Wed 02 Aug 2017
རྟོག་ངོར་ཤར་བའི་སྔོ་ལྗང་གི་འཇིག་རྟེན།
ནགས་ཤོད་ལྷ་རབས་དགེ་བཤེས་བློ་བཟང་ཕུན་ཚོགས།
གོ་ལ་ཡི་འཇིག་རྟེན་འདི།། འོ་ཅག་ཚོའི་ཁྱིམ་གཞིས་ཏེ།།
ཚེ་སྲོག་གི་འཚོ་གནས་དང༌།། བདེ་སྐྱིད་ཀྱི་འབྱུང་ཁུངས་ཡིན།།
སྤང་ཁ་ལ་གཅེས་སྲུང་དང༌།། ཤིང་ནགས་རིགས་འདེབས་འཛུགས་གནང༌།།
ཡིད་དབང་གི་འཇིག་རྟེན་འདིའི།། ཁོར་ཡུག་ལ་གཅེས་སྐྱོང་གྱིས།།
ལྗོན་ཤིང་གི་ང་ཚོ་ལ།། སྲོག་དབུགས་ཀྱི་དྭངས་མ་སྦྱིན།།
རང་བྱུང་གི་གནོད་འཚེ་འགོག ། བག་ཕེབས་ཀྱི་སྤྲོ་སྣང་སྟེར།།
ལྗོན་ཤིང་གིས་སྤྲིན་རྣམས་སྡུད།། ལྗོན་ཤིང་གིས་ཆར་ཆུ་འབེབས།།
ལྗོན་ཤིང་གིས་སད་སེར་འགོག ། ལྗོན་ཤིང་གིས་དྲོད་ཁོལ་སྦྱིན།།
ལྗོན་ཤིང་གིས་གངས་ཞོད་འགོག།། ལྗོན་ཤིང་གིས་རླུང་ཐན་འགོག །
ལྗོན་ཤིང་གིས་གྲིབ་བསིལ་སྦྱིན།། ལྗོན་ཤིང་གིས་འཚོ་རླུང་སྦྱིན།།
ལྗོན་ཤིང་གི་ཡོན་ཏན་རྣམས།། ཞིབ་མོ་རུ་འབྲི་བ་ལ།།
ཁོ་བོ་ལ་སྣག་ཤོག་གིས།། འདངས་ངེས་སུ་མི་འདུག་ལགས།།
རླབས་ཆེན་གྱི་དགེ་སྦྱོར་ལ།། འཇུག་པར་དེ་འདོད་པ་ན།།
ཀུན་ཕན་གྱི་བྱ་བ་ཆེ།། ཤིང་སྣ་དེ་འདེབས་འཛུགས་གནང༌།།
སྔོན་བྱུང་གི་ཐུབ་པ་མཆོག།། ལྗོན་ཤིང་གི་གྲིབ་བསིལ་འོག །
ལྷ་མོ་དེ་སྒྱུ་འཕྲུལ་ལས།། མཛེས་སྐུ་དེ་མངོན་པར་བལྟམས།།
རབ་བྱུང་གི་གཙུག་ཕུད་ཀྱང་།། ལྗོན་ཤིང་གི་དྲུང་དུ་བྲེགས།།
ངུར་སྨྲིག་གི་གོས་བཟང་ཡང་།། ལྗོན་ཤིང་གི་དྲུང་དུ་གོན།།
ལོ་དྲུག་གི་དཀའ་བ་ཡང༌།། ལྗོན་ཤིང་གི་དྲུང་དུ་སྤྱད།།
མངོན་སངས་དེ་རྒྱས་པའི་ཚུལ།། ལྗོན་ཤིང་གི་དྲུང་དུ་བསྟན།།
གདུལ་བྱ་ལ་དམ་པའི་ཆོས།། ལྗོན་ཤིང་གི་དྲུང་དུ་གསུངས།།
མཐའ་མ་ཡི་མཛད་པ་ཡང༌།། ལྗོན་ཤིང་གི་དྲུང་དུ་རྫོགས།།
བདག་ཅག་གི་སྟོན་པ་ཡིས།། ལྗོན་ཤིང་ལ་གཅེས་པ་འདི།།
ལྗོན་ཤིང་གིས་སྐྱེ་འགྲོ་ལ།། ཕན་རླབས་དེ་ཆེ་བས་ཡིན།།
ཉ་སྟོང་དང་ཚེས་བཟང་སྐབས།། རི་འགོ་ལ་དར་འདོགས་དང་།།
རླུང་རྟ་དེ་གཏོར་བ་ལས།། ལྗོན་ཤིང་དེ་འདེབས་འཛུགས་བཟང་།།
རྩི་ཤིང་དང་སྤང་ལྗོངས་སོགས།། བཀོག་ཡག་དེ་མ་གཏོགས་པར།།
འདེབས་འཛུགས་སོགས་མི་བྱེད་པའི།། གོམས་གཤིས་འདི་བཟང་པོ་མིན།།
