Thu 09 May 2013

དམངས་ཁྲོད་ཏུ་ཆོས་ལ་ཞེན་པ་ལོག་པའི་མངོན་རྟགས།

ཚད་གཞི།:
(0 འོས་བླུགས།)

སེར་ལྷོ་འབྲི་རུ་བསྟན་པ།

ཐོག་མར་བརྗོད་པར་འདོད་པ་ནི། དེ་རིང་ངས་སྐྱེ་བ་སྔ་ཕྱིའི་རྒྱུ་འབྲས་ཀྱི་བྱུང་རིམ་སོགས་སྔོག་གི་མེད་ལ། སྐྱེ་རབས་ཨ་རྒྱུད་ཡང་རྒྱུད་དེ་བས་ཀྱད་གླེང་གི་མེད། ཚེ་འདི་དང་འབྲེལ་བའི་མཐོང་སྣང་ཁ་ཤས་ཤིག་བརྗོད་འདོད་བྱུང་། །དེ་རིང་བར་དུ་ངས་ནང་ཆོས་ནི། ཚེ་འདི་གཅིག་པུ་ལ་བསམ་ན་ཡང་། དམངས་ཁྲོད་ནང་ལ་གླེང་རིན་ཡོད་པའི་བསླབ་བྱ་བཟང་པོ་ཞིག་ལ་ངོས་འཛིན་གྱི་ཡོད། འོན་ཀྱང་དེང་སང་དམངས་ཁྲོད་ནང་ལ་དེ་ལས་བཟློགས་པའི་གླེང་སློང་ཇེ་རྒྱས་ཇེ་འཕེལ་དུ་འགྲོ་བཞིན་པ་ནི་མིག་མཐོང་ལག་ཟིན་གྱི་གནས་ཚུལ་ཞིག་རེད ། མཐོང་ཚུལ་རོབ་ཙམ་བརྗོད་ན། དུས་རབས་ཉེ་ཤུའི་ལོ་སྨད་ནས་བརྩམས་པའི་བོད་ཀྱི་རྩོམ་རིགས་མྱུག་ཐོགས་པ་དང་། རྒྱལ་ཞེན་ཆེ་བའི་གླུ་བ། གོ་ལའི་འགྱུར་འགྲོས་དཔྱོད་ཞིབ་པ་རྣམས་ཀྱིས་བཙན་པོའི་རྒྱལ་བརྒྱུད་ནང་ནས་རྒྱལ་པོ་གླང་དར་མ་དེ་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་དང་། རྒྱལ་རབས་ནང་ནས་བྱས་རྗེས་ཆེ་ཤོས་ཀྱི་རྒྱལ་པོ་ཞིག་ལ་ངོས་འཛིན་གྱི་འདུག །ངས་དཔྱད་ན་སྲོང་བཙན་དང་། ཁྲི་སྲོང་གཉིས་བོད་ལ་བཀའ་དྲིན་ཆེ་བའི་རྒྱལ་པོ་ཞིག་ལ་ངོས་བཟུང་ན་འོས་ཤོས་དང་འཚམ་ཤོས་ཀྱི་གླེང་སློང་ཞིག་རེད།

དེའི་སྒྲུབ་བྱེད་རྒྱལ་པོའི་ཕྱག་ལས་ནི་འབངས་མི་སེར་ཇེ་རྒྱས་ཇེ་འཕེལ་དུ་བཟོ་རྒྱུ་དང་རང་འོག་ནང་ཁུལ་དུས་བདེ་ལྷིང་འཇགས་ཐུབ་རྒྱུ་དེ་སྨོས་མེད་ཀྱི་གནས་བབ་ཅིག་རེད། ཁོང་གཉིས་ཀྱི་སྐབས་སུ་མཐའ་ཡི་རྒྱལ་ཁབ་རྣམས་རང་འོག་ཀྱི་འབངས་སུ་བསྒྱུར་བ་དང་། རྒྱ་ནག་རྒྱལ་པོས་ཀྱང་བོད་ལ་ཁྲལ་སྐྱེལ་བའི་ལོ་རྒྱུས་ཀྱང་ཡོད། ནང་ཁུལ་འཁྲུག་འཛིང་མེད་ཐོག་རྒྱལ་རབས་བསྐྱངས་བའི་རྣམ་ཐར་ཡང་ཡོད། རྒྱལ་པོ་གླང་དར་མས་བོད་ཀྱི་དབུས་ཁུལ་ཉུང་ཤས་ཤིག་ལ་ནང་ཆོས་ཀྱི་བསྟན་པ་བཤིག་པའི་རྨང་བཏིང་ཙམ་ལས་གཞན་དམིགས་བསལ་གྱིས་འདི་བྱས་ཟེར་བ་ལོ་རྒྱུས་ཁག་ཏུ་མི་འབྱུང་བ་འདྲ་བོ་རེད།

