་ངག་དབང་ཐོགས་མེད།

སྣ་མང་གདུལ་བྱའི་ཁམས་དང་བསམ་པ་ཀུན། །
ཇི་བཞིན་གཟིགས་ནས་འགྲོ་བློའི་རྗེས་མཐུན་པ། །
ཆོས་ཀྱི་འཁོར་ལོ་ལན་གསུམ་སྐོར་མཛད་པའི། །
འདྲེན་མཆོག་ཐུབ་པའི་དབང་པོར་གུས་ཕྱག་འཚལ། །

གཞལ་བྱ་བདེན་གཉིས་རང་སྤྱིའི་མཚན་ཉིད་དང་། །
ཁྱད་ཆོས་བཅུ་དྲུག་ཐར་ལམ་བགྲོད་ཚུལ་སོགས། །
མཆོག་གསུམ་དངོས་སྟོབས་རིགས་པས་སྒྲུབ་མཛད་པ། །
ཚད་མའི་སྲོལ་འབྱེད་སྲོལ་འཛིན་ཡོངས་ལ་འདུད། །
ཞི་བདེ་དབེན་པའི་འགྲོ་ལ་གཅིག་ཏུ་བརྩེ། །
ཞི་བདེ་བསྐྲུན་པའི་ཐབས་ལམ་སྣ་མང་གཟིགས། །
ཞི་བདེ་མ་ལུས་འབྱུང་བའི་སྒོ་གཅིག་པུ། །
ཞི་བདེའི་དེད་དཔོན་བསྟན་འཛིན་རྒྱ་མཚོར་འདུད། །

བགྲོ་གླེང་གི་བརྗོད་གཞི། ༨༽ མདོ་སྡེ་པའི་གྲུབ་མཐའི་བྱུང་རིམ་དང་དེའི་གཞུང་དང་སློབ་དཔོན་གྲགས་ཆེ་བ་ཇི་ཡོད་སྐོར། (མདོ་སྡེ་པའི་གྲུབ་མཐའི་བྱུང་རིམ་དང་། ལུང་གི་རྗེས་འབྲང་གི་མདོ་སྡེ་པ་དང་རིགས་པའི་རྗེས་འབྲང་གི་མདོ་སྡེ་པ་གཉིས་ལ་འདོད་ཚུལ་མི་འདྲ་བ་གང་ཡོད་དང་། དེ་གཉིས་ཀྱི་སློབ་དཔོན་གང་དང་གང་ཡིན། ལུང་གི་རྗེས་འབྲང་གི་མདོ་སྡེ་པས་རང་རིག་བཞེད་མིན་སྐོར)
མདོ་སྡེ་པའི་གྲུབ་མཐའི་རྣམ་གཞག་བཤད་པ་ལ། ཡིད་ཆེས་པའི་ཁུངས་འགོད་པ་དང་། གྲུབ་མཐའ་དེའི་འཕེལ་རིམ། གྲུབ་མཐའ་དེས་ཤུགས་རྐྱེན་ཇི་ལྟར་ཐེབས་མིན། གྲུབ་མཐའི་རྣམ་གཞག་དངོས། མཇུག་བསྡུ་བ་དང་བཅས་ས་བཅད་ལྔའི་སྒོ་ནས་འཆད་པ་ལ། དང་པོ་ཡིད་ཆེས་པའི་ཁུངས་འགོད་པ་ནི། འདི་ནས་ཡར་བརྩིས་པའི། མི་ལོ་ཉིས་སྟོང་དྲུག་རྒྱའི་གོང་རྩོད་ལྡན་ཚེ་ལོ་བརྒྱ་པའི་ཚེ་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ། རང་ཅག་རྣམས་ཀྱི་འདྲེན་པ་ཆེན་པོ་སྟོན་པ་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་ཏེ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བའི་ནང་ཚན། བཀའ་དང་པོ་བདེན་བཞིའི་ཆོས་འཁོར་གྱི་རྗེས་སུ་འབྲངས་ཏེ་ཐེག་པ་འོག་མའི་གྲུབ་མཐའ་སྨྲ་བ་ཉན་ཐོས་སྡེ་གཉིས་བྱུང་བ་ཡིན་ལ། སྤྱིར་སྟོན་པ་རང་ཉིད་ཀྱི་མདོ་རྒྱུད་ལས་གྲུབ་མཐའ་བཞིའི་རྣམ་གཞག་དངོས་སུ་གསུངས་པའི་ཁུངས་འགའ་ཞིག་བཀོད་ན། སངས་རྒྱས་ཤཱཀྱ་ཐུབ་པས་མཛད་པའི་དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམ་པར་རྒྱལ་བ་ཞེས་བྱ་བ་མཉམ་པ་ཉིད་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་དཔལ་མཆོག་ཆེན་པོ་བརྟག་པ་དང་པོ་ལས། གཡག་རྔ་ནེའུ་སིང་ལྟ་བུ་ལ། །བར་དུ་སྣང་མུན་ཤོང་བ་ཙམ། །སེམས་ལས་ཐ་དད་པར་གནས་པ། །སྐད་ཅིག་མི་རྟག་པར་འདོད་པས། །ཡུལ་སེམས་ཐ་དད་བྱེ་བྲག་སྨྲ། །ཕྱི་རོལ་ཡུལ་དག་ཕྲ་བ་རྣམས། །འདུས་ནས་རིགས་པ་འབྱུང་བ་ལྟར། །ཡུལ་དུས་རྣམ་པར་ངེས་པ་ལས། །རིགས་པ་འདྲ་བའི་རྣམ་པར་བཞག །ཡུལ་དགག་པ་ཡི་ཐ་མ་དང་། །ཤེས་པ་སྐྱེ་བའི་ཐོག་མ་རུ། །ཕྲད་པར་འདོད་པ་གྲུབ་པའི་མཐའ། །མདོ་སྡེ་པ་ཡི་དགོངས་པ་སྨྲ། །ཆོས་རྣམས་ཐམས་ཅད་རང་གི་སེམས། །རྣམ་པར་རིག་ཙམ་སྐད་ཅིག་མ། །རང་གསལ་རྒྱུན་གནས་སྤྲོས་བྲལ་འདོད། །རང་རིག་སྐད་ཅིག་གསལ་བ་དང་། །མི་གསལ་སྣ་ཚོགས་རྟོག་བྲལ་དུ། ། རྣམ་མེད་རྣལ་འབྱོར་སྤྱོད་པ་སྨྲ། །དངོས་རྣམས་སྟོང་པ་སྒྱུ་མ་བཞིན། །སྣང་ཡང་བདག་ལས་རང་སྟོང་པ། །སེམས་ཀྱི་རྟོག་པ་རྣམ་བཟློག་སྟེ། །མཁའ་དབྱིངས་དྲི་མེད་རྟོག་རྒྱུན་འཆད། །འདི་ལྟར་སྲིད་པ་ཞི་བ་ལས། །རྣམ་གྲོལ་སྟོང་ཉིད་སྙིང་རྗེ་དང་། །དབྱེར་མེད་བྱང་ཆུབ་སེམས་ཀྱི་མཆོག །ཟུང་འཇུག་རབ་ཏུ་མི་གནས་པ། །ཞེས་རྩོམ་གཞི་རྡུལ་ཕྲ་རབ་རྩོམ་པའི་ཕྱི་དོན་དམིགས་རྐྱེན་བྱས་ནས་ཤེས་པ་རྣམ་ལྡན་དུ་འདོད་པ་དང་། དམིགས་རྐྱེན་དང་དམིགས་བྱེད་ཤེས་པ་གཉིས་དངོས་རྒྱུ་དངོས་འབྲས་སུ་འདོད་པ་སོགས་ཀྱི་སྒོ་ནས་མདོ་སྡེ་པ་བཤད་པ་དང་།

བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་མཛད་པའི་ཕྱི་འཇིག་རྟེན་གྱི་ལེའུ་དང་། ནང་སེམས་ཅན་གྱི་ལེའུ་གཉིས་འགྱུར་རྒྱུད་དང་འདྲ་བར་བཞུགས་པ་ལས། རྒྱུ་འདིའི་ཕྱིར་བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ་པོའི་ལེའུ་ལྔ་པ་ལས་ཚིགས་སུ་བཅད་པ་ལྔ་བཅུ་རྩ་བརྒྱད་པས་གསུངས་པ་འདི་ལྟ་སྟེ། ས་དང་ཆུ་དང་མེ་དང་རླུང་དང་རོ་དང་མཆོག་གི་རོ་སྟེ་ཕྲ་རབ་རྣམས་ནི་རྣམ་པ་དྲུག །དྲི་ལ་སོགས་པ་རེ་རེས་དམན་ཞིང་མཐའ་མ་ཡུལ་དང་རྣམ་པར་བྲལ་བ་ཡེ་ཤེས་བལྟ་བྱ་རྣམས། །འདོད་པ་གཟུགས་དང་གཟུགས་མེད་རྣམས་ནི་ཟུང་དང་ཟུང་དང་རི་བོང་ཅན་ཏེ་མཐའ་མ་ཆོས་ཀྱི་དབྱིངས། །རྣམ་པ་ཀུན་ལྡན་དེ་རྣམས་ཀུན་ནས་རྟག་ཏུ་འཕོ་མེད་བདེ་བ་ལྷན་སྐྱེས་རྟེན་དུ་གྱུར་པའོ། །ཞེས་པའོ། །རྒྱུ་དེས་ན་སེམས་ཅན་གྱི་བསམ་པའི་དབང་གིས་དེ་བཞིན་གཤེགས་པས་ཆོས་བསྟན་པ་ནི་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པ་དང་རྣལ་འབྱོར་སྤྱོད་པ་པ་དང་དབུ་མ་པའོ། །དེ་རྣམས་ལས་བྱེ་བྲག་ཏུ་སྨྲ་བ་ནི་སྐྱེ་བའི་ཆ་ཤས་ཅན་གྱི་སེམས་ཅན་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་སོ། །
མདོ་སྡེ་པ་ནི་དོན་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་སོ། །རྣལ་འབྱོར་སྤྱོད་པ་པ་ནི་རྣམ་པར་ཤེས་པ་ཙམ་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་སོ། །དབུ་མ་པ་ནི་དོན་དམ་པའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་ཏེ་རིང་བའི་སྐལ་བ་དང་ལྡན་པ་དང་ཉེ་བའི་སྐལ་བ་དང་ལྡན་པའི་སེམས་ཀྱི་ཕྱིར་སེམས་ཅན་གྱི་བསམ་པའི་དབང་གིས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །གདུལ་བྱའི་བསམ་པའི་དབང་གིས་གྲུབ་མཐའ་བཞིའི་རྣམ་གཞག་བྱུང་བར་གསུངས། དེ་ལྟར་ཡང་། བདེ་གཤེགས་གཞུང་གི་རང་འགྲེལ་ལས། དེ་ལྟར་མདོ་སྡེའི་སྒོ་ནས་སྤྱོད་པའི་མདོ་སྡེ་པ་རྣམས་ཀྱིས་ཞེས་དང། ཡེ་ཤེས་ཀུན་བཏུས་འགྲེལ་བར། འདི་ནི་སྒོ་དྲུག་པ་དང་འཕགས་པ་བཟང་པོ་སྤྱོད་པ་ལ་སོགས་པའི་མདོ་སྡེ་རྣམས་སྒྲ་ཇི་ལྟ་བར་ཁས་ལེན་ཅིང་མདོ་དེ་དང་དེ་དག་གི་རྗེས་སུ་འཇུག་པ་དང་ལྡན་པས་ན་མདོ་སྡེ་པ་དང། མིང་གཞན་དཔེས་སྟོན་པ་ལ་མཁས་པས་དཔེ་སྟོན་པའོ། །ཞེས་གསུངས་པ་ལྟར། མདོ་སྡེ་པ་དང་དཔེ་སྟོན་པ་ཞེས་བྱ་ལ།

མདོ་སྡེ་ལས་ཇི་ལྟར་འབྱུང་བ་སྒྲ་ཇི་བཞིན་དུ་ཁས་ལེན་པ་ཙམ་གྱི་སྒོ་ནས་གྲུབ་པའི་མཐའ་སྨྲ་བས་ལུང་གི་རྗེས་འབྲང་དང༌། རིགས་ལམ་དྲི་མ་མེད་པ་ཚད་མ་སྡེ་བདུན་ནས་བཤད་པ་ལྟར་གྱི་རིགས་པའི་རྗེས་སུ་འབྲངས་པའི་རིགས་པའི་རྗེས་འབྲང་གཉིས་ཡོད་པར་གསུངས། སྤྱིར་མདོ་སྡེ་པའི་གྲུབ་མཐའམ་འདོད་ཚུལ་རང་དགའ་བ་སྟོན་པའི་གཞུང་དངོས་བོད་དུ་མ་འགྱུར་བས། མདོ་སྡེ་པའི་སློབ་དཔོན་དང་མདོ་སྡེ་པའི་གྲུབ་མཐའ་རྒྱུན་འཛིན་ཁ་གསལ་ཞིག་རྙེད་པར་དཀའ། འོན་ཀྱང་ལུང་གི་རྗེས་འབྲང་གི་མདོ་སྡེ་པའི་འདོད་ཚུལ་རྣམས་མཛོད་རང་འགྲེལ་དང་འགྲེལ་བཤད་རྣམས་དང་། མངོན་པ་ཀུན་བཏུས་རྩ་འགྲེལ་སོགས་ཀྱིས་སྟོན་པ་དང་། རིགས་པའི་རྗེས་འབྲང་གི་མདོ་སྡེ་པའི་འདོད་ཚུལ་རྣམས་ཚད་མ་སྡེ་བདུན་མདོ་དང་བཅས་པས་བསྟན་པར་མཁས་པ་རྣམས་ལ་གྲགས་པ་ཡིན་ནོ། །ལུང་རིགས་ཀྱི་རྗེས་འབྲང་མདོ་སྡེ་པའི་སློབ་དཔོན་སུ་ཡིན་གྱི་མཚན་ཁ་གསལ་མ་མཇལ། འོན་ཀྱང་སྤྱིར་གྲུབ་མཐའི་རྣམ་གཞག་སྟོན་པའི་དཔེ་ཆ་རྣམས་ལས། མདོ་སྡེ་པའི་སློབ་དཔོན་མཚན་གཞི་ལྟ་བུར་བཀོད་པ་ནི། སློབ་དཔོན་ཀུ་མ་ར་ཏ་དང་། ཤི་རི་ར་ཏ་དང་། བཙུན་པ་ར་ཏ་ལ་སོགས་པ་རྣམས་ཡིན་པར་སྔ་མ་རྣམས་ལ་གྲགས་པར་གསུངས་འདུག རྗེ་བཙུན་ཆོས་རྒྱན་གྱིས། མཛོད་འགྲེལ་རྩོམ་དུས་གྱི་སློབ་དཔོན་དབྱིག་གཉེན་དེ་མདོ་སྡེ་པ་ཡིན་པར་གསུངས། སློབ་དཔོན་ཀུ་མ་ར་ཏ་ཁོང་གི་དཔེ་སྟོན་པའི་གྲུབ་མཐའ་དར་སྤེལ་དང་། ཁོང་གི་ལོ་རྒྱུས་རྒྱ་ཡི་ལོ་ཙ་བ་ཐང་སན་ལམ་ཡིག་རྒྱ་ཡིག་ནང་ཡོད་ཚུལ་དང་། ཁོང་གི་བརྩམས་ཆོས་དཔེ་ཡི་ཕྲེང་བ་སོགས་ཡོད་པ། ཁོང་ཕེབས་དུས་ཀླུ་སྒྲུབ་དང་འཕགས་པ་ལྷའི་སྐུ་དུས་སུ་ཡིན་པ་སོགས་མཁས་པའི་ངག་ལས་ཐོས། སློབ་དཔོན་དགེ་སྲུང་ཞེས་པ་ཕྱི་རོལ་དོན་གྲུབ་མཛད་མཁན་དེ་ཡང་མདོ་སྡེ་པ་ཡིན་པར་ཇོ་བོའི་གསུང་ནང་ཡོད་པར་ངག་ལས་ཐོས། ནང་པའི་མཚན་རིག་དང་ལྟ་གྲུབ་ཀུན་བཏུས། པོད་འབྲིང་བའི་སྟོད་ཆ་ལས། སློབ་དཔོན་དགེ་སྲུང་གི་ཕྱི་རོལ་གྱི་དོན་གྲུབ་པ་ལས། ཕན་ཚུན་བདག་ཉིད་མ་རེག་པ། །ཆ་ཤས་མེད་པར་རྣམ་གནས་ཏེ། །དེ་ཕྱིར་ས་ཡི་དཀྱིལ་འཁོར་སོགས། །བསགས་པ་ལས་ནི་བྱུང་བ་ཡིན། །ཞེས་དང་།

