Mon 15 Oct 2012

ཕ་ཡུལ་དུ་ཤེས་ཡོན་དང་སློབ་སྦྱོང་ལ་བསྐུལ་བའི་གཏམ།

ཚད་གཞི།:
(0 འོས་བླུགས།)

ནགས་གྲྭ་མཁས་གྲུབ་ཤེས་རབ་ནས་སྤེལ།།

ཡུལ་སྤྱིའི་གཏམ།འབྲི་ལྗོངས་ཕྱུགས་མོའམ་སྦས་ཡུལ་ནགས་ཀྱི་ལྗོངས་ཞེས་བྱ་བ་ཡུལ་ལུང་གི་བཀོད་པའི་གྲགས་པ་སྲིད་ན་བླ་ན་མཐོ་བ། སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་མཐོང་ཙམ་ཉིད་ནས་སེམས་སུ་རང་ཤུགས་ཀྱིས་སྤྲོ་བ་སྦྱིན་པ། མ་ཟད་དཔལ་དང་འབྱོར་བའི་ལེགས་ཆ་ནི་བརྒྱ་བྱིན་ལྷ་ཡི་ཡུལ་ལ་ཡང་འགྲན་ནུས་པ་ཞིག་ཡོད། འོན་ཀྱང་དེ་ཙམ་གྱིས་ནི་དགའ་རྒྱུ་ཅི་ཞིག་ཡོད་དེ། དེ་ནི་སྣོད་ཀྱི་བཀོད་པའམ་ཁོར་ཡུག་གིས་ལག་རྗེས་ཙམ་ཞིག་རེད། དེ་ཙམ་དུ་མ་ཟད་འབྲི་རུ་རྫོང་འདི་ད་ལྟའི་གནས་སྐབས་སུ་མི་རྣམས་ཀྱིས་ལྷ་ས་ཆུང་བ་ཞེས་འབོད་སྲོལ་ཡོད་པ་བཞིན། ཁོར་ཡུག་གི་གཙང་སྦྲ་དང༌། གྲོང་ཁྱེར་གྱི་བརྗིད་ཉམས། དཔའ་འབྱོར་གྱི་འབྱུང་ཁུངས། ཚོང་ལས་ཀྱི་འཕེལ་ཚད་སོགས་ནི་མི་རྣམས་ཀྱི་བསམ་ཡུལ་ལས་འདས་པ་ཞིག་ཡིན། དེ་ཡང་ཕྱིའི་སྣོད་ལ་བརྟེན་པའི་གྲགས་པ་ཙམ་ལས་ནང་མིའི་ཤེས་ཡོན་དང་བསམ་བློའི་གོ་རྟོགས་སོགས་དང་གཏན་ནས་འབྲེལ་བ་མེད། དེའི་ཕྱིར་དེ་ལ་ཧང་སངས་དགོས་པའི་རྒྱུ་མཚན་ནི་ཅི་ཞིག་ཡོད།

སྤྱི་ཚོགས་སྤྱིའི་གཏམ།
སྤྱི་ཚོགས་སྤྱི་ལ་ཤེས་ཡོན་གྱི་ཆུ་ཚད་དང་ཆོས་དང་བསམ་བློའི་གོ་རྟོགས་གཏན་ནས་མེད་པས་གཞན་ལ་ཕན་པ་སྒྲུབ་པའི་ལྷག་བསམ་མེད་པ། མི་རིགས་ཀྱི་འདུ་ཤེས་མེད་པ། རང་དོན་སྒྲུབ་པའི་རྣམ་དཔྱོད་མེད་པ། རྒྱུ་ནོར་ལོངས་སུ་སྤྱོད་མི་ཤེས་པ། ཆོས་བྱེད་སྟངས་མི་ཤེས་པ་སོགས་གྲངས་མེད་ཅིག་ཡོད། དཔེར་ན་ཡུལ་མི་སྤྱི་ལ་དཔལ་འབྱོར་གྱི་ཚད་གཞི་ཧ་ཅང་ཡག་པོ་ཡོད། མ་ཟད་རྣམ་རིག་ཏོག་ཙམ་རྒོད་པ་དང་ཏོག་ཙམ་འཇོན་མཁན་གྱི་མི་རྣམས་ཀྱིས་ཚོང་ལས་གཉེར་ནས་འབྱོར་པོ་ཆེ་ཆགས་པ་ནི་གྲངས་ཀྱིས་མི་ལང། འོན་ཀྱང་དབུལ་པོ་དང་དེའི་གནས་སུ་གྱུར་བའི་རྒས་འཁོགས་དང་ཕྲུ་གུ། ཁྱད་པར་དུ་བུ་རྒྱུད་མེད་པའི་རྒས་འཁོགས་དང་ཕ་མ་མེད་པའི་ད་ཕྲུག་སོགས་ལ་ལྟ་སྐྱོང་བྱེད་པ། མི་རབས་ཕྱི་མ་རྣམས་ལ་ཤེས་ཡོན་གྱི་མཐུན་རྐྱེན་སྦྱོར་བ་སོགས་ནི་ཕལ་ཆེར་འབྱོར་པོ་ཆེ་དེ་རྣམས་ལ་ཡོད་མྱོང་མེད་པ་ལྟ་བུ་རེད། དེ་ནི་གཞན་ཕན་ལྷག་བསམ་དང་མི་རིགས་ཀྱི་ལྟ་བ་མེད་པའི་སྐྱོན་འབའ་ཞིག་ཏུ་སྣང༌།