ཡང་དགེ་འདུན་ཆོས་འཕེལ་གྱིས་བོད་ལ་བཀའ་དྲིན་སྐྱོང་རབས་ལོ་ཟླ་བསྟུན་ནས་བསྟོད་ན་ཡང་། རྫོགས་རྒྱུ་མེད་པ་འདྲ་བོ་གླེང་གི་འདུག། ངས་བསམ་ན་ཁོང་རྣམ་དཔྱོད་ཡོད་པའི་མི་ཞིག་དང་། སེམས་ངོར་གང་ཤར་ཁ་ནས་ལབ་ཐུབ་པའི་སྤོབས་པ་ཅན་གྱི་རིག་གསར་ཞིག་ལས་བོད་ལ་གསབ་ཏུ་མེད་པའི་བཀའ་དྲིན་བྱས་པ་མཐོང་ཐོས་མ་བྱུང་། དེའི་སྐབས་བོད་ནང་རྣམ་དཔྱོད་དང་ཤེས་འཇོན་ལྷག་བསམ་གང་ཐད་ནས་དགེ་འདུན་ཆོས་འཕེལ་ལས་ལྷག་པའི་མཁས་དབང་དང་། དཔོན་རིགས་མང་པོ་ཡོད་ཀྱང་དེང་སང་དམངས་ཁྲོད་ནང་། དེ་ཚོའི་མིང་ཙམ་ཡང་གླེང་འདོད་བྱེད་ཀྱི་མེད། ཁོང་གིས་ནང་ཆོས་ཟེར་བ་དེ་ཕལ་ཆེར་རྫུན་མ་དང་སྒྲུང་འདྲ་བོ་རེད་ལབ་པས་དགའ་མོས་བྱས་པ་རེད།

ཡང་ཉེ་ཆར་ཞོགས་དུང་དང་ཚ་བའི་མདའ་མྱུག་ནགས་ཤོད་ཟླ་བ་རྡོ་རྗེ་ཟེར་དུས་རྒྱལ་བ་དོན་གྱི་བདག་པོ་ལས་རྩ་ཆེ་ཙམ་བྱེད་ཀྱི་འདུག་བསམ་བསམ་གྱི་ཚོར་བ་ཞིག་བྱུང་། ཁོང་ཚོའི་རྩོམ་དང་ལོ་རྒྱུས་ཐ་ན་དཔར་རིས་ཤིག་དྲ་ཐོག་ལ་མཐོང་སྐབས་༧གོང་ས་མཆོག་གི་མཛད་རྗེས་ལས་དོ་སྣང་ཆེ་བ་དང་ཟིན་བྲིས་མང་གི་འདུག ། དེ་ཡང་བཙན་བྱོལ་སྤྱི་ཚོགས་ནང་ལ་གླེང་བཞིན་ཡོད། ༧གོང་ས་མཆོག་དང་དེ་རྣམས་ཀྱིས་བོད་ལ་བཀའ་དྲིན་ཆེ་ཆུང་འགྲན་བསྡུར་ནས་གླེང་ན། ཤོ་བུའི་འགྲོ་གྲོན་ལས་དམིགས་བསལ་འབྲས་བུ་མེད་པ་ནི། གཞན་མི་རིགས་ཀྱིས་དཔང་པོ་བྱེད་ཀྱི་ཡོད། གཞན་དེང་སང་མྱུག་ཐོགས་པ་ལ་གྲངས་མེད་དང་། རྩོམ་རིག་ལ་ཡང་འདྲ་མིན་སྣ་ཚོགས་ཡོད་ཀྱང་ཁོང་ཚོས་བརྗོད་གཞི་གཙོ་བོ་བོད་དེ་ནང་ཆོས་ཀྱིས་ཕུང་བ་བསྒྲུབས་པས་རེད་དྲན་དྲན་འདུག །མཐར་གཏུག་ན་དུས་རབས་འདི་ལ་དམངས་ཁྲོད་ནང་ཆོས་ལ་ཞེན་པ་ལོག་པའི་ནང་རྟགས་ཕྱི་ལ་གསལ་བོ་སྟོན་བཞིན་འདུག །