མཛོད་རང་འགྲེལ་ལས། གཟུགས་མིང་དུས་མཐའ་རྡུལ་ཡིག་དང༌། །སྐད་ཅིག་གཟུགས་འགྲིབ་པའི་མཐའ་ནི་རྡུལ་ཕྲ་རབ་ཡིན་ནོ། །དུས་ཀྱི་མཐའ་ནི་སྐད་ཅིག་མའོ། །མིང་གི་མཐའ་ནི་ཡི་གེ་སྟེ། རང་སྡེ་བྱེ་བྲག་ཏུ་སྨྲ་བས་ནི། རྩོམ་གཞིའི་རྡུལ་ཕྲ་རབ་དེ་དག་ཆ་ཤས་མེད་པའི་ཕྱིར་ཕན་ཚུན་རེག་པ་ནི་མེད་ཀྱི། རྡུལ་ཕྲ་རབ་ཆ་མེད་པ་གཅིག་ལ་དུ་མས་བསྐོར་བའི་བར་དང་བཅས་པ་ཡིན་ཏེ། གལ་ཏེ་རེག་ན་ནི་ཕྱོགས་ཐམས་ཅད་ཀྱིས་རེག་ན་ཕན་ཚུན་འདྲེས་པར་འགྱུར་ལ། ཕྱོགས་རེ་རེས་རེག་ན་ཆ་བཅས་སུ་འགྱུར་བའི་སྐྱོན་འཇུག་པ་དང་། ཡང་གལ་ཏེ་བསགས་པའི་གཟུགས་འདི་དག་གི་རྡུལ་ཕྲ་རབ་རྣམས་ཕན་ཚུན་མ་རེག་ན་ཞིག་པར་མི་འགྱུར་རམ་ཞེ་ན། དེའི་ལན་དུ། རླུང་གིས་བཟུང་བ་དང་། རྫས་ཀྱི་མཐུ་ལ་བརྟེན་ནས་ཀྱང་ཕན་ཚུན་འབྲེལ་བས་མི་འཐོར་བར་གནས་པར་བཤད་དེ། སློབ་དཔོན་དགེ་སྲུང་གི་ཕྱི་རོལ་གྱི་དོན་གྲུབ་པ་ལས། དེ་ཕྱིར་ཕྱོགས་ཆའི་ཁྱད་པར་གྱི། །དེ་ནི་མང་པོས་ཡོངས་བསྐོར་བར། །བརྗོད་པར་ཟད་ཀྱི་རྡུལ་རྣམས་ནི། །
ཆ་ཤས་བཅས་པའི་བདག་ཉིད་མིན། །ཞེས་དང་། ཕན་ཚུན་དུ་ནི་ཕན་འདོགས་པའི། །བྱེ་བྲག་གིས་ནི་བརྒྱུས་པ་བཞིན། །རྡོ་རྗེ་ལ་སོགས་རྡུལ་ཕྲན་རྣམས། །དེ་དག་ཆད་པར་མི་འགྱུར་ཏེ། །ཇི་ལྟར་སྔགས་ཀྱི་མཐུ་ཡིས་ནི། །འདྲེ་སྦྲུལ་ལ་སོགས་འཛིན་པ་བཞིན། །རྫས་ཀྱི་མཐུ་ཡིས་ཕན་ཚུན་དུ། །རྡུལ་ཕྲན་ཁ་ཅིག་སྲིད་འགྱུར་གྱི། །གཞན་དག་ནུས་པ་སྟོབས་ཆུང་ངོ་། །ཞེས་གསུངས་ཤིང་། མཛོད་རང་འགྲེལ་དུའང་། ཅི་རྡུལ་ཕྲ་རབ་རྣམས་ཕན་ཚུན་རེག་གམ་འོན་ཏེ་མི་རེག་ཅེ་ན། ཁ་ཆེ་བ་རྣམས་ན་རེ། མི་རེག་གོ་ཞེས་ཟེར་རོ། །ཅིའི་ཕྱིར་ཞེ་ན། རེ་ཞིག་གལ་ཏེ་བདག་ཉིད་ཐམས་ཅད་ཀྱིས་རེག་པར་འགྱུར་ན་ནི་རྫས་རྣམས་འདྲེས་པར་འགྱུར་རོ། །འོན་ཏེ་ཕྱོགས་གཅིག་གིས་རེག་ན་ནི་ཆ་ཤས་དང་བཅས་པ་དག་ཏུ་ཐལ་བར་འགྱུར་བ་ཞིག་ན་རྡུལ་ཕྲ་རབ་རྣམས་ནི་ཆ་ཤས་མེད་པ་ཡིན་ནོ། །ཞེས་དང་། ཇི་ལྟར་བསགས་པ་ལ་བརྒྱབ་ན་ཞིག་པར་མི་འགྱུར་ཞེ་ན། རླུང་གི་ཁམས་ཀྱིས་བཟུང་བའི་ཕྱིར་རོ། ། ཞེས་སོགས་ཞིབ་ཏུ་གསུངས་པ་ལྟར་རོ།།

མདོ་སྡེ་པའི་སློབ་དཔོན་བཙུན་པས། རྡུལ་ཕྲ་རབ་རྣམས་ཕན་ཚུན་རེག་ན་ཆ་བཅས་སུ་འགྱུར་ཞིང་། བར་ཡོད་ན་ཉིན་མོ་སྣང་བ་དང་མཚན་མོ་མུན་པའི་རྡུལ་བར་དུ་འཇུག་པར་འགྱུར་བས། བར་མེད་ཀྱང་མ་རེག་པར་འདོད་ཚུལ། ཀ་མ་ལ་ཤཱི་ལས། དབུ་མ་རྒྱན་གྱི་དཀའ་འགྲེལ་ལས། གཞན་དག་ན་རེ། རེག་པ་ཡང་མ་ཡིན་ལ། བར་དང་བཅས་པ་དག་ཀྱང་མ་ཡིན་མོད་ཀྱི། འདབ་ཆགས་པ་ཁོ་ནར་གནས་སོ་ཞེས་ཟེར་ཏེ། ཇི་སྐད་དུ་བཙུན་པ་ན་རེ། རྡུལ་རྣམས་མི་རེག་ཀྱང་བར་མེད་པས་རེག་པར་འདུ་ཤེས་སོ་ཞེས་ཟེར་བ་ལྟ་བུའོ། །ཞེས་གསུངས།

 

གཉིས་པ་འཕེལ་རིམ་ནི། མངོན་པ་སྡེ་བདུན་དང་། ཚད་མ་སྡེ་བདུན་སོགས་ཀྱི་འཕྲིན་ལས་དར་བ་དང་དེ་དག་གི་རྗེས་སུ་འབྲངས་པའི་མདོ་སྡེ་པ་དངོས་དང་མདོ་སྡེ་པའི་ལྟ་གྲུབ་ཀྱི་རྣམ་གཞག་ལ་སློབ་གཉེར་གནང་མཁན་རྣམས་རིམ་པས་དར་རྒྱས་བྱུང་བར་མངོན།

གསུམ་པ་དེའི་ཤུགས་རྐྱེན། མདོ་སྡེ་པ་ལ་ལུང་གི་རྗེས་འབྲང་དང་རིགས་པའི་རྗེས་འབྲང་གཉིས་ལས། རིགས་པའི་རྗེས་འབྲང་མདོ་སྡེ་པའི་གྲུབ་མཐའི་རྣམ་གཞག་གཏན་ལ་འབེབས་པའི་ཚད་མ་སྡེ་བདུན་མདོ་དང་བཅས་པ་བརྩམས་པ་ནས། རྒྱ་གར་དུ་དབུ་སེམས་ཀྱི་ལྟ་གྲུབ་སྨྲ་བ་རྣམས་ཀྱིས་ཀྱང་། ཚད་མའི་བསྟན་བཅོས་ཀྱི་རིགས་ལམ་དེའི་རྗེས་སུ་འབྲངས་ནས། རང་ལུགས་བསྒྲུབ་པ་ལ་སྒྲུབ་ངག་དང་གཏན་ཚིགས། གཞན་ལུགས་འགོག་པ་ལ་སུན་འབྱིན་ནམ་ཐལ་འགྱུར་སོགས་གྱི་སྒོ་ནས་རང་རང་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཚད་མའི་གཞུང་ནས་བཤད་པའི་རིགས་ལམ་རྣམས་ཀྱིས་གཏན་ལ་ཕབ་པས། མ་རྟོགས་པ་དང་ལོག་པར་རྟོག་པའི་རྒོལ་བའི་ཀླན་ཀ་རིང་དུ་སྤོང་བའི་འགྲེལ་ཚུལ། དགག་བཞག་སྤོང་གསུམ་གྱི་ལམ་ནས། ལྟ་བ་རྣམ་པར་དག་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་སྲོལ་ཕྱེ་བའི་དབུ་མའི་ལྟ་བ་དང་། རིགས་ལམ་རྣམ་དག་སློབ་དཔོན་ཕྱོགས་གླང་ཡབ་སྲས་ཀྱིས་གཏན་ལ་ཕབས་པའི་ཚད་མའི་རིགས་པ་གཉིས་ཟུང་དུ་འབྲེལ་བ། དབུ་ཚད་སེངྒེ་མཇིང་བསྣོལ་ལྟ་བུ་བྱུང་བ་ཡིན། བོད་དུའང་ཚད་མའི་བསྟན་བཅོས་སྡེ་བདུན་མདོ་དང་བཅས་པ་བོད་དུ་འགྱུར་བ་ནས། ཚད་མའི་འཆད་ཉན་དང་ཚད་མའི་བསྟན་བཅོས་བོད་རང་གིས་གསར་རྩོམ་བསྡུས་གྲྭའི་གཞུང་རྣམས་དང་། རིགས་གཏེར་རྩ་འགྲེལ་སོགས་ཚད་མའི་བསྟན་བཅོས་ཀུན་བཏུས་དང་སྡེ་བདུན་སོགས་ཀྱི་འགྲེལ་བ་འགྲེལ་བཤད་སོགས་དབྱར་ཁའི་སྤང་ལ་ཤ་མོང་རྡོལ་བ་ལྟར་བྱུང་བ་དང་། གཞུང་གཞན་གྱི་འགྲེལ་བ་རྩོམ་པ་ན་ཚད་མའི་རིགས་ལམ་འགྲོས་ཀྱིས་རྩོམ་པ་དང་། རྩོད་པའི་སྒོ་ནས་ཚུལ་གསུམ་གྱི་ལམ་ནས་སངས་རྒྱས་ཀྱི་བསྟན་པ་དང་སྟོན་པ་ཚད་མར་བསྒྲུབ་པའི་ལམ་ལུགས་སོགས། མདོར་ན་ད་ལྟ་ཡང་བོད་དུ་ནང་པ་སངས་རྒྱས་པའི་བསྟན་པ། ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་མ་ཉམས་རྒྱུན་གནས་ཐུབ་པ་འདི། བསྟན་པ་དང་སྟོན་པ་སྐྱོན་མེད་སྒྲུབ་པའི་རིགས་ལམ་ཡང་དག་སྟོན་པའི་ཚད་མའི་བསྟན་བཅོས་ཀྱི་ལག་རྗེས་ཡིན་ནོ། །