ན་གཞོན་གཙོ་བོར་གྱུར་པའི་ཡུལ་མི་སྤྱི་དང་ཁྱད་པར་དུ་འབྱོར་པོ་ཆེ་དེ་དག་ནི་འགྲན་སེམས་ཀྱི་བྲན་དུ་གྱུར་པ་སྟེ། བཅུ་ལ་བརྒྱ་ཡོད་མདོག །བརྒྱ་ལ་སྟོང་ཡོད་མདོག སྟོང་ལ་ཁྲི་ཡོད་མདོག་བྱས་ནས་ཁྱིམ་གཞིས་བཟང་ངན་དང་ཐོག་བརྩེགས་ཁང་ཆེན་སོགས་ལ་འགྲན་པ། གྲགས་རྟགས་ཅན་གྱི་མོ་ཏྲ་དང་འཕྲུལ་ཆས་གོས་སོགས་ལ་འགྲན་པ། མདོར་ན་རྐང་པའི་ཤུབས་ཀྱང་འགྲན་པའི་འགྲན་སེམས་ཀྱི་བྲན་དུ་གྱུར་ཏེ། མཚན་གྱི་རྨི་ལམ་དུ་ཡང་འགྲན་རྩོད་ལ་ཞུགས་བཞིན་ཡོད། གནས་སྟངས་འདིས་མི་རིགས་འདི་ལ་ཤ་ཞེན་ཡོད་མཁན་དག་ལ་སེམས་སྐྱོ་ཚད་མེད་སྐྱེ་རུ་འཇུག་གིན་ཡོད། ཤ་ཞེན་མེད་མཁན་དག་གིས་གནས་སྟངས་འདི་ལ་སེམས་གཏིང་ནས་དགོད་པ་དང༌། རྗེས་ལུས་ཀྱི་མི་རིགས་སུ་འབོད་པ། རང་རེ་ལ་འཕྱ་སྨོད་ཚད་མེད་བྱེད་པ་སོགས་ནི་དངོས་དོན་དང་མཐུན་པ་ཞིག་ཀྱང་ཡིན།

ཡང་རྒན་གཞོན་དང་སྐྱ་སེར་གྱི་དབྱེ་བ་མེད་པར་ཡུལ་ལུང་འདིའི་མི་ཕལ་མོ་ཆེ་རྣམ་ཀུན་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ནི་འདི་ལྟར། ཕ་མ་དང་སྤུན་མཆེད་ཀྱིས་གནང་བའི་སྒོར་མོ་དག་གིས་གྲོང་ཁྱེར་སྐད་གྲགས་གང་ཆེ་རུ་འཁྱམ་ཉུལ་ཡུན་རིང་བྱེད་པ། རྟག་ཏུ་མཚན་ཚོགས་ཁང་དུ་ཞབས་བྲོ་ལ་འགྲོ་བ། གྲགས་རྟགས་ཅན་གྱི་གོས་ལས་གྱོན་སྲོལ་མེད་པ། ཟ་ཁང་གང་རྫིག་ལ་བག་མེད་ལོངས་སྤྱོད་བྱེད་པ། མགྲོན་ཁང་གང་སྐྱིད་དུ་ཞག་སྡོད་དང་ཟླ་སྡོད་བྱེད་པ། བོད་རིགས་ནང་ཁུལ་འཁྲུག་འཛིང་བྱེད་པ་ལ་བག་ཚ་མེད་པ། དཀའ་ལས་མི་ཆོག་ཟེར་ནས་ས་ཞིང་དང་ཕྱུགས་ཟོག་གཏན་མེད་བཟོ་བ། ད་དུང་དེ་དག་ལས་མི་མང་དག་ཅིག་གིས་སྨད་འཚོང་མ་གཙོ་བོར་གྱུར་པའི་མི་འདྲ་མིན་དང་འཁྲིག་སྤྱོད་བྱེད་རྒྱུ་ལ་འཛེམ་ཟོན་མེད་པ། རྒྱུན་དུ་རྒྱན་རྩེད་ལ་རོལ་ནས་བུ་ལོན་ཚེ་འདིར་ཕར་བཞག། །སྐྱེ་བ་ཕྱི་མ་རྣམས་སུ་ཡང་འཇལ་མི་ཐུབ་པ་བཟོ་བ། མི་ འགའ་ཞིག་ལ་བུ་ལོན་སྤྲོད་རྒྱུ་མེད་ཚེ་དེ་དག་གི་ཚེ་སྲོག་ལ་ཡང་རྒོལ་བ་སོགས་ མདོར་ན་ནང་པ་ཡིན་པའི་བྱམས་དང་སྙིང་རྗེའི་དྲི་ཙམ་ཡང་མེད་པ་མ་ཟད་ཡ་རབས་མི་ ཆོས་ཀྱི་དྲི་ཙམ་ཡང་མེད་པར་སྤྱོད་ངན་རྐྱང་རྐྱང་བྱས་ནས་མི་རིགས་གོང་འཕེལ་དང་ མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཚད་མེད་བཟོ་ཡི་ཡོད། འདི་དག་ནི་ཤེས་ཡོན་མེད་པ་དང༌། བསམ་བློའི་གོ་རྟོགས་མེད་པ། རྒྱུ་བེད་སྤྱོད་བྱེད་སྟངས་མ་ཤེས་པ་སོགས་ཀྱི་སྐྱོན་འབའ་ཞིག་གོ །དེ་དག་ལས་སྨད་འཚོང་དག་དང་འབྲེལ་བ་བྱེད་པ་དང་ས་ཞིང་དང་སྒོ་ཕྱུགས་འཚོང་བ་ནི་ཧ་ཅང་གི་ཉེན་ཁ་ཆེན་པོ་ཞིག་ཏུ་སྣང༌། སྨད་འཚོང་ལས་བྱུང་བའི་ནད་རིགས་འགའ་ལ་བཅོས་པའི་ཐབས་མེད། མ་ཟད་ཨེཀ་སི་ཟེར་བའི་ནད་རིགས་དེ་ཕོ་མོ་སུ་འདྲ་ཞིག་ལ་ཡོད་ཚེ་དེ་དང་ལུས་ འབྲེལ་བྱས་ན་དེ་ནི་ནད་དེའི་འབྱུང་ཁུངས་ཤིག་ཏུ་འགྱུར་འགྲོ་ཡི་ཡོད། ན་ཚ་དེའི་རིགས་ཅན་གྱི་མི་དེ་ཚོ། རིང་ན་ལོ་བཅུ་ལས་འཚོ་སྡོད་ཐུབ་ཀྱི་མེད་རབས་ཡང་གླེང་གི་འདུག། །ཕ་ལ་ན་ཚ་དེ་ཡོད་ན་བུ་ལ་ཡོད་ཡོད་དང་མ་ལ་ན་ཚ་དེ་ཡོད་ན་བུ་མོ་ལ་དེ་བཞིན་ཡིན་འདུག །དེར་བརྟེན་གཟབ་གཟབ་མ་བྱས་ན་ནད་དེ་ནི་ཁྱོད་ཀྱི་ཁྱིམ་ཚང་དང་མི་རིགས་རྒྱལ་ཁབ་བཅས་རྩ་མེད་བཟོ་བའི་ནུས་པ་ཅན་དང་ཉེན་ཁ་ཅན་ཞིག་ཡིན། མ་ཚད་ནད་རིགས་དེ་ཅན་གྱི་བོད་པའི་གྲངས་ཚད་ལོ་རེ་ནས་ལོ་རེར་འཕེལ་བཞིན་ཡོད་འདུག་པས་ཧ་ཅང་ནས་ཧ་ཅང་གི་ཉེན་ཁ་ཅན་གྱི་དུས་ཤིག་ཡིན། གལ་སྲིད་གྲོགས་པོ་དང་གྲོགས་མོ་སུ་འདྲ་ཞིག་ཡིན་རུང་རང་གི་ཁྱིམ་ཚང་དང་མི་རིགས་ རྒྱལ་ཁབ་བཅས་ལ་དུང་བ་ཡོད་མཁན་ཞིག་དང་རང་ཉིད་མགྱོགས་མྱུར་དུ་ཤི་བར་མི་འདོད་མཁན་ཞིག་ཡིན་ཕྱིན། བྱ་སྤྱོད་དེ་དག་གཏན་ནས་བྱེད་མི་རུང་བ་ཞིག་ཡིན། ད་ལྟའི་ང་ཚོའི་དཔལ་འབྱོར་འདི་སྤྲང་པོའི་རྨི་ལམ་སྐྱིད་པོ་ཞིག་དང་གཉིས་སུ་མེད་དེ། ང་ ཚོས་རྩྭ་རིགས་གཅིག་ལ་ཡིད་ཆེས་ནས་ས་ཞིང་དང་སྒོ་ཕྱུགས་ཕལ་ཆེར་རྩ་མེད་དུ་བཏང་ཟིན། ཉིན་ཞིག་དབྱར་རྩ་དགུན་འབུ་འདིའི་གནས་སྟངས་འགྱུར་བ་ཞིག་ཕྱིན་ཚེ་ང་ཚོ་ཚང་མ་ དབྱུག་པ་དང་ཕོར་པ་ཁྱེར་ནས་སྤྲང་འཁྱམ་དུ་འགྲོ་ཆོག་ཆོག་གི་གྲ་སྒྲིག་བྱས་ཟིན་པ་དེ་རེད།