ཕྱོགས་གཞན་ཞིག་ནས་བཤད་ན་གོང་མིང་བཀོད་པ་རྣམས་ལ་དགའ་མོས་བྱེད་མཁན་རིགས་ཕལ་ཆེ་བ་ནང་ཆོས་ཀྱི་གོ་རྟོགས་ཡོད་པ་དང་། མ་འོངས་བོད་ཀྱི་བདེ་སྡུག་ལ་བསམ་ཤེས་ཐུབ་མཁན། བོད་ལ་ཤ་ཞེན་ཡོད་པ། དེང་དུས་ཀྱི་སྤྱི་ཚོགས་ནང་ལ་མཐོང་རྒྱ་ཡོད་མཁན་འདྲ་བོ་རྐྱང་རྐྱང་རེད་འདུག །དེ་ལ་དཔག་ན་གསར་གཏོད་ཀྱི་ལམ་བུ་དེ་ལ་ངེས་པར་དུ་དཔྱོད་ཞིབ་བྱ་དགོས་པ་ཞིག་ཆགས་ཀྱི་འདུག །གསར་གཏོད་ཀྱི་ལམ་བུ་དེས་གནས་ལུགས་གང་ཡང་མི་ཤེས་མཁན་ལུང་ཁུག་ཀྱི་ཕ་རྒན་མ་རྒན་དང་། ཕྱུགས་རིགས་འཚོ་སྐྱོང་བྱེད་མཁན་ཕོ་མོ་དེ་ཚོའི་སེམས་ངོར་བོད་ནང་གནམ་ས་མགོ་མཇུག་ཟློག་པ་ལྟ་བུའི་ཚོར་བ་ཞིག་རང་བཞིན་གྱིས་ཡོང་གི་ཡོད། དེ་ཚོ་ནི་རྒྱུ་མཚན་མེད་པའི་འཇིག་སྐྲག་ཡིན་པས་དོ་སྣང་དེ་ཙམ་དགོས་པ་ཆགས་ཀྱི་མེད།
དཔེར་ན་ང་ཆུང་དུས་གྲོང་གསེབ་ནང་ཤེས་ཡོན་གྱི་གོ་སྐབས་མ་ཐོབ་པའི་རྒས་འཁོགས་ཚོས་ཆོས་དང་འབྲེལ་བའི་བོད་ཀྱི་ལོ་རྒྱུས་བཤད་དྲག་པས། སོ་སོའི་རྣམ་དཔྱོད་བེད་སྤྱོད་མ་ཐུབ་ཀྱི་བར་དུ་རྒྱལ་པོ་གླང་དར་མ་ལབ་དུས་མགོ་ལ་རྭ་ཐུང་ཐུང་ཡོད་པའི་མི་ཞིག་མིག་ལམ་ལ་ཤར་གྱི་ཡོད།

ཡང་ནགས་ཤོད་ཟླ་བ་རྡོ་རྗེའི་ཨ་མས་ཟླ་རྡོར་ལ་འདི་འདྲ་ཞིག་ལབ་ཡོད། ང་ནི་འཛམ་གླིང་ཐོག་ལ་ལས་ངན་བསགས་པའི་ཨ་མ་ཞིག་རེད། ཆོས་དད་རང་མོས་ཡོད་ཀྱང་ཆོས་ལ་དུག་ཏུ་ལྟ་བའི་བདུད་ཕྲུག་འདི་ཡི་ཨ་མར་བསྐོས་འདུག་ཟེར་ནས་བུ་ལ་མི་དགའ་བ་བྱས་ཡོད། དེ་ཚོ་ཕྱོགས་གཅིག་ཏུ་བསྡོམས་ན་གླང་དར་མགོ་ལ་རྭ་མི་འདུག་ལ། ཟླ་རྡོར་ཨ་མས་ལབ་པ་ལྟར་དེ་བས་མ་རེད ། སྤྱི་ཚོགས་ཤེས་ཚད་དམན་པས་གླང་དར་རྭ་ཐུང་སྐྱེས་པ་དང་། ཟླ་རྡོར་བདུད་ཕྲུག་ཆགས་པ་