སྤྱིར་ནང་པ་སངས་རྒྱས་པའི་གཞུང་ལ་སློབ་གཉེར་གནང་སྟངས་གཞི་དངོས་པོའི་གནས་ཚུལ་མ་ནོར་བར་གཏན་ལ་འབེབ་པ་ལ། གཏན་ལ་འབེབ་བྱེད་ཀྱི་རིགས་ལམ་དྲི་མ་མེད་པ་བསྲེག་བཅད་བརྡར་གསུམ་སྒོ་ནས་གཏན་ལ་ཕབ་ནས། གཏན་ལ་འབེབ་བྱེད་ཀྱི་ཚད་མ་ཡང་དག་དང་ལྟར་སྣང་ལེགས་པར་ཕྱེ། དེ་ཕྱེ་བ་ཉིད་ཀྱིས། གཞི་བདེན་གཉིས་རྣམ་གཞག་ཚད་མས་ལེགས་པར་གྲུབ། དེ་གྲུབ་པ་ཉིད་ཀྱིས་ལམ་ཐབས་ཤེས་གཉིས་འབད་པ་མེད་པར་གྲུབ། དེས་འབྲས་བུ་སྡུག་ཀུན་ཉེ་བར་ཞི་བ་གྲུབ་པ་ཡིན། འདོད་བྱའི་འབྲས་བུ་སྡུག་ཀུན་ཉེ་བར་ཞི་བ་རང་རྒྱུད་ལ་འགྲུབ་པ་ལ། ཤིན་ཏུ་གལ་ཆེ་བ་ནི། ལྟ་སྒོམ་སྤྱོད་གསུམ་གྱི་སྒོ་ནས་དང་། ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་ཉམས་ལེན་ནམ་སློབ་གཉེར་གནང་སྟངས་འདི། སྐྱེ་བ་སྔ་ཕྱི་འདོད་མཁན་གྱི་གྲུབ་མཐའ་སྤྱི་དང་དེའི་ནང་ནས་ཀྱང་ནང་པ་སངས་རྒྱས་པ་འདི་ཁྱད་པར་བ་ཞིག་རེད་འདུག་སྙམ། གང་ཡིན་ཞེ་ན། ཐོག་མ་མེད་པ་ནས་རང་ཆས་སུ་ཡོད་པའི་བློ་ངན་ཉེ་རིང་ཅན་གྱི་ཆགས་སྡང་གཉིས་དང་། གཞི་ཡི་གནས་ཚུལ་ལ་རྨོངས་པའི་རྨོངས་པ་གསུམ་དུ་བློ་ངན་ཕལ་ཆེར་འདུས་པ་ཡིན། དེ་དག་ལ་ཁ་གཏད་གཅོག་སྟངས་ཁྱད་པར་བ། བློ་ངན་དེ་དག་གི་རྒྱུ་དང་། ངོ་བོ། དམིགས་རྣམ། བྱེད་ལས་སོགས་ལ་དཔྱད་པ་བྱས་ནས། དེའི་རྒྱུ་ཚུལ་བཞིན་མ་ཡིན་པའི་བསམ་བློས་བྱས་ཚུལ། ངོ་བོ་ཕྱིན་ཅི་ལོག་ཡིན་ཚུལ། ཕྱིན་ཅི་མ་ལོག་པའི་ཚུལ་བཞིན་ཡིད་བྱེད་གཅིག་དང་དམིགས་རྣམ་འགལ་ཚུལ། བྱེད་ལས་མཐོང་ཆོས་ཉེས་དམིགས་མྱོང་སྟོབས་ཀྱིས་གྲུབ་ནས། མ་མཐོང་ཉེས་དམིགས་རིགས་སྟོབས་ཀྱིས་དཔག་ཚུལ་རྣམས་ལེགས་པར་གཏན་ལ་ཕབ་པ་ན། བློ་ངན་དེ་དག་སྤོང་བྱེད་ཀྱི་གཉེན་པོ་ལ་བློ་ངན་དེ་དག་དང་འཛིན་སྟངས་འགལ་བའི་བློ་དང་། བྱེད་ལས་འགལ་བའི་བློ། མདོར་ན་བློ་ངན་དེ་དག་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོད་པར་འགྲོ་བའི་བློ། རང་རྒྱུད་ལ་མ་སྐྱེས་པ་སྐྱེ་ཐབས། སྐྱེས་ཟིན་གོང་དུ་སྤེལ་ནས་ནུས་པ་མཐུ་ཅན་དུ་གཏོང་ཐབས་ནི། ནང་སེམས་ཀྱི་སྦྱོང་བརྡར་ཐོས་བསམ་སྒོམ་གསུམ་ལས་ལྷག་པའི་ཐབས་ཤེས་གཞན་མེད་པ་ཡིན། དཔེར་ན་མི་གཞན་ལ་ཁོང་ཁྲོ་དྲག་པོ་ཞིག་ལངས་ན། ཁོང་ཁྲོ་དེ་ཁ་གཏད་བཅས་ནས་མེད་པ་བཟོ་དགོས་ན། དང་པོ་ཁོང་ཁྲོ་ལངས་སའི་མི་དེ་ལ་དཔྱད་པ་བྱས་ཏེ་རང་ཉིད་དེ་ལ་ཁོང་ཁྲོ་ལངས་དགོས་དོན་ནི་དེས་རང་ལ་གནོད་པ་བསྐྱལ་བས་ཡིན་ལ། དེའི་རྒྱུ་མཚན་ཡང་གཙོ་བོར་རང་གིས་ཕར་ལ་གནོད་བསྐྱལ་བའི་རྐྱེན་གྱིས་བྱུང་བ་ཞིག་ཡིན་པ་ལས་རྒྱུ་མེད་རྐྱེན་མེད་དུ་རང་ལ་གནོད་པ་བསྐྱལ་བ་མེད་ཅིང། གལ་སྲིད་ཚེ་འདི་ལ་གནོད་པ་བྱས་མེད་ན་ཡང་ཚེ་རབས་སྔ་མ་རྣམས་སུ་བྱས་པ་རེད།

རྒྱུ་མཚན་གང་ལགས་ན། རྒྱུ་སྔོན་དུ་མ་སོང་བར་འབྲས་བུ་མི་འབྱུང་བའི་ཕྱིར་དང་། མདོ་ལས། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱ་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་སྨིན་པ་ཉིད་དུ་འགྱུར། །ཞེས་པ་ལྟར་ལུང་རིགས་རྣམས་དང་། དེ་བཞིན་དུ་རང་ཉིད་ཁེ་འདོད་ལ་གྱོང་མི་འདོད་པས་ན། ཁོང་ཁྲོའི་དབང་དུ་བཏང་ན་མཐོང་ཆོས་ཀྱི་ཉེས་དམིགས་སམ་གྱོང་གུད། འཇུག་པ་ལས། མི་སྡུག་གཟུགས་སུ་བྱེད་ཅིང་དམ་པ་མིན་པར་བཀྲི། །ཚུལ་དང་ཚུལ་མིན་ཤེས་པའི་རྣམ་དཔྱོད་འཕྲོག་བྱེད་ཅིང༌། །གསུངས་པ་ལྟར་དང་། མ་མཐོང་བའི་ཉེས་དམིགས། འཇུག་པ་ལས། གང་ཕྱིར་རྒྱལ་སྲས་རྣམས་ལ་ཁྲོ་བ་ཡིས། །སྦྱིན་དང་ཁྲིམས་བྱུང་དགེ་བ་བསྐལ་པ་བརྒྱར། །བསགས་པ་སྐད་ཅིག་གིས་འཇོམས་དེ་ཡི་ཕྱིར། །མི་བཟོད་ལས་གཞན་སྡིག་པ་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་གྱི་ཉེས་དམིགས་བསམ་པ་དང་། བཟོད་པའི་མཐོང་ཆོས་ཕན་ཡོན་ནམ་ཁེ་ཕན། འཇུག་པ་ལས། བཟོད་པས་མཛེས་ཤིང་སྐྱེ་བོ་དམ་པ་ལ། །ཕངས་དང་ལུགས་དང་ལུགས་མིན་ཤེས་པ་ལ། །མཁས་པར་འགྱུར་ཞིང་། ཞེས་པ་ལྟར་དང་། མ་མཐོང་བའི་ཕན་ཡོན་ནམ་ཁེ་ཕན། རང་ཉིད་ཤི་བའི་རྗེས་ཚེ་ཕྱི་མ་ལ། ཆོས་སྒྲུབ་པའི་མངོན་མཐོའི་ལུས་རྟེན་ཐོབ་པ་དང་། སྡིག་པ་མི་དགེ་བ་ཟད་པར་འགྱུར་བ་སོགས་ཀྱི་ཕན་ཡོན་དང་ལྡན་པར། འཇུག་པ་ལས། དེ་ཡི་འོག་ཏུ་ནི། །ལྷ་མིའི་སྐྱེ་དང་སྡིག་པ་ཟད་པར་འགྱུར། །ཞེས་པ་ལྟར་ཉོན་མོངས་རེ་རེ་ལ་རྒྱུ་དང་ངོ་བོ་བྱེད་ལས་སོགས་ལེགས་པར་དཔྱད་ནས། ཉོན་མོངས་པ་དེ་དག་གནས་སྐབས་མངོན་གྱུར་པ་ལྡོག་པ་ནས། མཐར་ས་བོན་དང་བཅས་པ་སྤངས་བའི་ཐབས་ལམ་ཆ་ཚང་ལ་མ་ནོར་བའི་ཆོས་ཚུལ་ཞིག་ཡིན། ཉོན་མོངས་ས་བོན་དང་བཅས་པ་སྤོང་བྱེད་གཉེན་པོ་དངོས་ནི་བདག་མེད་རྟོགས་པའི་ཞི་ལྷག་ཟུང་དུ་འབྲེལ་བའི་རྣལ་འབྱོར་མངོན་སུམ་ཡིན། དེ་འདྲའི་རྣལ་འབྱོར་མངོན་སུམ་རྒྱུད་ལ་སྐྱེ་བ་ལ་བདག་མེད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཞི་ལྷག་ཟུང་དུ་འབྲེལ་བ་སྔོན་དུ་འགྲོ་དགོས། དེ་ཡོང་བ་ལ་བདག་མེད་ལ་བསམ་བྱུང་ཚད་མས་སྒྲོ་འདོགས་ཆོད་པ་སྔོན་དུ་འགྲོ་དགོས། དེ་ཡོང་བ་ལ་བདག་མེད་སྟོན་པའི་གསུང་རབ་ལ་ཐོས་བསམ་བྱས་ནས་ཐོས་བྱུང་གི་ཡིད་དཔྱོད་ཀྱིས་ངེས་དགོས།