དགོན་སྡེ་གྲྭ་ཚང་གི་གཏམ།
དེ་ཡང་རྫོང་འདིའི་ཁོངས་སུ་དགོན་སྡེ་གྲྭ་ཚང་བརྗོད་ཀྱིས་མི་ལང་པ་ཡོད་ལ་དེ་དག་རེ་རེ་ལ་ཡང་ལོ་རྒྱུས་ ཀྱི་བྱུང་རིམ་གཅིག་ལས་གཅིག་ཟབ་པ་རེ་བཤད་རྒྱུ་ཡོད། ཡིན་ན་ཡང་སྤྱི་ཚོགས་ལ་ཕན་བདེ་བསྐྲུན་པ་དང་མི་གཞན་ལ་སློབ་གསོ་བྱེད་པའི་གཞི་རྩའི་ནང་ཆོས་དང་སེམས་ཀྱི་སློབ་སྦྱོང༌། དེང་རབས་སྤྱི་ཚོགས་ཀྱི་སློབ་སྦྱོང་དུ་གྲགས་པ་ཚན་རིག་དང་སྐད་རིགས་འདྲ་མིན་སོགས་ཡག་པོ་ཤེས་པའི་མི་ཞིག་ཕར་བཞག །དགོན་སྡེ་གྲྭ་ཚང་དེ་དག་ཏུ་སློབ་སྦྱོང་བྱས་ནས་ཐ་ན་རང་རེའི་སྐད་ཡིག་ཙམ་ལ་ གོམས་འདྲིས་ཡག་པོ་ཡོད་པའི་མི་ཞིག་ད་ཡོད་མིག་ལམ་དང་སྔར་ཡོད་རྣ་ལམ་དུ་མེད། དེར་ བརྟེན་གྲྭ་པ་གཙོ་བོར་གྱུར་པའི་སེར་མོ་བ་མང་པོ་ཞིག་ནི་མི་རིགས་དང་སྤྱི་ཚོགས་ སུ་གནོད་ཚབས་ཆེ་བ་མ་ཚད་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་བོད་ཀྱི་སེར་མོ་ བའི་སྡེའི་མཚན་སྙན་ལ་གནོད་པའི་ནག་ཉེས་ཅན་ཞིག་ཀྱང་ཡིན་ཏེ། རང་ གི་འོས་འགན་ནང་ཆོས་དང་མི་རིགས་ཀྱི་སྐད་ཡིག་དག་ལ་སློབ་སྦྱོང་གཏན་ནས་མི་བྱེད་ པ་མ་ཟད་རང་ལུས་ཀྱི་ཡན་ལག་ཙམ་ཡང་མི་འགུལ་བར་ཤི་གསོན་གཉིས་ཀྱིས་འབད་པ་བརྒྱ་ ཕྲག་གིས་བསགས་པའི་རྒྱུ་ནོར་ལ་ལོངས་སུ་སྤྱད་དེ་མི་ཚེ་སྐྱེལ་གྱིན་ཡོད། དེ་འདྲའི་མི་དེས་སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་པ་ཕར་བཞག། རང་གི་མི་ཚེ་ཡང་རང་གིས་སྐྱེལ་བའི་ནུས་པ་དང་འཇོན་ཐང་མེད་པ་འདྲ་བོ་རེད། མདོར་ན་ཆོས་དང་འཇིག་རྟེན་གཉིས་ཀའི་ཕྱོགས་ལ་ལྟ་ས་གང་ཡང་མེད།