ཡང་གསར་གཏོད་ཀྱི་ལམ་བུའི་མཐའ་འབྲས་ལ་དཔྱད་ན། ག་ལེར་ག་ལེར་ཆོས་དེ་མེད་པ་ཆགས་སོང་ན་ཡང་། གནད་འགག་མེད་པ་ལྟ་བུར་ངོས་འཛིན་གྱི་ཡོད། འོན་ཀྱང་མི་རིགས་ཀྱི་སྐད་རིགས་ནི་མི་རིགས་ཀྱི་ཚེ་སྲོག་ལྟ་བུ་དང་། དེ་དོར་ན་མི་རིགས་དེ་རྩ་བརླགས་འཛིན་པའི་ལྟ་བ་མཁྲེགས་པོ་ཞིག་བཟུང་ཡོད།
བསམ་དགོས་པ་ཞིག་ལ་སྐད་དང་རིགས་གཞུང་ཟེར་བ་དེ་འགྲོ་བ་མི་ཡི་རིགས་ལ་ཕན་ཐོགས་ཀྱི་བྱེད་ལས་དང་ལྡན་པའི་འདུས་བྱས་ཞིག་ལ་ངོས་འཛིན་དགོས། འགྲོ་བ་མི་སུ་གཅིག་ལ་ཕན་ཐོགས་མེད་ན་གསར་གཏོད་ཀྱི་ལམ་བུ་དེ་ནི་མཁྲེགས་འཛིན་གྱི་ལྟ་བའི་ངོ་བོ་རུ་འགྱུར་ཡང་སྲིད། ང་ཚོའི་སྐད་རིག་ནི་འཛམ་གླིང་ཐོག་ལ་ནང་ཆོས་ལ་དོ་སྣང་བྱེད་མཁན་ལ་མེད་དུ་མི་རུང་བ་ཞིག་ཆགས་ཀྱི་ཡོད། མི་རིགས་གཞན་བོད་ཀྱི་སྐད་རིག་སྦྱོང་མཁན་གང་མང་ཡོད་ཀྱང་དཔྱད་ནས་མིག་ལམ་དུ་སྟོན་དགོས་ན། ཕལ་ཆེར་ནང་ཆོས་ལ་དོ་སྣང་བྱེད་མཁན་རྐྱང་རྐྱང་རེད་ལབ་ནའང་ནང་འགལ་མེད་པ་ལྟ་བུ་རེད།

ཟ་འཐུང་སྤྱོད་བྱེད་ཙམ་དང་། ལུས་སྲོག་འཚོ་སྐྱོང་གཅིག་པུའི་ཆེད་དུ་སྐད་རིགས་སྲུང་སྐྱོབ་བྱེད་ན། མ་འོངས་རིགས་རུས་གཅིག་པ་རྣམས་ལ་ཕན་གནོད་གང་ཆེ་ལབ་ཐུབ་ཁག་པོ་རེད། གོ་ལའི་ནང་གི་སྐད་ཁྱབ་ཆེ་ཤོས་ཤིག་ང་ཚོའི་རང་སྐད་འདི་ཆགས་ན་མ་འོངས་པར་གནོད་པ་མེད་པ་མ་ཟད་སྦྱོང་ཚན་ཉུང་བ་སོགས་ཀྱི་དགོས་པ་ཡང་ཡོད། དུས་རབས་ཉི་ཤུའི་ལོ་འགོ་ཙམ་ལ་གོ་ལའི་ཐོག་གཅིག་གྱུར་བྱ་རྒྱུ་ལ་དགའ་མོས་མེད་པ་དང་། འཁྲུག་འཛིང་ལ་དོ་སྣང་ཆེན་པོ་ཡོད། དེང་སང་དེ་ལས་བཟློགས་ཏེ་ནུབ་ཕྱོགས་མཉམ་སྒྲིལ་བཙུགས་པ་སོགས་མིག་མཐོང་ཡིན་པས་གསལ་བཤད་མི་དགོས། ད་དུང་མང་པོ་ལབ་འདོད་ཡོད་ཀྱང་། དུས་དེབ་ཀྱི་ས་ཁྱོན་ལ་དཔག་པས་འདིར་མཇུག་བསྡུས་པ་ཡིན།

ཤོག་ངོས་འདི་ཐེངས་ 313 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་ « སུན་སྣང་། མི་ཚེ་སྐྱིད་གསུམ་སྡུག་གསུམ། »

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

 གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།

རྩོམ་ཡིག་གསར་ཤོས།

ཡ་བཏགས་ལ་དཔྱད་པ་མེས་པོའི་ཞལ་ལུ…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 99

ནགས་ཤོད་སྐལ་རྒྱན། བསླབ་ལ་བརྩོན་པའི་གང་ཟག་གིས། ། དང་པོ་ང་རོ་རྣམས་ལ་སྦྱངས། ། སྔོན་འཇུག་མི... བཀླགས་འཕྲོ...

མཛོད་ལུགས་འདུས་མ་བྱས་ཀྱི་གྲངས་…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 87

ནགས་ཀྱི་ཤིང་ལོ། བརྩེ་ཆེན་ཐུགས་རྗེའི་ཐབས་ཀྱིས་འགྲོ་རྣམས་ཞི་བར་བགྲོད་པའི་ལམ་བསྟན་ནས། ། དྲི... བཀླགས་འཕྲོ...

བོད་ཀྱི་སྐད་ཡིག་དང་འབྲེལ་པའི་༸…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 98

ནག་པོ་བཀྲ་ཤིས། [ནང་དོན་གནད་བསྡུས།] དཔྱད་རྩོམ་འདི་ཉིད་ཀྱི་བརྗོད་དོན་གཙོ་བོ་ནི་དུས་རབས་ཉི་ཤ... བཀླགས་འཕྲོ...

མཆན་མང་ཤོས།