མདོར་ན་ཐོས་བསམ་གྱིས་གཏན་ལ་ཕབ་པའི་བདག་མེད་པའི་དོན་སྒོམ་བྱེད་ཀྱི་བློ་དེ་ཉིད། གོང་འཕེལ་གཏོང་ཐབས་ནི་སྒོམ་བྱེད་ཀྱི་ཡན་ལག་དང་མ་བྲལ་བར་ཡང་ཡང་བསམ་སྒོམ་བྱས་ནས། རྩེ་གཅིག་ཏུ་གནས་ཐབས་འཇོག་སྒོམ་དང་། ངེས་ཤེས་ཤུགས་དྲག་འདྲེན་ཐབས་དཔྱད་སྒོམ། དེ་གཉིས་ཟུང་དུ་སྦྲེལ་ནས་ཉམས་སུ་ལེན་ཚུལ་འདི་ལས་ཐབས་གཞན་མེད་པས་ཞི་ལྷག་ཟུང་འབྲེལ་དགོས་པའི་གནད་འདི་ཡིན། དེ་ལྟར་ཉམས་སུ་བླངས་ནས་བློ་ངན་ཆགས་སྡང་རྨོངས་གསུམ་དེ་དག་དང་། དེ་དག་སྐྱེ་བའི་ནུས་པ་དང་བཅས་པ་སྤངས་པ་ན། ཉོན་མོངས་པའི་དགྲ་བཅོམ་པ། འཁོར་བ་ལས་ཐར་པ་ཡིན། དེ་ལྟར་ཡོང་མིན་རྩ་བ་ལྟ་བུ་གཞི་དངོས་པོའི་གནས་ཚུལ་མ་ནོར་བ་ཞིག་ཚད་མས་ལེགས་པར་གཏན་ལ་དབབ་དགོས་པ་ཡིན་དུས། གཞི་དངོས་པོའི་གནས་ཚུལ་ལ་གཞལ་བྱ་ཡུལ་གྱི་རྣམ་གཞག་དང་། འཇལ་བྱེད་བློ་ཡི་རྣམ་གཞག་འདི་ཤིན་ཏུ་གལ་ཆེ། དེར་བརྟེན་རང་སྡེའི་གྲུབ་མཐའ་བཞི་ཀའི་གཞལ་བྱ་ཡུལ་གྱི་རྣམ་གཞག་ལ་བདེན་གཉིས་ཀྱི་རྣམ་གཞག་དང་། འཇལ་བྱེད་བློ་ལ་བློ་རིག་བདུན་སོགས་གཙིགས་ཆེན་པོའི་སྒོ་ནས་གཏན་ལ་ཕབ་པ་ཡིན་ནོ། །

སྤྱི་བཤད་སྔོན་དུ་བཏང་ནས། བཞི་པ་མདོ་སྡེ་པའི་གྲུབ་མཐའི་རྣམ་གཞག་དངོས་བཤད་པ་ལ། མཚན་ཉིད། དབྱེ་བ། སྒྲ་བཤད་པ། ཡུལ་གྱི་འདོད་ཚུལ། ཡུལ་ཅན་གྱི་འདོད་ཚུལ། བདག་མེད་ཀྱི་འདོད་ཚུལ། ས་ལམ་གྱི་རྣམ་གཞག་བཤད་པ་དང་བདུན། དང་པོ་ནི། རང་རིག་དང་ཕྱི་དོན་གཉིས་ཀ་ཁས་ལེན་པའི་ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། མདོ་སྡེ་པའི་མཚན་ཉིད། མདོ་སྡེ་པ་དང་དཔེ་སྟོན་པ་དོན་གཅིག །ལུང་གི་རྗེས་འབྲང་གི་མདོ་སྡེ་པས་རང་རིག་ཁས་ལེན་པའི་རྒྱ་གཞུང་ཁ་གསལ་མ་མཇལ་ཡང་རང་རིག་ཁས་ལེན་པར་འདོད་དགོས་ཏེ། གོང་གི་མཚན་ཉིད་དེ་གུང་རུ་རྒྱལ་མཚན་བཟང་པོ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། པཎ་ཆེན་བསོད་ནམས་གྲགས་པ། ཀུན་མཁྱེན་འཇིགས་མེད་དབང་པོ། སོགས་ཀྱིས་བཞེད་པས་མདོ་སྡེ་པ་ལ་རང་རིག་བཞེད་མིན་གཉིས་འཇོག་དཀའོ། །

གཉིས་པ་དབྱེ་བ་ལ་ལུང་གི་རྗེས་འབྲང་གི་མདོ་སྡེ་པ་དང་། རིགས་པའི་རྗེས་འབྲང་གི་མདོ་སྡེ་པ་གཉིས་སུ་ཡོད་པར་གྲུབ་མཐའ་ཕལ་ཆེ་བ་ལས་འབྱུང་བ་ལྟར་ཡིན། དང་པོ་ནི། མངོན་པ་མཛོད་ཀྱི་རྗེས་འབྲང་གི་མདོ་སྡེ་པ་ལྟ་བུ། གཉིས་པ་ནི། ཚད་མ་སྡེ་བདུན་གྱི་རྗེས་འབྲང་གི་མདོ་སྡེ་པ་ལྟ་བུའོ། །དེ་ལྟར་ཡང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་གྲུབ་མཐའ་ཆེན་མོ་ལས། དབྱེ་ངོ་ལུང་རིགས་རྗེས་འབྲང་རྣམ་པའི་གསུམ། ཞེས་པ་དེ་ལ་དབྱེ་ན་ལུང་རིགས་ཀྱི་རྗེས་འབྲང་གཉིས་མཁས་པ་རྣམས་ལ་གྲགས་པ་ལྟར་འདོད་དགོས་ཏེ། མཛོད་འགྲེལ་ལས། མདོ་སྡེ་པ་ན་རེ་དང་། དཔེ་སྟོན་པ་ན་རེ་ཞེས་གསུངས་པའི་ཁོ་བོ་ཅག་མདོ་ཚད་མར་བྱེད་ཀྱི་བསྟན་བཅོས་ཚད་མར་མི་བཞེད་ཅེས་པའི་ལུང་གི་རྗེས་འབྲང་གི་དེ་དང་། མདོ་དང་སྡེ་བདུན་གཉིས་ཀྱི་རྗེས་སུ་འབྲང་པའི་རིགས་པའི་རྗེས་འབྲང་གཅིག་ཀྱང་ཡོད་པ་ནི། སྡེ་བདུན་མདོ་སེམས་ཐུན་མོང་གི་གཞུང་དུ་གྲགས་པས་གྲུབ་པའི་ཕྱིར། ཞེས་གསུངས། དེ་གཉིས་ཀྱི་འདོད་ཚུལ་ནི། ལུང་གི་རྗེས་འབྲང་མདོ་སྡེ་པ་རྣམས་ཀྱིས། བདེན་གཉིས་འཇོག་ཚུལ་མཛོད་ནས་བཤད་པ་ལྟར་འདོད་པར། ཀུན་མཁྱེན་གྲུབ་མཐར། བདེན་གཉིས་བདེན་པར་དོན་བྱེད་ནུས་མི་ནུས། ཞེས་པ་སློབ་དཔོན་ལྷ་དབང་བློས་ཀྱང་། ཆུ་དང་འོ་མ་ལ་སོགས་པ་བཞིན་དུ་ཀུན་རྫོབ་ཏུ་ཡོད་པ་ཡིན་ནམ། གཟུགས་དང་བདེ་བ་ལ་སོགས་པ་བཞིན་དུ་དོན་དམ་པར་ཡོད་པ་ཡིན་ཞེས། རིགས་པའི་རྗེས་འབྲང་སྐབས་སུ་ཡང་བྱེ་མདོ་ཐུན་མོང་ངམ་ལུང་གི་རྗེས་འབྲང་གི་འདོད་ཚུལ་མཛོད་ལྟར་ཡིན་པས་བཤད་ཟིན་ལ། མདོ་སྡེ་པ་རང་གི་ཐུན་མོང་མིན་པའམ། རིགས་པའི་རྗེས་འབྲང་ལུགས་ཀྱི་བདེན་གཉིས་འདོད་ཚུལ་ནི། དོན་དམ་པར་དོན་བྱེད་ནུས་པ། དོན་དམ་བདེན་པ་དང་། དོན་དམ་དུ་གྲུབ་པ་དང་། རང་མཚན་དུ་འཇོག དེ་ལྟར་མི་ནུས་པའི་ཆོས་ཀུན་རྫོབ་བདེན་པ་དང་། ཀུན་རྫོབ་ཏུ་གྲུབ་པ་དང་། སྤྱི་མཚན་དུ་འཇོག་སྟེ། དཔལ་ལྡན་ཆོས་ཀྱི་གྲགས་པས། དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་རང་མཚན་སྤྱི་མཚན་དང་བཅས་པ་གསལ་བར་བཤད་ལ། ཞེས་གསུངས་པ་ལྟར་དང་། ལུང་རིགས་གི་རྗེས་འབྲང་གཉིས་ཀྱི་བདེན་གཉིས་འཇོག་ཚུལ་མི་མཐུན་པ་དང་། མདོ་སྡེ་པའི་གཙོ་བོའི་ཁས་ལེན་རིགས་པའི་རྗེས་འབྲང་ལྟར་འཇོག་དགོས་པ་ཡིན་ནོ།།