ཕ་མ་དང་ཁྱིམ་ཚང་གི་གཏམ།
ཕ་མའམ་ཁྱིམ་ཚང་ལས་བུ་རྒྱུད་སློབ་གྲྭ་རུ་གཏོང་མཁན་ཆེས་ཉུང་བའི་ཁར། དེ་དག་ལས་འགའ་ཤས་ཀྱིས་རང་གི་བུ་རྒྱུད་དག་ལ་སློབ་སྦྱོང་བྱས་པ་ལས་ལོ་རེའི་ དབྱར་རྩྭ་དགུན་འབུ་བསྐོས་ནས་ཁྱིམ་ལས་གཉེར་ན་ཁེ་སང་ཆེ་རབས་གླེང་གིན་ཡོད། དེ་དག་ནི་མི་རིགས་འདི་ཇི་ལྟར་རྗེས་ལུས་སུ་གྱུར་པ་དང༌། སྤྱི་ཚོགས་འདིར་ལྷིང་འཇགས་མེད་པའི་རྒྱུ་མཚན། ཕ་མ་དང་བུ་རྒྱུད་ཀྱི་བར་བསམ་ཚུལ་མི་མཐུན་པའི་འགལ་འདུ་སོགས་གང་ལས་འབྱུང་བ་དང༌། དེ་དག་ཇི་ལྟར་སེལ་དགོས་མིན་སོགས་ཕ་མ་དང་ཁྱིམ་ཚང་ཀྱིས་ཕྱོགས་ཙམ་ཡང་མི་ཤེས་པས་ཡིན། ཕ་མ་དང་ཁྱིམ་ཚང་ལ་ཤེས་ཡོན་མེད་པ་ནི་མི་རིགས་ཡར་རྒྱས་ཀྱི་འགལ་རྐྱེན་ཆེ་ཤོས་དེ་ཡིན། གང་གི་ཕྱིར་ན། དེ་ལས་བུ་རྒྱུད་ལ་ཤེས་ཡོན་འབྱུང་གི་མེད། དེ་བཞིན་མི་རིགས་ལ་ཤེས་ཡོན་འབྱུང་གི་མེད། མི་རིགས་ལ་ཤེས་ཡོན་མེད་པ་ནི་མི་རིགས་ཡར་རྒྱས་སུ་མི་འགྲོ་བའི་རྩ་བ་ཡིན། དེ་ ལ་བརྟེན་ནས་བུ་རྒྱུད་སློབ་གྲྭ་རུ་འགྲོ་མཁན་ཆེས་དཀོན་པའི་ཁར། ཁ་ཤས་ཀྱིས་སློབ་གྲྭ་རུ་ཕྱིན་ན་ཡང་ལས་ཀ་མི་རེག་པས་དེ་ལས་ལོ་རེའི་དབྱར་རྩ་ དགུན་འབུས་ལོ་རེའི་འཚོ་བ་གཉེར་ན་ལེགས་རབས་བཤད་པ་སོགས་མདོར་ན་ཡ་ང་ཞིང་ཤ་ཚ་ དགོས་པའི་གླེན་གཏམ་རྐྱང་རྐྱང་བཤད་ནས་འཚོ་བཞིན་ཡོད། དེ་ནི་རྒས་པའི་ཐོག་ལ་རྡོག་བརྫིས་ཟེར་བའི་དཔེ་ལས་སོ་སོར་མེད། གལ་སྲིད་ཁྱོད་ཚོའི་བསམ་ཚུལ་ལ་འགྱུར་བ་གཏན་ནས་མེད་ཚེ་ང་ཚོ་རྗེས་ལུས་ཀྱི་འདམ་ལས་ནམ་ཡང་ལྡོག་པ་ཡོང་མི་སྲིད།