མདོ་སྨད་ཀྱི་ཡུལ་གྲུ་འགར།། སྔོན་མེད་ཀྱི་ནགས་ཚལ་དང་།།
སྔོན་མེད་ཀྱི་སྤང་ལྗོངས་སོགས།། གསར་བསྐྲུན་ལ་མིག་དཔེ་ལྟོས།།
སྔོ་ལྗང་གི་འཇིག་རྟེན་ལ།། མི་འདོད་པ་སུ་ཡང་མེད།།
འདོད་དོན་ལྟར་འགྲུབ་པ་ལ།། འབད་འབད་དང་འབུང་འབུང་དགོས།།
འགྱིག་ཤོག་དང་གད་སྙིགས་རིགས།།གང་བྱུང་དུ་མ་གཡུག་པར།།
སྙིགས་དོར་གྱི་སྣོད་ཆས་སུ།།ངེས་པར་དུ་བླུགས་རོགས་གནང༌།།
རྩྭ་ཆུ་དང་ལྡན་པའི་སར།། འགྱིག་ཤོག་གི་རིགས་རྣམས་ཀུན།།
ས་འོག་ཏུ་མ་སྦས་རོགས།། དུག་རིགས་ཀྱི་གནོད་པ་གདའ།།
འགྱིག་ཤོག་གི་རིགས་འདི་ཀུན།། མེར་སྲེག་ཏུ་གཏོང་བ་དང༌།།
ཆུ་བོ་ལ་སྐྱུར་ཡང་རུང༌།། དུག་ནུས་ལ་འགོག་ཏུ་མེད།།
ནུབ་ཕྱོགས་ཀྱི་ལུང་པ་རུ།། འགྱིག་ཤོག་གི་སྣོད་ཆས་རྣམས།།
ཁྲིམས་མཐུན་གྱིས་བཀག་པ་འདི།། སྐྱེ་འགྲོ་ལ་ཕན་ནུས་ཆེ།།
རྩྭ་མེད་དང་ཆུ་མེད་ཀྱི།། མྱ་ངམ་གྱི་ཐང་སྟོང་དུ།།
དོང་བ་དེ་དྲུས་བྱས་ནས།། གད་སྙིགས་རྣམས་དེ་རུ་དོར།།
ཚན་རིག་གི་མཁས་དབང་འགས།། གད་སྙིགས་རྣམས་ཕྱེ་མ་རུ།།
བཏགས་ནས་དེ་རུལ་བ་ན།།ཞིང་ལུད་ལ་ཕན་པར་བཤད།།
གངས་རི་ཡི་ཡུལ་ལྗོངས་འདི།། ཤར་གླིང་གི་གཙུག་ཕུད་དང༌།།
ཆུ་ཆེན་གྱི་འབྱུང་ཁུངས་ཡིན།། འདི་ཉིད་ལ་གཅེས་སྤྲས་འོས།།
མཐོ་སྒང་གི་འཇིག་རྟེན་འདི།། འབག་གཙོག་ཏུ་ཕྱིན་པ་ན།།
འདབས་འབྲེལ་དུ་གནས་པ་རྣམས།། བདེ་བདེ་ཞིག་ཡོང་དོན་མེད།།
མགོ་བོ་ལ་སྐྱོན་ཤོར་ན།། འདབས་འབྲེལ་དུ་གནས་པ་ཡི།།
ལུས་ཁམས་ཀྱི་ཆ་ཀུན་ལ།། གནོད་ལུགས་ཀྱི་དཔེ་འདིས་མཚོན།།
ནུབ་ཕྱོགས་ཀྱི་ཨ་རི་ཡི།། ཡར་ཐོན་ལ་ཡིད་སྨོན་ཡང༌།།
དོན་དངོས་ལ་ས་གཏེར་རྣམས།། བག་མེད་དུ་སྤྱད་པས་ཡིན།།
ཁྲེལ་མེད་ཀྱི་མི་རབས་འདིས།། མ་འོངས་ཀྱི་མི་རིགས་ལ།།
དབུལ་ཕོངས་ཀྱི་སྡུག་བསྔལ་སྤྲད།། ཚེ་སྲོག་གི་འཚོ་གནས་བཅོམ།།
འདངས་འདངས་ལ་མི་སེམས་པར།། ཡོད་ཡོད་ཚེ་མང་མང་ཟ།།
ནམ་ནམ་ཞིག་རྫོགས་པའི་དུས།། ལྟོག་ལྟོག་ངང་སྡོད་ལ་ལྟོས།།
དངས་གཙང་གི་ཆུ་མིག་རྣམས།། མ་སྙོག་དེ་གཅེས་ཉར་གྱིས།།
རིན་མེད་ཀྱི་ཆུ་གཏེར་ནི།། འཛམ་གླིང་འདིར་བོད་ཡུལ་ཙམ།།