ཡང་རྣམ་པ་འདོད་ཚུལ་གྱི་སྒོ་ནས་གསུམ་ཡོད་པར་གུང་རུ་རྒྱལ་མཚན་བཟང་པོས་དབུ་མ་རྒྱན་གྱི་འགྲེལ་བ་ལས་གསུངས་པ་ལྟར་གཟུང་འཛིན་གྲངས་མཉམ་པ་དང་། སྒོ་ང་ཕྱེད་ཚལ་བ། སྣ་ཚོགས་གཉིས་མེད་པ་དང་གསུམ་ཡོད་པར་གསུངས། ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་གྲུབ་མཐར། རང་ལུགས་ལ་རྣམ་པའི་སྒོ་ནས་གཟུང་འཛིན་གྲངས་མཉམ་པ་དང་། སྣ་ཚོགས་གཉིས་མེད་པ་དང་། སྣ་ཚོགས་རིམ་འཛིན་པ་གསུམ་ཡོད་པ་དང་། གསུམ་པ་སྣ་ཚོགས་རིམ་འཛིན་པ་ནི། དབུ་མ་རྒྱན་ལས། དཀར་པོ་དག་ལ་སོགས་པ་ལ། །ཤེས་པ་དེ་ནི་རིམ་བྱུང་སྟེ། །འགྱོགས་པར་འབྱུང་བས་བླུན་པོ་དག །ཅིག་ཆ་འོ་སྙམ་དུ་སེམས་པ་ཡིན། །ཞེས་བཤད་ཅིང་། རྣམ་འགྲེལ་སོགས་ལས་ཀྱང་ཕྱོགས་སྔར་བླངས་ནས་བཀག་པ་དེའི་ཕྱིར། ཞེས་གསུངས།

གསུམ་པ་སྒྲ་བཤད་ནི། ཅིའི་ཕྱིར་མདོ་སྡེ་པ་ཞེས་བྱ་ཞེ་ན། བཅོམ་ལྡན་འདས་ཀྱི་མདོའི་རྗེས་སུ་འབྲངས་ནས་གྲུབ་མཐའ་སྨྲ་བས་ན་མདོ་སྡེ་པ་དང་། ཆོས་ཐམས་ཅད་དཔེའི་སྒོ་ནས་བསྟན་པར་འདོད་པས་ན་དཔེ་སྟོན་པ་ཞེས་བརྗོད་པའི་ཕྱིར། ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་གྲུབ་མཐའ་ཆེན་མོ་ལས། ཊཱིཀ་ཆེན་དེ་ཉིད་སྣང་བ་ལས། མདོ་སྡེའི་རྗེས་སུ་འབྲངས་ནས་གྲུབ་པའི་མཐའ་རྣམ་པར་འཇོག་པས་མདོ་སྡེ་པའི་རིགས་སོ། །ཞེས་དང། བདེ་གཤེགས་གཞུང་གི་རང་འགྲེལ་ལས། དེ་ལྟར་མདོ་སྡེ་སྒོ་ནས་སྤྱོད་པའི་མདོ་སྡེ་པ་རྣམས་ཀྱིས་ཞེས་དང། ཡེ་ཤེས་ཀུན་བཏུས་འགྲེལ་བར། འདི་ནི་སྒོ་དྲུག་པ་དང་འཕགས་པ་བཟང་པོ་སྤྱོད་པ་ལ་སོགས་པའི་མདོ་སྡེ་རྣམས་སྒྲ་ཇི་ལྟ་བར་ཁས་ལེན་ཅིང་མདོ་དེ་དང་དེ་དག་གི་རྗེས་སུ་འཇུག་པ་དང་ལྡན་པས་ན་མདོ་སྡེ་པ་དང། མིང་གཞན་དཔེས་སྟོན་པ་ལ་མཁས་པས་དཔེ་སྟོན་པའོ། །ཞེས་གསུངས་པ་ལྟར། མདོ་སྡེ་པ་དང་དཔེ་སྟོན་པ་ཞེས་བྱ་ལ། ཞེས་གསུངས་སོ།།

བཞི་པ་ཡུལ་གྱི་འདོད་ཚུལ་ནི། ཚད་མས་དམིགས་པ་ཡོད་པའི་མཚན་ཉིད། ཡོད་པ་ལ་དབྱེ་ན། བདེན་པ་གཉིས་སུ་དབྱེ་བ། རང་སྤྱི་གཉིས་སུ་དབྱེ་བ། དགག་སྒྲུབ་གཉིས་སུ་དབྱེ་བ་རྣམས་སུ་ཡོད། དོན་དམ་པར་དོན་བྱེད་ནུས་པ་དོན་དམ་བདེན་པའི་མཚན་ཉིད། དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས་ཀུན་རྫོབ་བདེན་པའི་མཚན་ཉིད། རྟོག་པས་བཏགས་ཙམ་མ་ཡིན་པར་རང་ངོས་ནས་གྲུབ་པ་རང་མཚན་གྱི་མཚན་ཉིད། རྟོག་པས་བཏགས་ཙམ་དུ་གྲུབ་པ་སྤྱི་མཚན་གྱི་མཚན་ཉིད། རང་འཛིན་རྟོག་པས་རང་གི་དགག་བྱ་དངོས་སུ་བཅད་པའི་ཚུལ་གྱིས་རྟོགས་པར་བྱ་བ། དགག་པའི་མཚན་ཉིད། རང་འཛིན་རྟོག་པས་རང་གི་དགག་བྱ་མ་བཅད་པའི་སྒོ་ནས་རྟོགས་པར་བྱ་བ། སྒྲུབ་པའི་མཚན་ཉིད། སྤྱིར་ཡུལ་ལ་སྣང་ཡུལ། འཛིན་སྟངས་ཡུལ། འཇུག་ཡུལ། དམིགས་ཡུལ་སོགས་དུ་མ་ཡོད།