བུ་རྒྱུད་དང་མི་རབས་ཕྱི་མའི་གཏམ།
ང་ཚོ་ནི་ཉིན་ལྟར་འགྲིམ་འགྲུལ་གྱི་གནས་ཚུལ་དང༌། འཁྲུག་འཛིང་གི་གནས་ཚུལ་གྱིས་ན་གཞོན་གཙོ་བོར་གྱུར་པའི་མི་མང་པོ་རྐྱེན་འདས་སུ་འགྲོ་བ། རྐུ་ ཇག་གི་གནས་ཚུལ་གྱིས་སྤྱི་ཚོགས་འདིར་བསམ་ཡུལ་ལས་འདས་པའི་བྱ་སྤྱོད་གདུག་རྩུབ་ ཅན་གྱི་རིགས་མང་པོ་བྱུང་དང་འབྱུང་བཞིན་ཡོད་པ་འདི་མཐའ་དག་བུ་རྒྱུད་དང་མི་རབས་ཕྱི་མ་དག་ལ་སློབ་སྦྱོང་དང༌། ཤེས་ཡོན་གྱི་ཆུ་ཚད། བསམ་བློའི་གོ་རྟོགས་སོགས་མེད་པའི་ལན་པ་འབའ་ཞིག་ཡིན། སྤྱི་ཚོགས་སུ་དཔལ་འབྱོར་གྱི་གནས་སྟངས་གཅིག་པུས་མ་ཡིན་ཏེ། དཔེར་ན་ནུབ་ཕྱོགས་པ་ཚོ་གཙོ་བོར་གྱུར་པའི་ལུང་པ་མང་པོ་དང་མི་རིགས་མང་པོར་དཔལ་འབྱོར་གྱི་ལེགས་ཆ་ང་ཚོ་ལས་བཅུ་འགྱུར་གྱི་བཟང་ན་ཡང༌། ང་ཚོའི་སྤྱི་ཚོགས་ལྟར་ཉིན་ལྟར་ལྷིང་འཇགས་མེད་པའི་གནས་ཚུལ་འདི་འདྲ་ཕལ་ཆེར་མཐོང་རྒྱུ་མེད། དེ་ནི་སྤྱི་ཚོགས་སྤྱི་ལ་སློབ་སྦྱོང་ཡོད་པའི་སྟོབས་ཤུགས་སམ་གྲུབ་འབྲས་ཉག་ཅིག་རེད། དེར་བརྟེན་ངའི་སྙིང་ཉེ་བའི་སྤུན་གྲོགས་ཚོ་འདི་ལྟར་འཚོ་སྡོད་མི་བྱེད་པར་སེམས་རྣལ་དུ་ཕབ་ནས་ལོ་གསུམ་བྱིས་པ་ཡན་ཆད་དང༌། ལོ་རྒན་དྲུག་ཅུ་མན་ཆད་ཀྱི་མི་ཆ་ཚང་གིས་སློབ་སྦྱོང་བྱེད་དགོས་པ་ནི་ཟུར་དུ་མེད་པའི་མི་རིགས་དང་སྤྱི་ཚོགས་ཀྱི་ལས་འགན་ཞིག་ཅིའི་ཕྱིར་མིན། ལྷག་དོན་དུ་ང་ཚོས། མི་ཤེས་ཡོན་ཅན་དག་ལ་མིག་དཔེར་བལྟ་དགོས་ལ་ཁོང་རྣམས་ལ་ང་ཚོས་དུས་རྟག་ཏུ་གུས་བཀུར་དང་བརྩི་འཇོག་བྱེད་དགོས། དཔེར་ན། ན་གཞོན་རྩོམ་པ་པོ་ཟླ་བ་རྡོ་རྗེ་ལྟ་བུ་མི་རིགས་ལ་དུང་བ་ཟབ་པ། དེང་དུས་ཀྱི་ཤེས་ཡོན་དང་སྤྱི་ཚོགས་ཀྱི་གོ་རྟོགས་བསམ་བློའི་ཆུ་ཚད་སོགས་ཚད་ལྡན་ཡོད་པ། དེ་ཙམ་དུ་མ་ཟད་སྙིང་སྟོབས་དང་ལྷག་བསམ་སོགས་ནི་ང་ཚོས་ཡི་རངས་བྱེད་འོས་ཤིག་དང་མིག་དཔེར་ལྟ་འོས་ཤིག་ཡིན་འདུག །འོན་ཀྱང་ལོ་ཤས་སྔོན་ནས་ང་ཚོའི་ལུང་པའི་མི་གཙོ་བོར་གྱུར་པའི་མི་མང་པོ་ཞིག་གིས་ དེ་ལས་ལྡོག་སྟེ་ཁོང་ནི་བདུད་ཀྱི་སྤྲུལ་པ་དང་འདྲེ་གསོན་པོ་ཞིག་ཏུ་མཐོང་གི་ ཡོད་འདུག་པ་ནི་ཚད་བརྒལ་གྱི་སེམས་སྐྱོའི་གནས་སྟངས་ལས་མ་འདས། ཁོང་གིས་ཆོས་ཁས་ལེན་མི་ལེན་ངས་གང་ཡང་མི་ཤེས་ཀྱང་དེ་ནི་ཁོང་གི་འདོད་པ་རེད། འོན་ ཀྱང་ཁོང་གི་རྩོམ་ཡིག་དག་དང་ཁོང་གི་མི་རིགས་ཀྱི་ལྟ་གྲུབ་ཁོང་གི་ལྷག་བསམ་ཁོང་ གི་སྙིང་སྟོབས་སོགས་ནི་ང་ཚོའི་མི་རིགས་དང་ང་ཚོའི་སྤྱི་ཚོགས་སུ་མེད་དུ་མི་རུང་བའི་གལ་ཆེ་རྐྱང་རྐྱང་ཡིན། མི་ ཕ་རོལ་པོ་དེས་ཆོས་ཁས་མི་ལེན་ན་མི་དེ་སྡུག་ཅག་ཅིག་ཏུ་ངོས་འཛིན་བྱེད་པ་ནི་སོ་ སོ་རང་ཉིད་ལ་ཆོས་ཀྱི་གོ་རྟོགས་ཕྱོགས་ཙམ་ཡང་མེད་པའི་གླེན་རྟགས་རྣལ་མ་ཞིག་ཡིན། སྤྱིར་བཏང་ད་ལྟའི་ང་ཚོའི་སྤྱི་ཚོགས་སུ་མི་ཕལ་མོ་ཆེས། སོ་སོ་མི་རིགས་ཀྱི་ལ་རྒྱ་འགྱུར་བ་མེད་པའི་བོད་པ་ཞིག་དང༌། ཆོས་ལ་ཡིད་ཆེས་ཅན་གྱི་ནང་པ་ཞིག་ཡིན་པར་འདོད་ཀྱིན་ཡོད། འོན་ ཀྱང་དོན་དངོས་ཐོག་རང་ཉིད་ཀྱིས་ལ་རྒྱ་འདོད་ན་ཤེས་རིག་སློབ་སྦྱོང་བྱེད་དགོས་ པ་ལ་དེ་ལས་ལྡོག་སྟེ་མི་རིགས་འདིའི་མཚན་སྙན་ལ་གནོད་པའི་ལས་ངན་མང་དག་ཅིག་ བྱེད་བཞིན་ཡོད་པ་ལ་ཚོར་བ་གཏན་ནས་མེད། མི་རབས་གོང་མའི་ཡ་རབས་སྤྱོད་བཟང་ཡོངས་སུ་རྫོགས་པ་དོར་ནས་རྒྱུན་དུ་ཆང་རག་བཏུངས་ནས་ཚུལ་མཐུན་མིན་པའི་བྱ་སྤྱོད་རྐྱང་རྐྱང་བྱེད་བཞིན་ཡོད།