མཚོ་གཏེར་ནི་འབུལ་ཡོད་ཅེས།། མཚོ་མོ་འདི་སྙོག་ལ་ལྟོས།།
ལྐུགས་པ་ཡི་རྨོངས་དད་ཀྱིས།། སྣོད་བཅུད་ལ་གནོད་འདི་ཕོངས།།
ལུས་ཁམས་ལ་བདེ་ཐང་དང༌།། མི་ཚེ་དེ་རིང་པོའི་ཆེད།།
བཟའ་བཏུང་ལ་སྤྱོད་མཁས་དང༌།། ལུས་པོ་ལ་རྩལ་སྦྱང་གྱིས།།
དེང་དུས་སུ་རྫས་བསྒྱུར་གྱི།། སྣ་མང་གི་བྲོ་རྫས་དང༌།།
སྲེ་སྦྱོར་དེ་བྱེད་པ་ཡི།། ཟས་རིགས་དེ་མ་མཆོད་རོགས།།
རྫས་སྦྱོར་གྱི་སྨན་སྣ་དག།། ཁ་ལ་དེ་ཞིམ་ན་ཡང༌།།
ཚེ་སྲོག་ལ་རྒོལ་བྱེད་ཀྱི།། མི་མངོན་པའི་འཇབ་མདའ་ཡིན།།
ཞག་རྩི་དང་མངར་མངར་རིགས།། ཟ་འཐུང་དེ་མང་དྲགས་ན།།
ཁྲག་ཤེད་དང་གཅིན་མངར་གྱི།། ན་ན་དང་ཚ་ཚ་འཕེལ།།
མགྱོགས་མགྱོགས་དང་མྱུར་མྱུར་དུ།། འཆི་ལམ་དུ་གཏོང་མཁན་གྱི།།
ཐ་མ་དང་ཨ་རག་རིགས།། དུག་རྫས་ལྟར་རིང་དུ་སྤོངས།།
ནམ་ཞག་དེ་རྒྱུན་དུ་ནི།། རང་རང་གི་གཟུགས་པོ་ལ།།
གང་འཕྲོད་དེ་རང་གིས་ཤེས།། འཕྲོད་པ་རྣམས་བསྟེན་པ་གལ།།
ན་ཚ་དེ་ཆུང་ཆུང་ཡང༌།། སྣང་མེད་དེ་མ་བཞག་པར།།
ཚད་ལྡན་གྱི་སྨན་པ་དང༌།། སྨན་ཁང་ལ་བསྟེན་པ་གལ།།
གོང་གོང་དུ་ཞུས་པ་རྣམས།། དེ་དེ་བཞིན་བསྒྲུབ་ཐུབ་ན།།
རང་རང་གི་སྐུ་ཚེ་ཡི།། ཚེ་སྒྲུབ་ཀྱང་དེ་གས་འཐུས།།
ནོར་མེད་ཀྱི་སྤྲང་འཁྱམ་གྱིས།། དོན་མེད་ཀྱི་སྟོང་བཤད་འདི།།
སྣང་མེད་དུ་མ་བཞག་པར།། ཉན་ན་དེ་ཕན་པར་སྲིད།།
ཤོག་ངོས་འདི་ཐེངས་ 2926 བཀླགས་འདུག
སྡེ་ཚན།
བསླབ་བྱ།
ནགས་ལྷ་དྲ་མཛོད།
ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།
གསར་ཤོས་དག : ནགས་ལྷ་དྲ་མཛོད།
སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་
« ཁོང་ཙིའི་སློབ་མའི་བསླབ་བྱ་གསལ་བར་འཆར་བའི་མེ་ལོང་།
བོད་པའི་གླུ་མཁན་ལགས། »
དཔྱད་མཆན་འགོད་ས།
རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།
གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།
སྣ་ཚོགས་གསར་ཤོས།
བུད་མེད་ཀྱི་ནུས་སྟོབས།
སྡེ་ཚན། རྒྱུན་ཤེས། | ཟླ་ཚེས་ 28-07-2023 | ཀློག་གྲངས། 101
ནགས་ཤོད་ཅོང་བརྡ། རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག ། རྩོམ་འདིའ... བཀླགས་འཕྲོ...
ནགས་ཤོད་འབྲི་རུའི་གཏམ་དཔེ།
སྡེ་ཚན། རྒྱུན་ཤེས། | ཟླ་ཚེས་ 28-07-2023 | ཀློག་གྲངས། 102
སྡུད་སྒྲིག་པ། ནགས་རྒྱང་འབྲུག ༈ [1]གཏམ་རིན་ཆེན་སྣ་ལྔ་བསླབས་ཀྱང་མི་ཤེས། །འཇའ་ཁ་དོག་སྣ་ལྔ་དེ... བཀླགས་འཕྲོ...
ཁྱིམ་ཚང་གི་བདེ་ཐབས་སྐོར།
སྡེ་ཚན། བསླབ་བྱ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 94
དགའ་ཤར་ནགས་ཤོད་དགེ་བཤེས་ལྷ་རམས་པ་བློ་བཟང་ཕུན་ཚོགས། མི་ཚེའི་བདེ་སྐྱིད་དོན་དུ་གཉེར་མཁན་ཞིག་... བཀླགས་འཕྲོ...
རིས་མེད་བྱེད་དགོས།
འབྲོང་ངུར་ཕོ་ཉ། རིས་མེད་ཀྱི་ཐ་སྙད། རིས་མེད་ཅེས་པའི་ཚིག་འདི་ཕལ་ཆེར་བོད་རང་གིས་གས…
མཆན་གསར་ཤོས།
- ནགས་ཤོད་ནགས་ལ་ས་མཐའ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། རྩོམ་ཡིག་འདིའི་ནང་གི་རྒྱབ་རྟེན་ལུང་དང་སྒྲུབ་བྱེད་རིགས་པ་གཉིས་ལ་བལྟས་ན་ས་མཐའ་ཡོད་པའི་ཕྱོགས་ལ་ཉེ། རྩོམ་པ་པོ། : མི་ནག་མདུང་ཐུང་། on Thu 23 Aug 2018 ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ། (དཔྱད་རྩོམ།)
- དྲིས་ལན་གཟུར་གནས་དགྱེས་པའི་གཏམ་དྲིས་ལན་བཅུ་བརྒྱད་པོ་གནད་ལ་ཕིགས་པའི་དྲིས་ལན་གནང་འདུག་སྙིང་ནས་བཀའ་དྲིན་ཆེ། རྩོམ་པ་པོ། : མིང་འདིར་བྲིས། on Thu 31 May 2018 དྲིས་ལན་གཟུར་གནས་དགྱེས་པའི་གཏམ། (བརྒལ་བརྟག)
མཆན་མང་ཤོས།
-
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན།
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན། ནགས་ཤོད་ཚོ་དགུ་ནི།…
-
ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ།
དགའ་ལྡན་སྙན་བརྒྱུད་སྤྲུལ་པའི་གླེགས་བམ་ལ་བརྟེན་ནས་གསར་རྩོམ་ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ་བཞུགས་སོ།། ན་མོ་གུ་རུ་ཛཱ་ཡ་ཨིཎྜ་ཡ།…
-
དེ་རིང་།
ནགས་ཀྱི་ཤིང་ལོ་ནས། མེ་ལྟར་ཚ་བའི་ཉི་མ་དེས།།ས་གཞི་འདི་ཡང་འབར་རམ་ཅི།།བར་སྣང་ལས་ཀྱས་མེ་འོད་འཕྲོས།།རྐང་འཐུང་ཚོགས་རྣམས་ཉོབ་ཅིང་དུབ།།…
-
དྲིས་ལན་གཟུར་གནས་དགྱེས་པའི་གཏམ།
ཀླུ་སྒྲུབ་བསྟན་པ་ལྗོངས་འདིར་སྤེལ་བ་ལ།།གངས་ཅན་མཁས་པ་ཡོངས་ཀྱི་ཅོད་པཎ་ཞེས། །…
-
ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
འབྲི་རུ་སྐལ་བཟང་རྒྱལ་མཚན། སྟོན་པ་མཆོག་དང་འཕགས་བོད་པཎ་གྲུབ་སྤྱི།།མེས་དབོན་རྣམས་ལ་གུས་པས་རབ་བཏུད་ནས།།ནགས་ཤོད་ནགས་ལ་ས་མཐའ་ཡོད་མེད་ཀྱི།།དགག་སྒྲུབ་གཏམ་གྱི་སྦྱོར་བ་མདོ་ཙམ་སྤེལ།།…