ལྔ་པ་ཡུལ་ཅན་གྱི་འདོད་ཚུལ་ནི། ཡུལ་ཅན་ལ་དབྱེ་ན། རྗོད་བྱེད་ཀྱི་སྒྲ་དང་། བློ་དང་། གང་ཟག་གསུམ་ཡོད། གང་ཟག་གི་མཚན་གཞི་ལ། ཕུང་པོའི་རྒྱུན་གང་ཟག་གི་མཚན་གཞིར་འདོད་པ་དང་། ཡིད་ཀྱི་རྣམ་ཤེས་གང་ཟག་གི་མཚན་གཞིར་འདོད་པ་གཉིས་ལས། དང་པོ་ནི། མངོན་པ་མཛོད་ཀྱི་རྗེས་འབྲང་གི་མདོ་སྡེ་པ་ལྟ་བུ། གཉིས་པ་ནི། ཚད་མ་སྡེ་བདུན་གྱི་རྗེས་འབྲང་གི་མདོ་སྡེ་པ་ལྟ་བུའོ། །རང་གི་བརྗོད་བྱ་གོ་བར་བྱེད་པའི་མཉན་བྱ་དེ། རྗོད་བྱེད་སྒྲའི་མཚན་ཉིད། ཕུང་པོ་ལྔ་པོ་གང་རུང་ལ་བརྟེན་ནས་བཏགས་པའི་སྐྱེས་བུ། གང་ཟག་གི་མཚན་ཉིད། རིག་པ་བློའི་མཚན་ཉིད། དེ་ལ་དབྱེ་ན། བློ་རིགས་བདུན་ཡོད། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་གསར་དུ་མི་བསླུ་བའི་རིག་པ། མངོན་སུམ་གྱི་ཚད་མའི་མཚན་ཉིད། དེ་ལ་དབྱེ་ན་དབང་མངོན་ཚད་མ། ཡིད་མངོན་ཚད་མ། རང་རིག་ཚད་མ། རྣལ་འབྱོར་མངོན་གསུམ་གྱི་ཚད་མ་དང་བཞི། དེ་རྣམས་ཀྱི་ནང་ནས་ལུགས་འདི་ལ་དབང་མངོན་ལ་རང་གི་དམིགས་རྐྱེན་དུ་གྱུར་བའི་གཟུགས་སྒྲ་སོགས་ཕྱི་ཡི་སྐྱེ་མཆེད་ལྔ་པོ་གང་རུང་ལས་སྐྱེ་དགོས་པས། དབང་མངོན་དུ་གྱུར་པའི་དཔྱད་ཤེས་འཇོག་དཀའ་སྟེ། དབང་མངོན་དུ་གྱུར་པའི་རྟོགས་བློ་ཡིན་ན་རང་གི་དམིགས་རྐྱེན་དུ་གྱུར་པའི་གཟུགས་དེ་གསར་དུ་རྟོགས་པས་ཁྱབ་པའི་ཕྱིར་རོ། །སྤྱིར་དབང་མངོན་དུ་གྱུར་པའི་སྣང་ལ་མ་ངེས་པའི་བློ་ཡོད་མེད་དཔྱད་གཞི་ཡིན་ཏེ། རྣམ་རྩ་ལས། རྣམ་ཤེས་དོན་གཞན་ཆགས་པ་ཡི། །ནུས་མེད་དོན་གཞན་མི་འཛིན་ཕྱིར། །ཞེས་པ་འདིས་ཡིད་གཟུགས་མཛེས་ལ་ལྷག་པར་ཆགས་པ་ལྟ་བུ་ཡིད་ཀྱི་རྣམ་ཤེས་དོན་གཞན་གཟུགས་ལྟ་བུ་ལ་ལྷག་པར་ཆགས་བཞིན་པའི་སྐབས་སུ་སྒྲ་འཛིན་ཉན་ཤེས་མི་སྐྱེ་པར་སྲས་གཉིས་ཀྱི་ཚད་མའི་ཊིག་ཆེན་གཉིས་ཀར་གསུངས་པའི་ཕྱིར་རོ། །ཡིད་མངོན་ཚད་མ་ནི་གཞན་སེམས་ཤེས་པའི་མངོན་གསུམ་ལྟ་བུ་འཇོག་ཀྱང་། འདིར་བསྟན་ཡིད་མངོན་ཞེས་པ་ཤིན་ལྐོག་ཅིག་ཡོད་པར་གསུངས་པ་འདི་ལ་ཅུང་ཟད་དཔྱད་ན། མདོ་ལས། གཟུགས་ཤེས་པ་ནི་རྣམ་གཉིས་ཏེ། །མིག་དང་ཡིད་ལ་བརྟེན་པའོ། །ཞེས་དང་། ཕྱོགས་ཀྱི་གླང་པོས་ཡིད་ཀྱང་དོན་དང་ལྡན་པ་ཞེས་ཡིད་མངོན་ཡོད་པར་བསྟན་པས། གཞུང་འདི་དག་གི་སྐབས་ནས་བསྟན་པའི་ཡིད་མངོན་ལ་འདིར་བསྟན་ཡིད་མངོན་ཞེས་བྱ་ལ། དབང་མངོན་རྒྱུན་མཐར་དུས་མཐའི་སྐད་ཅིག་མའི་ངོ་བོར་གྱུར་པའི་ཡིད་མངོན་ཡོད་པ་གང་གིས་འགྲུབ་ཅེ་ན། རང་རྒྱུད་ལ་དབང་མངོན་སྐྱེ་བར་དངོས་སྟོབས་ཀྱི་ཚད་མས་གྲུབ་པ་ན། དབང་མངོན་གྱི་རྗེས་སུ་ཡིད་མངོན་ངེས་པར་སྐྱེ་བའི་ཁྱབ་པ་དཔྱད་པ་གསུམ་གྱིས་དག་པའི་ལུང་གི་རྟགས་ལ་བརྟེན་ནས་ཡིད་ཆེས་རྗེས་དཔག་གིས་གྲུབ་པ་ཡིན་ནོ་ཞེ་ན། འོ་ན་དབང་མངོན་ཡིན་ན་ཁྱོད་ཀྱི་ཡིད་མངོན་འདྲེན་པའི་ཁྱབ་པར་ཐལ། འདོད་ན་སྣང་ལ་མ་ངེས་པའི་དབང་མངོན་གྱིས་ཡིད་མངོན་འདྲེན་པར་ཐལ། དབང་མངོན་ཡིན་པའི་ཕྱིར། ཁྱབ་པ་ཁས། ཞེས་པ་ལ་དབང་མངོན་ཡིན་ན་ཡིད་མངོན་འདྲེན་པས་མ་ཁྱབ་ཀྱང་། དབང་མངོན་ཚད་མ་ལ་ཁྱབ་པ་ཡིན་ནོ་ཞེ་ན། མར་མེ་སྐད་ཅིག་ཐ་མ་འཛིན་པའི་དབང་མངོན་ཚད་མ་ཆོས་ཅན། དེར་ཐལ། འདོད་ན། མར་མེ་སྐད་ཅིག་ཐ་མ་ལ་རིགས་འདྲ་ཕྱི་མ་ཡོད་པར་ཐལ། དེ་འཛིན་པའི་དབང་མངོན་གྱིས་དངོས་སུ་དྲངས་པའི་ཡིད་མངོན་ཡོད་པའི་ཕྱིར། ཁྱབ་པར་ཐལ། ཡིད་མངོན་གྱི་དམིགས་རྐྱེན་ལ་རང་འདྲེན་བྱེད་ཀྱི་དབང་མངོན་སྐད་ཅིག་ཐ་མའི་གཟུང་དོན་གྱི་རིགས་འདྲ་ཕྱི་མ་ལ་འཇོག་དགོས་པའི་ཕྱིར། དེར་ཐལ། ཐར་གསལ་ལས། དབང་མངོན་ཐ་མ་དེའི་གཟུང་དོན་གྱི་རིགས་འདྲ་སྐད་ཅིག་གཉིས་པ་ནི། ཡིད་མངོན་དེའི་དམིགས་རྐྱེན་ཡིན་ནོ། །ཞེས་གསུངས་པའི་ཕྱིར། མར་མེ་སྐད་ཅིག་ཐ་མ་འཛིན་པའི་དབང་མངོན་གྱི་གཟུང་དོན་རིགས་འདྲ་སྐད་ཅིག་གཉིས་པ་ཡོད་པར་འདོད་ན། མར་མེ་སྐད་ཅིག་ཐ་མ་ཆོས་ཅན། ཁྱོད་ཀྱི་རྫས་རྒྱུན་ཕྱི་མ་ཡོད་པར་ཐལ། འདོད་ན། ཁྱོད་ཀྱི་ཉེར་འབྲས་ཡོད་པར་ཐལ། འདོད་ན་འདུས་བྱས་ཡིན་ན། ཉེར་ལེན་གྱི་རྒྱུ་ཡིན་པས་ཁྱབ་པར་ཐལ་ལོ། །


 

གཞན་ཡང་། ཁ་དོག་གི་རིགས་འདྲ་ཐ་མ་འཛིན་པའི་དབང་པོའི་མངོན་སུམ་ཚད་མ་ཆོས་ཅན། ཁྱོད་ཀྱི་གཟུང་དོན་གྱི་རིགས་འདྲ་ཕྱི་མ་ཡོད་པར་ཐལ། ཁྱོད་ཀྱིས་དྲངས་པའི་ཡིད་མངོན་ཡོད་པ་གང་ཞིག །དེས་དྲངས་པའི་ཡིད་མངོན་ཡོད་ན། དེའི་དམིགས་རྐྱེན་ལ་རང་འདྲེན་བྱེད་ཀྱི་དབང་མངོན་ཐ་མའི་གཟུང་དོན་གྱི་རིགས་འདྲ་ཕྱི་མ་ལ་བྱེད་དགོས་པ་ཐར་ལམ་གསལ་བྱེད་ལས་གསུངས་པའི་ཕྱིར། རྟགས་དང་པོ་ཁས། ཁ་དོག་གི་རིགས་འདྲ་ཐ་མ་འཛིན་པའི་དབང་མངོན་གྱི་གཟུང་དོན་ལ་རིགས་འདྲ་ཕྱི་མ་ཡོད་ཟེར་ན། ཁ་དོག་གི་རིགས་འདྲ་ཐ་མ་འཛིན་པའི་དབང་མངོན་ཚད་མ་དེས་ཁ་དོག་གི་སྟེང་དུ་རགས་པའི་མི་རྟག་པ་རྟོགས་པའི་རྒྱུ་མཚན་ཁ་དོག་གི་རིགས་འདྲ་ཐ་མ་དེ་རིགས་འདྲ་ཐ་མ་གཞན་དང་མཚམས་སྦྱོར་བ་མེད་པའི་འབྲེལ་མེད་དུ་ངེས་པའི་གནད་ཀྱིས་མ་ཡིན་པར་ཐལ། འདོད་ན། རྣམ་འགྲེལ་རྩ་བ་ལས། སྤྱི་ཡི་རྟེན་ནི་གྲུབ་པ་ན། །སྤྱི་དེ་ཉིད་ནི་གྲུབ་པ་ཡིན། །ཞེས་པའི་ཐད་ཀྱི་ཐར་ལམ་གསལ་བྱེད་ལས། ཁ་དོག་གི་རིགས་འདྲ་ཐ་མ་འཛིན་པའི་དབང་པོའི་མངོན་སུམ་གྱི་ཚད་མ་ཆོས་ཅན། སྤྱི་ཁ་དོག་གི་མི་རྟག་པ་དེ་ཉིད་ནི་གྲུབ་པ་ཡིན་ཏེ། སྤྱིའི་རྟེན་ཁ་དོག་སྐད་ཅིག་ཐ་མ་དེ་གཟུང་དོན་དུ་བྱས་པའི་སྒོ་ནས་རིགས་འདྲ་ཐ་མ་དང་འབྲེལ་བ་མེད་པ་ཅན་དུ་གྲུབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཞེ་ན་དཔྱད་དགོས་པར་སྣང་། རང་རིག་མངོན་སུམ་ལ་ཡང་དམིགས་རྐྱེན་རང་གི་མྱོང་བྱའི་ཤེས་པ་ལ་འདོད་ན། མྱོང་བྱའི་ཤེས་པ་དང་བདག་ཉིད་ཐ་དད་དུ་འགྱུར་བས་མི་རུང་ལ། མི་འཇོག་ན་རང་རིག་ལ་དམིགས་རྐྱེན་མེད་པར་འདོད་དམ། སྤྱིར་ལུགས་འདི་ལ་སེམས་ཅན་གྱི་རྒྱུད་ཀྱི་མངོན་སུམ་རྣམས་རང་གི་གཟུང་བྱའི་རང་མཚན་གྱི་རྣམ་ལྡན་དུ་སྐྱེས་པ་དེ་རང་གི་དམིགས་རྐྱེན་གྱི་སྟོབས་དང་། རྟོག་པ་རྣམས་རང་གི་གཟུང་བྱའི་ཡུལ་གྱི་རྣམ་ལྡན་དུ་སྐྱེས་པ་དེ་བག་ཆགས་ཀྱི་སྟོབས་དང་། སངས་འཕགས་ཀྱི་ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་ནས་རྣམ་པ་ཤར་བ་དེ་ཚོགས་གཉིས་རྫོགས་པའི་སྟོབས་ཀྱིས་སྣང་བ་འདོད་དགོས་སམ་སྙམ་སྟེ། སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ་ལས། དེས་ན་འཕགས་པ་སློབ་པ་རྣམས་ཀྱི་མཉམ་གཞག་ཡེ་ཤེས་ཀྱིས་ཀྱང༌། དངོས་པོ་རྣམས་བདག་དང་བྲལ་བའི་སྐད་ཅིག་མ་ཙམ་དུ་མངོན་སུམ་དུ་གཟིགས་ལ། བདག་བཀག་ཙམ་གྱི་མེད་དགག་ནི་ཤུགས་ལ་འཇལ་བ་ཡིན་གྱི་དངོས་རྟོགས་མ་ཡིན་ནོ། །དངོས་མེད་ཚུར་མཐོང་མངོན་སུམ་ལ་དངོས་རྟོགས་སུ་མི་རུང་བའི་རྒྱུ་མཚན་ནི། དངོས་མེད་ལ་ཚུར་མཐོང་མངོན་སུམ་ལ་རང་གི་རྣམ་པ་གཏོད་པའི་ནུས་པ་མེད་པའི་ཕྱིར། གལ་ཏེ་ཡོད་ན། དངོས་མེད་དམིགས་རྐྱེན་དུ་བྱེད་པའི་ཚུར་མཐོང་མངོན་སུམ་ཡོད་པ་དགག་མི་ནུས་པར་འགྱུར་རོ། །