ཆོས་བྱེད་སྟངས་ལས་འཕྲོས་པའི་གཏམ།
སྔར་གྱི་དཔེ་ལ། ལྟོགས་ན་རྐུ་དང་རྒྱགས་ན་ཆོས་ཟེར་བ་ལྟར་ད་ལྟའི་ཆར་མི་ཕལ་ཆེ་བ་ཆོས་ཟེར་ནས་བླ་མ་འདྲ་མིན་ལས་ཆོས་ཉན་པ་དང་དབང་ཞུ་བ། ཟླ་བ་མང་པོར་ཕྱག་འཚལ་ནས་ལྷ་ས་ལ་འགྲོ་བ། འགྲོ་སོང་ཚད་མེད་བཏང་སྟེ་གསེར་ཟངས་ཀྱི་སྐུ་འདྲ་དང༌། གོས་ཆེན་ཀྱི་ཐང་ཀ་བཞེངས་ནས་ལྷ་སྡེ་དགོན་གསུམ་དུ་འཇོག་པ་སོགས་རྣམ་གྲངས་མང་དག་ཅིག་ཡོད། དེ་ཙམ་གྱིས་ཆོས་སུ་འགྲོ་མིན་དང་སོང་ཡང་དགོས་པ་དེ་ཙམ་ཡོད་མིན་སོགས་ཤོད་དཀའ་བ་ཡིན། ངས་བལྟས་ན་དགོས་པའི་སྤྱི་ཚོགས་འཆམ་མཐུན་དང༌། མི་རིགས་མཐུན་སྒྲིལ། ཤེས་ཡོན་སློབ་སྦྱོང་སོགས་མི་བྱེད་པར་མ་ཟད་བྱེད་རྒྱུ་མང་བ་དེ་དག །ཕལ་ཆེར་འགྲན་རྩོད་རང་ཡིན་པ་དང༌། འགའ་ཞིག་བརྒྱག་དྲགས་པས་འུར་འདྲོག་ཅིག་ཀྱང་མཐོང༌། མ་ ཚད་ང་ཚོས་མི་རབས་ནས་བསགས་པའི་གསེར་དངུལ་དང་རིན་ཆེན་རིགས་ཡོངས་རྫོགས་ལྷ་སྡེ་ དགོན་གསུམ་དུ་དངོས་རྫས་འདྲ་མིན་ཆེ་ཆུང་སྣ་ཚོགས་བཟོས་ནས་སྤུངས་འཇོག་པའི་སྲོལ་ཞིག་སྔར་ནས་ཡོད། དེ་དག་མཐའ་གཅིག་ཏུ་ཡག་པོ་མ་རེད་ལབ་ན་ཁྱེད་ཅག་རྣ་བར་མི་འགྲོ་མོད། འོན་ ཀྱང་ངའི་བསམ་ཚུལ་ལ་གལ་སྲིད་ཁྱོད་ཀྱིས་བཏང་བའི་རྒྱུ་ནོར་གལ་ཆེན་དེ་དག་གང་དུ་ ཕན་ཐོགས་ཆེ་བ་དེ་རུ་གཏང་ན་དགོས་པ་ཆེ་བས་དགེ་བ་ལ་དམིགས་པ་ཡིན་ན། ལྷག་པར་དུ་དེ་རུ་གཏང་དགོས་ངེས་ཡིན། གལ་ཏེ་དེ་འདྲའི་སྲོལ་དེ་མེད་ན་རྒྱུ་ནོར་དེ་དག་སྤྱི་ཚོགས་འདིར་བཀོལ་སྤྱོད་བྱས་ པ་ལས་གཙོ་བོ་དཔལ་འབྱོར་དང་ཤེས་ཡོན་ཀྱི་མཐུན་རྐྱེན་སོགས་སོང་ཡོད། ཕལ་པ་དབུལ་པོ་དང་ཉམ་ཐག་དག་ལ་ཕན་ཐོགས་གཏན་གཏན་བྱུང་ཡོད་པ་ཐེ་ཚོམ་གྱི་གནས་ལས་འདས། དེའི་ཕྱིར་གོམས་སྲོལ་དེས་མི་རིགས་འདི་དང་སྤྱི་ཚོགས་འདིར་གནོད་པ་ཆེན་པོ་བཟོས་ཡོད་པ་མཁས་པས་མ་བཤད་ཀྱང་གླེན་པའི་མཐོང་ཆོས་སུ་གྱུར་ཟིན། འདི་དག་ནི་ཆོས་བྱེད་སྟངས་མ་ཤེས་པའི་ནག་ཉེས་ཁོ་ན་ཡིན། དེར་བརྟེན་ང་རང་ལོ་མང་ཆོས་ལ་སྦྱོང་པ་བྱེད་མྱོང་བའི་མི་ཞིག་གི་ངོས་ནས་དེའི་སྐོར་ཅུང་ཟད་གླེང་བའི་དབང་དུ་གཏང་ན། དང་པོ་གསང་སྔགས་ཀྱི་ཆོས་གཙོ་བོར་གྱུར་པའི་ཆོས་ཕྱོགས་སྤྱི་ནས་བཤད་སྲོལ་ལ། བླ་ མ་བསྟེན་པའི་ཕན་ཡོན་དང་མ་བསྟེན་པའི་ཉེས་དམིགས་སོགས་ལ་བློས་ལེགས་པར་གཞིག་ན། བླ་མ་རེད་ཟེར་ཚད་ལས་ཆོས་དང་དབང་ཞུ་ཆོག་ཆོག་བྱེད་མི་རུང༌། མ་ཟད་དེ་ནི་ཆོས་ཕྱོགས་ནས་བཤད་ན་ཧ་ཅང་གི་ཉེན་ཁ་ཆེ་བའི་གནས་ཤིག་ཀྱང་ཡིན། གཉིས་ པ་སྤྱིར་སངས་རྒྱས་ཉིད་ཀྱིས་གསུང་ལས། ཡར་དཀོན་མཆོག་ལ་མཆོད་པ་ལས་མར་དབུལ་པོ་ལ་སྦྱིན་པ་དེ་ཕན་ཡོན་ཆེ་བར་གསུངས་ འདུག་ཀྱང་ང་ཚོའི་བྱེད་སྟངས་ནི་དེ་ལས་འགོ་འཇུག་ལྡོག་སྟེ་ཡིན་འདུག དེ་ནི་ང་ཚོས་ང་ཚོའི་དཀོན་མཆོག་གི་ངོ་བོ་ལ་གོ་བ་ཙམ་ཡང་མེད་པའི་རྟགས་གསལ་བོ་ཞིག་ཡིན། གལ་སྲིད་ང་ཚོའི་དཀོན་མཆོག་དེ། ང་ཚོ་ནང་བཞིན་གྱི་གང་ཟག་ཡིན་ན། ཁོ་ལ་ཇི་ཙམ་འབུལ་མང་བ་དེ་ཙམ་གྱིས་ཁྱོད་ལ་རོགས་བྱེད་སྲིད། འོན་ཀྱང་ང་ཚོའི་དཀོན་མཆོག་ནི་དེ་ལས་ལྡོག་པ་སྟེ། མ་ གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བརྩེ་བ་མཐར་ཕྱིན་པ་དང༌། ཉེ་རིང་ཆགས་སྡང་བྲལ་ཟིན་པས་སེམས་ཅན་ལ་ཕན་པ་ཇི་ཙམ་མང་བ་སྒྲུབ་པ་དེ་ཙམ་གྱིས་ ཁྱོད་ལ་ཐུགས་དགྱེས་པར་འགྱུར་བ་ཡིན། གོམས་གཤིས་ངན་པ་དེའི་ཤུགས་ཀྱིས་ད་ལྟའི་ཆར་དགོན་པ་ཚོ་ནི་རྒྱུ་ཆེ་བ་ལས། སྒྲིག་ལམ་དང་སློབ་གཉེར་ཁུངས་འཁྱོལ་བ་ཞིག་ངའི་ཕ་ཡུལ་འབྲི་རུ་རྫོང་ཁོངས་སུ་ནམ་མཁའི་པདྨ་དཀར་པོ་འདབ་མ་བརྒྱད་ལྡན་དང་གཉིས་སུ་མི་སྣང༌། གྲྭ་པ་དག་ཀྱང་མོ་ཏྲ་དང་སྦག་སྦག་བཏང་ནས་རྫིག་མདོག་གིས་མི་ཚོགས་གང་མང་དུ་འཁྱམ་ ཉུལ་བྱེད་རྒྱུ་ལས། གྲྭ་པ་ཡིན་བསམ་པའི་བློ་ཙམ་ཡང་ཕལ་ཆེར་ལ་མེད་པ་མ་ཟད། ད་དུང་བུ་མོ་ན་གཞོན་གཙོ་བོར་གྱུར་པའི་མི་མང་པོའི་སེམས་སུ་ཡང་བག་ཆགས་ངན་པ་གཏིང་ཟབ་བཞག་ཟིན་འདུག རྒྱུ་མཚན་དེ་ཕྱིར་གྲྭ་རྒོད་དག་ནི་བུ་མོ་ཚོའི་འགྲོག་བདེ་དང༌། དགའ་མོས་ཆེ་ཤོས་ཅན་ཞིག་ཏུ་གྱུར་ཡོད་འདུག་པ་ནི་དངོས་དོན་ཁོ་ན་ཡིན། བརྒྱུད་ རིམ་དེ་ལས་སྲོག་ལ་བབས་ཀྱང་མི་གཏང་པར་ཁས་བླངས་བའི་ནོར་བུ་ལྟ་བུའི་བསླབ་པ་རིན་པོ་ཆེ་འདི་ཡང་དེ་ ནས་རིམ་བཞིན་ཉིན་རེ་ནས་ཉིན་རེར་ཇེ་ཆུང་ནས་ཇེ་ཆུང་དུ་ཕྱིན་ཏེ་མཐར་མི་མངོན་པར་ཆགས་ཀྱིན་ཡོད་འདུག སྔར་ དུས་སུ་གྲྭ་ལོག་ཟེར་ན་སྤྱི་ཚོགས་འདིར་མི་ནག་ཉེས་ཆེན་པོ་ཞིག་ཏུ་བརྩི་སྲོལ་ཡོད་ཀྱང་ད་ལྟའི་ཆར། སུ་གྲྭ་ལོག་ཡིན་མིན་དང་སུ་ཨ་ལོག་ཡིན་མིན་ཁྱད་པར་དབྱེ་དཀའ་བས་གོམས་སྲོལ་དེ་གཏན་མེད་དུ་གྱུར་ཟིན། ད་དུང་སྔར་གྱི་སྲོལ་བཟང་ལ་བུ་ཕྲུག་ཆུང་ནས་ཕ་མས་གཅེས་སྐྱོང་བྱེད་པ་དང་ཕ་མ་ རྒས་དུས་བུ་རྒྱུད་ཀྱིས་ལྟ་སྐྱོང་བྱེད་པ་སོགས་བོད་ལུགས་ཀྱི་སྲོལ་བཟང་ཕལ་ཆེར་ ད་ལྟའི་ཆར་ལོ་རྒྱུས་ཙམ་ལས་མིག་ལམ་ལས་འདས། ད་ལྟའི་སྤྱི་ཚོགས་འདིར་སྲོལ་གསར་འགའ་ཡོད་འདུག་པ་ནི། ཕ་མ་རྒན་འཁོགས་དག་བུ་རྒྱུད་ཚོའི་ཆེད་དུ་མི་ཚེ་གང་བོར་གཡོག་བརྒྱུག་རྒྱུ་དང༌། བུ་རྒྱུད་ཚོ་སྐྱིད་པོ་རྐྱང་རྐྱང་བཏང་ནས་འཁྱམ་ཉུལ་བྱེད་རྒྱུ་དེ་ཡིན་འདུག་ པས་ཕ་མ་ལ་བུ་རྒྱུད་ཀྱིས་ལྟ་སྐྱོང་རག་མཁན་མེད་པར་བཤད་ཀྱང་མི་ཆོག་པ་མེད་པ་འདྲ། མདོར་ན་འདི་ལྟ་བུའི་སྡིག་ཉེས་དང་འགལ་འདུ་སྐྱོན་ཆ་བཅས་ནི་གང་ལས་འབྱུང་བའི་རྒྱུ་སློབ་སྦྱོང་མེད་པ་ཁོ་ན་ཡིན། གལ་སྲིད་ཁྱོད་ལ་ལ་རྒྱ་ཡོད་ན་སློབ་སྦྱོང་བྱེད་དགོས་ལ་ཁྱོད་ནང་པ་ཡང་དག་ཅིག་བྱེད་པར་འདོད་ན་ཡང་སློབ་སྦྱོང་བྱེད་དགོས། མདོར་ན་ང་དང་ཁྱོད་གཞན་དག་སུ་ཡིན་ཀྱང་རུང་སློབ་སྦྱོང་མ་བྱས་ན་འོད་ཟེར་དང་གཟི་བརྗིད་ལྡན་པའི་མདུན་ལམ་གང་ཡང་འབྱུང་ཐབས་མེད། མ་ཚད་སློབ་སྦྱོང་མ་བྱས་ན་མི་གྲལ་ལས་ཀྱང་བུད་འགྲོ་བས། རྗེས་ལུས་ཀྱི་གནས་ལས་ནམ་ཡང་གྲོལ་བའི་ཐབས་མེད། དེའི་ ཕྱིར་ང་ཚོ་དང་ང་ཚོའི་མི་རབས་ཕྱི་མ་ཕྱི་མ་ནས་ཕྱི་མར་བརྒྱུད་དེ་སློབ་སྦྱོང་ གོང་འཕེལ་བཏང་ནས་ང་ཚོའི་མི་རིགས་འདི་ནམ་ཞིག་སློབ་སྦྱོང་ཡར་ཐོན་ཅན་ཞིག་ཆགས་ཐུབ་པ་བྱེད་དགོས། གང་གི་ཚེ་ང་ཚོའི་མི་རིགས་འདི་དང་སྤྱི་ཚོགས་འདི་སློབ་སྦྱོང་ཡར་ཐོན་ཅན་ཞིག་ཆགས་པ་དེའི་ཚེ། ང་ཚོའི་མི་རིགས་འདི་དང་སྤྱི་ཚོགས་འདི་ཡར་ཐོན་ཅན་ཞིག་ཆགས་པ་ཡིན།

ཁ་ནས་བཤད་ཙམ་མ་ཡིན་སེམས་ཤུགས་ཡོད།   །ཁ་གདོང་དམར་པོ་ཙམ་མིན་རིགས་ཞེན་ཡོད།།
ཁ་བའི་མིང་ཙམ་མི་འཛིན་དམ་བཅའ་ཡོད།   །ཁ་གསལ་བློ་གསལ་ཅན་གྱི་བོད་རིགས་ཡིན།།

ཤོག་ངོས་འདི་ཐེངས་ 346 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་ « མི་ཚེ་སྐྱིད་གསུམ་སྡུག་གསུམ།

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

 གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།

རྩོམ་ཡིག་གསར་ཤོས།

ཡ་བཏགས་ལ་དཔྱད་པ་མེས་པོའི་ཞལ་ལུ…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 99

ནགས་ཤོད་སྐལ་རྒྱན། བསླབ་ལ་བརྩོན་པའི་གང་ཟག་གིས། ། དང་པོ་ང་རོ་རྣམས་ལ་སྦྱངས། ། སྔོན་འཇུག་མི... བཀླགས་འཕྲོ...

མཛོད་ལུགས་འདུས་མ་བྱས་ཀྱི་གྲངས་…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 87

ནགས་ཀྱི་ཤིང་ལོ། བརྩེ་ཆེན་ཐུགས་རྗེའི་ཐབས་ཀྱིས་འགྲོ་རྣམས་ཞི་བར་བགྲོད་པའི་ལམ་བསྟན་ནས། ། དྲི... བཀླགས་འཕྲོ...

བོད་ཀྱི་སྐད་ཡིག་དང་འབྲེལ་པའི་༸…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 97

ནག་པོ་བཀྲ་ཤིས། [ནང་དོན་གནད་བསྡུས།] དཔྱད་རྩོམ་འདི་ཉིད་ཀྱི་བརྗོད་དོན་གཙོ་བོ་ནི་དུས་རབས་ཉི་ཤ... བཀླགས་འཕྲོ...

མཆན་མང་ཤོས།