འོ་ན་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་དངོས་མེད་དངོས་སུ་རྟོགས་སམ་ཤུགས་ལ་རྟོགས་ཤེ་ན། རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་རྟོགས་པ་ནི་ཤེས་བྱ་མཐའ་དག་ལ་སྒྲིབ་པའི་ཤེས་སྒྲིབ་བག་ཆགས་དང་བཅས་པ་སླར་མི་འབྱུང་བའི་ཚུལ་གྱིས་སྤངས་པའི་སྟོབས་ལས་བྱུང་བ་ཡིན་པས། དངོས་མེད་རྟོགས་པའང་དངོས་པོ་ལྟ་བུ་ལ་དངོས་སུ་སྒྲོ་འདོགས་བཅད་པའི་སྟོབས་ཀྱིས་ཤུགས་ལ་རྟོགས་པ་མ་ཡིན་གྱི། ཤེས་སྒྲིབ་ཟད་པར་སྤངས་བའི་སྟོབས་ཀྱིས་དངོས་སུ་རྟོགས་པ་ཡིན་ནོ། །འོ་ན། དངོས་མེད་ཀྱི་རྣམ་པར་ཤར་བར་འགྱུར་ལ། དེ་ལྟ་ན། དངོས་མེད་ལ་རང་འཛིན་ཤེས་པ་ལ་རྣམ་པ་གཏོད་པའི་ནུས་པ་ཡོད་པར་འགྱུར་ཏེ། རྟོག་པ་བཞིན་དུ་བག་ཆགས་ཀྱི་སྟོབས་ཀྱིས་རྣམ་པ་ཤར་བ་མི་འཐད་པའི་ཕྱིར་རོ་ཞེ་ན། སངས་རྒྱས་ཀྱི་ཡེ་ཤེས་ལ་དངོས་མེད་ཀྱི་རྣམ་པ་ཤར་བ་དེ་ཡུལ་གྱིས་གཏད་པའི་རྣམ་པ་ཡང་མ་ཡིན་ལ་བག་ཆགས་ཀྱི་སྟོབས་ཀྱིས་ཤར་བའི་རྣམ་པ་ཡང་མ་ཡིན་གྱི། སྒྲིབ་པ་སྤངས་པའི་སྟོབས་ཀྱིས་ཤར་བའི་རྣམ་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །ཞེས་གསུངས་འདུག་ན། དེ་གཞན་རིག་ལ་ཡིན་གྱི་རང་རིག་ལ་མྱོང་བྱའི་ཤེས་པ་ལས་རྫས་གཞན་དུ་མེད་པས་མི་མཚུངས་ཞེས་སྨྲ་དགོས་སམ་སྙམ།

དྲུག་པ་བདག་མེད་འདོད་ཚུལ་ནི། གང་ཟག་རྟག་གཅིག་རང་དབང་ཅན་གྱིས་སྟོང་པ་གང་ཟག་གི་བདག་མེད་རགས་པ་དང་། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོར་འདོད་ཅིང་། ཆོས་ཀྱི་བདག་མེད་ཁས་མི་ལེན་ཏེ། གཞི་གྲུབ་ན་ཆོས་བདག་ཡིན་པས་ཁྱབ་པར་འདོད་པའི་ཕྱིར།
བདུན་པ་ས་ལམ་གྱི་རྣམ་གཞག་ནི། རིགས་ཅན་གསུམ་ཀས་ཚོགས་གསོག་པའི་ཚེ་སློབ་ལམ་བཞི་གའི་གནས་སྐབས་སུ་ཚོགས་གསོག་པ་ཡིན་པས་དེའི་རྒྱུ་མཚན་གྱིས་སངས་རྒྱས་ཀྱི་གཟུགས་ཕུང་སངས་རྒྱས་སུ་ཁས་ལེན་པ་ཡིན་ནོ། །སྒྲིབ་པའི་རྣམ་གཞག་ནི་ཉོན་མོངས་པའི་སྒྲིབ་པ་དང་། ཉོན་མོངས་ཅན་མ་ཡིན་པའི་སྒྲིབ་པ་གཉིས་སུ་འདོད་ལ། དེའི་དང་པོ་ནི་ཐེག་དམན་དགྲ་བཅོམ་གྱིས་སྤངས་ལ། གཉིས་པ་ནི་སངས་རྒྱས་འཕགས་པ་ཁོ་ནས་སྤངས་པ་ཡིན་ནོ། །

ལྔ་པ་མཇུག་བསྡུ་བ་ནི། རྗེ་བཙུན་བརྟན་པའི་འཁོར་ལོ་གསུམ་ལྡན་ངུར་མིག་འཛིན་པའི་རྣམ་པར་རོལ་བ། འཇམ་མགོན་བླ་མ་རྗེ་བཙུན་བློ་བཟང་གྲགས་པ་དེ་ཉིད་བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་མཛད་ནས་མི་ལོ་ཧྲིལ་པོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་དུ།
རི་བོ་དགའ་ལྡན་པའི་མ་དགོན་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཤར་བྱང་གྲྭ་ཚང་གཉིས་ནས་ཕྱི་ནང་གི་ལྟ་སྒོམ་འཕགས་བོད་མཁས་པའི་བགྲོ་གླེང་ཆེན་མོ་༢༠༡༩ བོད་ཟླ ༥ ཚེས ༨ ནས་ཉིན་གསུམ་རིང་འཚོགས་སྐབས་གུས་ལ་མདོ་སྡེ་པའི་གྲུབ་མཐའི་སྐོར་ལ་དཔྱད་རྩོམ་དགོས་པའི་བཀའ་མཆིད་ཕེབས་པར་བསོད་ནམས་ཀྱི་བགོ་སྐལ་དུ་བསམས་ནས་དགའ་དད་སྤྲོ་གསུམ་དང་བཅས་གུས་པས་ཕུལ་བ་ལགས།
འདྲེན་པ་མཆོག་དེས་དཀའ་བ་དཔག་མེད་ཀྱིས། །ནན་ཏན་སྙིང་པོར་མཛད་ནས་བསྒྲུབས་པ་འདི། །
ཐབས་གང་ཞིག་གིས་འཕེལ་བར་འགྱུར་སྙམ་པའི། །རྣམ་པར་དཔྱོད་པས་ཉིན་མཚན་འདའ་བར་ཤོག ། དགེ་འོ།། །

ཤོག་ངོས་འདི་ཐེངས་ 1647 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

 གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།

རྩོམ་ཡིག་གསར་ཤོས།

ཡ་བཏགས་ལ་དཔྱད་པ་མེས་པོའི་ཞལ་ལུ…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 99

ནགས་ཤོད་སྐལ་རྒྱན། བསླབ་ལ་བརྩོན་པའི་གང་ཟག་གིས། ། དང་པོ་ང་རོ་རྣམས་ལ་སྦྱངས། ། སྔོན་འཇུག་མི... བཀླགས་འཕྲོ...

མཛོད་ལུགས་འདུས་མ་བྱས་ཀྱི་གྲངས་…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 87

ནགས་ཀྱི་ཤིང་ལོ། བརྩེ་ཆེན་ཐུགས་རྗེའི་ཐབས་ཀྱིས་འགྲོ་རྣམས་ཞི་བར་བགྲོད་པའི་ལམ་བསྟན་ནས། ། དྲི... བཀླགས་འཕྲོ...

བོད་ཀྱི་སྐད་ཡིག་དང་འབྲེལ་པའི་༸…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 97

ནག་པོ་བཀྲ་ཤིས། [ནང་དོན་གནད་བསྡུས།] དཔྱད་རྩོམ་འདི་ཉིད་ཀྱི་བརྗོད་དོན་གཙོ་བོ་ནི་དུས་རབས་ཉི་ཤ... བཀླགས་འཕྲོ...

མཆན་མང་ཤོས།